༄༅།། གཉིད་མི་ཁུག་པའི་ནད་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན། སྤེལ་དུས། 04-13


        སྤྱིར་བཏང་མི་ཞིག་གི་མི་ཚེ་ཧྲིལ་པོའི་ཕྱེད་ཀ་ནི་ལས་ཀའི་དུས་དང་ཕྱེད་ཀ་ནི་གཉིད་ཀྱི་དུས་ཡིན་ལ།གཉིད་མ་ཁུག་པའམ་གཉིད་ཡེར་བའི་ནད་བྱུང་ཚེ་ལུས་དང་སེམས་ཁམས་གཉིས་ལ་གདུང་བའི་ནད་དུ་མ་བྱུང་ཞིང་།དུས་ལྟར་གསོ་བཅོས་མ་བྱས་པར་འགོར་འགྱངས་བྱུང་ཚེ་སྙིང་རླུང་གི་ནད་དང་སྲོག་རླུང་གི་ནད།མཐར་སྨྱོ་བྱེད་ཀྱི་ནད་དུ་མར་འགྱུར་ཉེན་ཆེ་བས།མི་སུ་ཞིག་ཡིན་རུང་གཉིད་མི་ཁུག་པའི་ནད་རྟགས་བྱུང་ཚེ་དུས་ལྟར་སྨན་པར་བསྟེན་ནས་གསོ་བཅོས་བྱེད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བར་འདོད།གཤམ་དུ་གཉིད་མི་ཁུག་པའི་ནད་རགས་ཙམ་གླེང་བ་ལ།

        གཉིད་མི་ཁུག་པ་ནི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ཉིན་མཚན་གཉིས་ཀར་གཉིད་མིད་པའམ་ཁུག་དཀའ་བར་གྱུར་ཏེ་ལུས་དང་སེམས་ཁམས་གཉིས་ལ་གནོད་པ་ཆེན་པོ་ཐེབས་པའི་ནད་རིགས་ཤིག་ཡིན་ལ།སྐོམ་བཅུད་མིད་པ་ཡང་བ་དང་ཇ་རྒོད་ལྟ་བུའི་རྩུབ་པའི་སྐོམ་བསྟེན་དྲགས་པ།ཀློག་འདོན་སོགས་མང་དྲགས་པ།གཉིད་བཀག་པ་དང་སེམས་ལས་ཆེ་བ།སེམས་ཁམས་ལ་ཕོག་ཐུག་བྱུང་བ།ཟུངས་ཟད་པ་སོགས་ཀྱིས་སློང་བ་ཡིན།
        ནད་རྟགས་སུ་གཡལ་མང་བ་དང་ཡན་ལག་རྐྱོང་བ།ལུས་སྙོམ་པ།སྙིང་མི་བདེ་བ་དང་མགོ་བོ་ལྕི་བ།རྣ་བ་འུར་བ།མིག་འགྲིབ་པ།ཁ་ཟས་མི་འཇུ་བ་སོགས་འབྱུང་།གཞོགས་འདེགས་བརྟག་དཔྱད་ལས། སྙིང་རིས་དངEEGའཕྲུལ་ཆས་བཀོལ་ཏེ་ཀླད་པའི་དབང་རྩའི་ནུས་འགྱུར་ལ་བརྟག་དཔྱད་བྱེད་དགོས།
        གཉིད་ཡེར་བ་ལ་ཚ་ཡེར་རླུང་ཡེར་རྣམ་པ་གཉིས་ཡོད་ལ།རླུང་གིས་མི་ཁུག་པར་མར་དང་ཞོ།བུ་རམ།ཆང་།ཤ་ཁུ་སོགས་བསྟེན།སྤྱོད་ལམ་དུ་ཡིད་འོང་གྲོགས་དང་མུན་ཁུང་དྲོ་བའི་གནས་སུ་འདུག་དགོས།ཚ་བས་མི་ཁུག་པར་མར་གསར་དང་དར་བ། བསིལ་སར་སྡོད་པ་བཅས་བྱ་དགོས།སྨན་གྱི་བཅོས་ཐབས་ནི་སྨན་པའི་ངག་བཞིན་རླུང་ཡེར་ལ་ཧོར་མི་དང་རྫ་མའི་འཕྲུལ་འཁོར། འཇམ་རྩི། དབྱུག་བཅོས་སོགས་རིམ་བཞིན་བསྟེན་རྒྱུ།ཚ་ཡེར་ལ་ཐོག་མར་གླ་རྩི་མར་དཀར་བསྲེས་ནས་བྲང་རྒྱབ་གནས་སུ་བྱུག་མཉེ་བྱ།བླ་གཉན་གྱི་ནད་དང་བསྡོངས་ན་ནད་བབ་དང་བསྟུན་ནས་གཏར་ག་གདབ། མཐར་མི་བཙས་ནད་རྗེས་གཅོད་བྱ་དགོས།
        གཉིད་མི་ཁུག་པའི་ནད་འདི་ལ་རྐྱང་བ་དང་ལྡན་པ།འདུས་པ་སོགས་ཀྱི་ན་ལུགས་སྣང་ཚུལ་དུ་མ་ཡོད་པས་དུས་ལྟར་གསོ་བཅོས་མ་བྱས་པར་འགྱངས་ན་སྲོག་རླུང་དང་སྙིང་རླུང་།སྙིང་འཕྱོས།ཡང་ན་སྨྱོ་བྱེད་ཀྱི་ནད་ཀྱང་འབྱུང་སྲིད་པས་རང་རང་གི་ནད་བབ་ལྟར་གསོ་བཅོས་བྱ་རྒྱུ་གལ་ཆེའོ།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1