ཞི་ཅིན་ཕིང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-11


        ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ཧི་ནན་ཞིང་ཆེན་གྱི་པའོ་ཨོ་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ་སྒོ་འབྱེད་གསར་གཏོད་བྱས་ཏེ་མ་འོངས་པར་གསར་སྐྲུན་ཁྲིད་སྟོན་བྱེད་དགོས་ཞེས་པའི་གསུང་བཤད་གནང་སྟེ། རྒྱལ་ཁབ་སོ་སོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་སྤོབས་པ་ཆེན་པོས་སྒྱུར་བཅོས་གསར་སྐྲུན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་མུ་མཐུད་ནས་མདུན་སྐྱོད་བྱེད་དགོས། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པར་ནམ་ཡང་གཡོ་འགུལ་མེད་པར་མུ་མཐུད་དུ་སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་གལ་ཆེན་གཏན་འཁེལ་བྱེད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་ངེས་ཡིན་ཞེས་ནན་གྱིས་བསྟན། 
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨོ་སི་ཁྲུ་ལི་ཡའི་ཙུང་ཐུང་ཧྥན་པེ་ལུན་དང་ཧྥེ་ལིས་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི། མོང་གོལ་གྱི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི། ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་སི། སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་སོགས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཚོགས་རུ་ཕེབས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། 
        ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་བཙུགས་པའི་ཚུན་ལ། ཨེ་ཤ་ཡའི་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་ཕྱོགས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་སྐབས་འདིའི་ལོ་ཚོགས་ཀྱིས་སྒོ་འབྱེད་གསར་སྐྲུན་བྱེད་པའི་ཨེ་ཤ་ཡ་དང་དར་རྒྱས་གོང་འཕེལ་གཏོང་བའི་འཛམ་གླིང་ཞེས་པ་བརྗོད་དོན་གཙོ་བོ་བྱས་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་ཕྱོགས་སོ་སོའི་རེ་སྒུག་དང་འཚམ་ཟེར། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ། ཀྲུང་གོ་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དཀའ་སྤྱད་འབད་བརྩོན་དང་སྤོབས་པ་ཆེར་བསྐྱེད་སྒོས་བྱ་བ་སྣ་ཚོགས་བསྒྲུབས་ནས། ཀྲུང་གོའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་བར་མ་ཟད། ཀྲུང་གོར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་། ལོ་བཞི་ཅུའི་རིང་ལ། ཀྲུང་གོ་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བབ་བསྟུན་མདུན་སྐྱོད་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཤིང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་པ་དང་། སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་དང་རང་ཉིད་སྒྱུར་བཅོས་བྱས་ལ། སྤོབས་པ་ཆེན་པོས་གསར་གཏོད་དང་ཚོད་ལྟ་བྱས་པ་དེ་ལས་བསམ་བློའི་ཁྲིད་སྟོན་དང་ལམ་ལུགས་འགན་སྲུང་། མི་དམངས་དུང་ཕྱུར་བཅུ་དྲུག་ལྷག་གིས་ལོ་རྒྱུས་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ཟེར། 
        ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་འབྱེད་རྒྱ་སྐྱེད་པའི་ཕྱོགས་སུ་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱོད་རྒྱུ་ཐག་བཅད་པ་ཁྱབ་སྒྲོག་བྱས། གཅིག ཚད་མཐོ་བའི་སྒོ་ནས་ཚོར་རར་ཞུགས་ཚད་ཇེ་ཆེར་གཏོང་རྒྱུ། གཉིས། སྔར་ལས་ནང་འདྲེན་བྱེད་ཤུགས་ཆེ་བའི་དངུལ་གཏོང་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ། གསུམ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ། བཞི། རང་འགུལ་སྒོས་ནང་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་བཅས་རེད། 
        ཞི་ཅིན་ཕིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་སྐྲུན་བྱེད་པའི་གྲོས་འགོ་དེ་ཀྲུང་གོས་བཏོན་པ་ཡིན་ནའང་གོ་སྐབས་དང་གྲུབ་འབྲས་དེ་འཛམ་གླིང་ལ་གཏོགས་པ་ཡིན། ཕྱོགས་སོ་སོས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་དཔལ་འབྱོར་འཛམ་གླིང་ཅན་གྱི་རླབས་རྒྱུན་དང་བསྟུན་པའི་ཆེས་རྒྱ་ཆེ་བའི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་ཞིག་ཏུ་ཅིས་ཀྱང་འགྱུར་ཐུབ་ངེས་ཡིན། ང་ཚོས་སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་སྤོབས་པ་ཆེན་པོས་སྒྱུར་བཅོས་གསར་སྐྲུན་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར། 
        ལོ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་། པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་ཚོགས་འདུར་ཞུགས་པའི་ཕྱི་ཕྱོགས་ཀྱི་འགོ་གཙོ་དང་ཁེ་ལས་པའི་འཐུས་མིས་ཀྱང་ཤིས་ཚིག་ཕུལ། མཛད་སྒོའི་རྗེས་སུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་ཚོགས་འདུ་བསྡུས། 
        པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་དེ་ཟླ་བཞི་བའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཚོགས་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་སྒོ་འབྱེད་གསར་སྐྲུན་བྱེད་པའི་ཨེ་ཤ་ཡ་དང་དར་རྒྱས་གོང་འཕེལ་གཏོང་བའི་འཛམ་གླིང་ཞེས་པ་དེ་ཡིན། ཐེངས་འདིའི་ལོ་ཚོགས་ལ་རྒྱལ་ཁབ་དང་ས་གནས་གང་མང་ནས་ཡོང་བའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི་སྟོང་གཉིས་ལྷག་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1