སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-18



        ཟླ་4ཚེས་14ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སོག་ཡིག་ཚན་ཁག་དང་། ཀྲུང་གོའི་སོག་རིགས་ལོ་རྒྱུས་རིག་ཚོགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་། ལེའོ་ཉིང་ཞིང་ཆེན་ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཨུ་ཡོན་ལྷན་ཁང་། ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་ཀྱིས་གཙོ་སྒྲུབ་གནང་བའི་སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་འཚོགས་པ་དང་། བོད་ཀྱི་མཁས་དབང་དང་སོག་པོའི་མཁས་དབང་མང་པོ་ཚོགས་འདུར་ཕེབས་ནས་རིག་གཞུང་བགྲོ་གླེང་ལྷུག་པོར་གནང་བ་རེད།

 ཚོགས་ཞུགས་མི་སྣའི་མཉམ་པར།


ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་བྱམས་པ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། 
        བགྲོ་གླེང་ཚོགས་འདུ་ནི་ལས་རིམ་བཞི་རུ་དབྱེ་ཡོད་དེ། ཚོགས་ཞུགས་མཁས་དབང་ཚོ་ངོ་སྤྲོད་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྨོན་ཚིག་ཕུལ་བའི་རིམ་པ་དང་པོ། ཚོགས་བགོས་ངང་སྐུ་ཞབས་ཧེའེ་ཁྲོན་ཧྲིན་གྱིས་ཉར་ཚགས་བྱས་པའི་གནའ་དཔེ་དང་འབྲེལ་བའི་ཞིབ་འཇུག་འབྲས་བུ་སྐོར་གྱི་གཏམ་བཤད་སྤེལ་བའི་རིམ་པ་གཉིས་པ། ཚོགས་ར་ནས་འཁྲུག་ཆ་དོད་པའི་བགྲོ་གླེང་གནང་བའི་རིམ་པ་གསུམ་པ། མཇུག་སྒྲིལ་བའི་མཛད་སྒོ་བཅས་ཡོད་པ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇིགས་མེད་བསམ་འགྲུབ་ལགས་ཀྱི་གཏམ་བཤད་གནང་བཞིན་པ། 


ཚོགས་ར་ཡུལ་དངོས། 
        སྐུ་ཞབས་ཧེའེ་ཁྲོན་ཧྲིན་ནི་སོག་རིགས་ཡིན་ལ། ཁོང་ནི་མི་རིགས་ཀྱི་ཆོས་ལུགས་རིག་དངོས་དང་ཡིག་ཚགས་ཉར་ཚགས་མཁན་གྲགས་ཅན་དང་། གཟིགས་དཔྱད་པ། མི་རིགས་རིག་གནས་ཀྱི་མཁས་དབང་བཅས་ཡིན་པ་རེད། ཁོང་གིས་ལོ་མང་རིང་རྒྱུ་ནོར་དང་དུས་ཚོད་མང་པོ་སྤྱད་དེ་མི་རིགས་ཁག་གི་གནའ་དཔེ་5000ལྷག་ཉར་ཚགས་བྱས་ཡོད་ལ། དེ་རུ་སོག་ཡིག་གི་གནའ་དཔེ་ཡིག་ཆ་ཁག་1000ལྷག་དང་། བོད་ཡིག་གི་གནའ་དཔེ་ཁག་4000ལ་ཉེ་བ་ཙམ་ཡོད་པར་མ་ཟད། ད་དུང་རྒྱ་ཡིག་དང་མན་ཇིའི་ཡི་གེ མི་རིགས་གཞན་གྱི་གནའ་དཔེ་ཁག་100ལྷག་ཙམ་འདུས་ཡོད་ཅིང་། ཉར་ཚགས་བྱས་པའི་གནའ་དཔེ་དག་ནི་སྐད་བརྡ་དང་རྩོམ་རིག ལོ་རྒྱུས། ཆོས་ལུགས། དམངས་སྲོལ། སོག་པོའི་གསོ་རིག་དང་བོད་ཀྱི་གསོ་རིག་སོགས་ཀྱི་སྐོར་ནས་ཡིན་ལ། མང་ཤོས་ནི་མཐོང་དཀོན་པའི་གནའ་དཔེ་རིགས་ཡིན་པ་རེད།

ཚོགས་ར་ཡུལ་དངོས། 


ཚོགས་འདུར་ཕེབས་པའི་སོག་རིགས་ཀྱི་མཁས་དབང་ཚོ། 
        མིག་སྔར། སྐུ་ཞབས་ཧེའེ་ཁྲོན་ཧྲིན་གྱིས་ཉར་ཚགས་བྱས་པའི་གནའ་དཔེ་མང་ཤོས་ནི་ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཁང་སྟེ་ལེའོ་ཉིང་ཞིང་ཆེན་ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་མི་རིགས་རིག་གནས་རྟེན་རྫས་ཁང་དུ་བཞག་ཡོད་ལ། ཁོང་གིས་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ་ཁག་ལ་རིག་དངོས་དང་ཡིག་ཆ་2000ལྷག་ཙམ་དཔེ་སྦྱིན་གནང་ཡོད་པ་རེད།

སྐུ་ཞབས་ཧེའེ་ཁྲོན་ཧྲིན་དང་སོག་རིགས་ཀྱི་མཁས་དབང་ཚོ། 
        ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཐོག་ཏུ་སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་བོད་ཡིག་གནའ་དཔེ་དང་སོག་ཡིག་གནའ་དཔེ་མང་པོ་ཞིག་ཚོགས་འདུ་ཐོག་འགྲེམས་སྟོན་བྱས་ཡོད་པས། འདི་ནི་ཚོགས་ཞུགས་མི་སྣ་ཚོས་ཚོགས་འདུའི་བར་སྐབས་ཀྱི་ངལ་གསོ་དུས་དང་བསྟུན་ནས་བོད་ཡིག་གནའ་དཔེ་ལ་གཟིགས་ཞིབ་གནང་བཞིན་ཡོད་པ་རེད། 


 བོད་ཡིག་གནའ་དཔེ་ལ་གཟིགས་བཞིན་པ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1