༄༅།། ནི་ཡིག་གི་སྐོར་རགས་ཙམ་དཔྱད་པ།

གོ་ཤུལ་གྲགས་པ་འབྱུང་གནས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-18


 གོ་ཤུལ་གྲགས་པ་འབྱུང་གནས།
[ནང་དོན་གནད་བསྡུས།] ནི་ཡིག་གི་འབྱུང་ཁུངས་དང་འཇུག་ཡུལ་གཙོབོར་བཟུང་ནས་བྲིས་པ་ཡིན། དེ་ལས་འཇུག་ཡུལ་ལ་ཡང་བརྡ་སྤྲོད་རྩ་ཚིག་གིས་ཟིན་པ་དང་།  སྔོན་བྱོན་མཁས་པས་ཁ་སྐོང་མཛད་པའི་སྐོར།  ཁོ་བོས་ཁ་སྐོང་བྱས་པའི་སྐོར་རྣམས་ས་བཅད་ཀྱིས་གུང་བསྒྲིགས་ནས་གསལ་ཁ་ཅན་ཞིག་བྲིས་ཡོད།
[གནད་འགག་མིང་བརྡ།] ནི་ཡིག  འཇུག་ཡུལ། ཁ་སྐོང་།        
གླེང་གཞི།
            དེ་ཡང་ནི་ཡིག་ཅེས་པ་ནི་《སུམ་ཅུ་པ་》ལས་བྱུང་བའི་ཕྲད་རང་དབང་ཅན་ནི་སྒྲ་ཞེས་པ་དེ་ཡིན་ཞིང་། དེ་ལ་གུག་གུ་སྔ་ལོག་ཅན་ནི་དང་།  གུག་གུ་ཕྱི་ལོག་ཅན་ནྀ་གཉིས་ཡོད་གཤིས། ས་སྐྱའི་བླ་མ་བསོད་ནམས་རྩེ་མོས་མཛད་པའི་《བྱིས་པ་བདེ་བླག་ཏུ་འཇུག་པ་》ལས།“སེང་གེ་ལྟ་བུའི་ཨ་ཞེས་བྱ། །ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར། །ཡན་ལག་གི་ནི་ཨ་ཞེས་མ །སེང་གེ་འདྲ་དང་བརྒྱ་བྱིན་མིག །གླང་སྣ་འོད་མ་འགྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན།།སྟོང་ཆེན་ཡི་གེ་ལྔ་ཡིན་ནོ།།”ཞེས་གསུངས་པའི་ནང་དོན་ལས།“བརྒྱ་བྱིན་མིག་”ཅེས་པས་གུག་གུ་སྔ་ལོག་ཅན་དང་གུག་གུ་ཕྱི་ལོག་ཅན་གཉིས་མཚོན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན།  ལྷའི་དབང་པོ་བརྒྱ་བྱིན་ལ་སྤྱན་གཉིས་ཡོད་པའི་སྟབས་ཀྱིས་དེའི་གཟུགས་དབྱིབས་རྣམ་གསལ་དཔེའི་ལམ་ནས་བསྟན་པ་ཡིན་ནོ།།

དང་པོ།  ནི་ཡིག་གི་འབྱུང་ཁུངས།
            ཐོན་མི་སེ་སྙ་ཊས་མཛད་པའི་《སུམ་ཅུ་པ་》ཡི་རྩ་བའི་གཞུང་ལས། “གང་མིང་མཐའ་དང་མཐུན་པ་ཡི།།བཞི་པ་ལ་ནི་ཨི་སྦྱར་བ།།”ཞེས་གསུངས། དེའི་ནང་དོན་ནི་བརྗོད་པ་འདོད་པའི་བྱ་དངོས་གང་ཡང་རུང་བ་ཞིག་གཞི་བཟུང་སྟེ། ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག  ཚིག་དུ་མ་འདུས་པ་ལས་དོན་སྟོན་པའི་མཇུག་མཐའ་ལ་ཕན་འདོགས་པའི་ཚུལ་དུ་མཐུན་པ་སྤུན་གྲོགས་ཀྱི་ཕྲད་སྦྱོར་དུ་རུང་བ་དང་། རྗེས་འཇུག་གི་ཡི་གེ་བཅུ་ལས་བཞི་པ་ན་ཡིག་ལ་དབྱངས་ཡིག་བཞི་ལས་དང་པོ་གུག་གུ་སྦྱར་བས་ནི་ཞེས་གྲུབ་ཅིང་།  དེ་ཉིད་ཡོངས་སུ་གྲགས་པའི་ཕྲད་རང་དབང་ཅན་གྱི་ནི་སྒྲ་ཞེས་པ་དེ་ཡིན་ནོ།།

གཉིས་པ། ནི་ཡིག་གི་འཇུག་ཡུལ།
            གཅིག 《སུམ་ཅུ་པ》ཡི་རྩ་བའི་གཞུང་དོན།   
            དེ་ཡང་“དགར་དང་བརྣན་པའི་ཚིག་ཏུ་འགྱུམ། །”ཞེས་གསུངས།  དེའི་ནང་དོན་ནི་ལོགས་སུ་དགར་བ་སྟེ། མཆོག་ཏུ་དགར་པ་དང་།  དམན་པའི་དགར་པ།  ཐ་དད་ཙམ་དུ་དགར་པ། རིགས་མཐུན་པའི་དགར་པ། རིགས་མི་མཐུན་པའི་དགར་པ་བཅས་དང་། དེ་དག་གི་དཔེར་བརྗོད་ནི་རིམ་བཞིན་འདི་ལྟར་ཏེ། “མཆོག་དགར་ལ།  བསམ་འཕེལ་དབང་རྒྱལ་ནི་ནོར་བུ་རྣམས་ཀྱི་མཆོག་གོ་ཞེས་དང་། དམན་དགར་ལ། རྟ་དང་བོང་བུ་གཉིས་ལས་ནི་བོང་བུ་དམན་ནོ་ཞེས་དང་། ཐ་དད་ཙམ་དུ་དགར་ལ།  བུམ་པ་ནི་ཀ་བ་ལས་གཞན་ཞེས་དང་། རིགས་མཐུན་དགར་བ་ལ། རྟ་མཆོག་ནི་རྟ་གཞན་ལས་འགྲོས་མགྱོགས་སོ་ཞེས་དང་། རིགས་མི་མཐུན་དགར་པ་ལ། རྟ་ནི་བ་ལང་ལས་འགྲོས་མགྱོགས།”① ཞེས་པ་ལྟ་བུའོ།  བརྣན་པའི་སྒྲ་སྟེ།  གཏན་འབེབས་ངེས་བཟུང་ངམ་དམིགས་འཛུགས་དང་།   ནན་ཏན་ཆེད་བཟུང་ངམ་གལ་འཛུགས་སོགས་ལ་འཇུག་པ་ཡིན་ཏེ།《གསེར་ཏོག་སུམ་རྟགས་》ལས།“བརྣན་པའི་དཔེར་བརྗོད་ནི། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་ཡིན།”②ཞེས་དང་།  ཡང་དབྱངས་ཅན་ངག་དབང་གིས་མཛད་པའི་《སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས་》ལས་“དགར་དང་བསྣན་པའི་ཚིག་ཏུ་འགྱུར།།”③ཞེས་གསུངས།  དེའི་ནང་དོན་ནི་《སུམ་ཅུ་པ་》ཡི་རྩ་བའི་གཞུང་གི་བརྣན་དང་བསྣན་གཉིས་བརྗེས་པའི་ཚུལ་དུ་སོང་ཡང་རྣམ་པའི་ཆ་ནས་བཤད་ན་ར་མགོ་དང་ས་མགོ་གཉིས་བརྗེས་པ་ཙམ་དང་། དོན་གྱི་ཆ་ནས་བལྟས་ན་དབྱེབ་ཆེར་མ་མཆིས་སྙམ།   དཔེར་ན།《སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས་》ལས།“བསྣན་པ་ནི། ཆོས་སྒོར་ནི་ཞུགས། སྡོམ་པ་ནི་བླངས། ཉེས་པ་ནི་མ་གོས། ཞེས་དང་། དཔུང་ནི་ཧྲག གོ་ཆ་ནི་འཛོམས། དཔལ་རྩལ་ནི་ཆེ་ཞེས་པ་ལྟ་བུ།”ཞེས་དང་། མིང་གང་གི་ནི་བར་མཐའ་ན།  བཞི་པ་ཉིད་ལ་ཨི་སྦྱར་བ།  དགར་བསྣན་གཉིས་དང་ཚིག་སྐོང་ཡིན།”ཞེས་གསུངས་སོ།།
            གཉིས། སྔོན་བྱོན་མཁས་པས་ཁ་སྐོང་གི་སྐོར།    
            དེ་ཡང་སྔོན་བྱོནེ་མཁས་པས་《སུམ་ཅུ་པ》ཡི་རྩ་བའི་གཞུང་ལས་བྱུང་བའི་དགར་བ་དང་བརྣན་པ་གཉིས་ལས་འདས་པའི་ནི་སྒྲ་འཇུག་ཡུལ་མང་པོ་ཞིག་དངོས་ཡོད་འཚོ་བའི་ཁྲོད་ནས་བྱུང་པ་རྣམས་ཕྱོགས་བསྡོམས་མཛད་ཅིང་མཁས་པ་སོ་སོས་མཛད་པའི་སུམ་རྟགས་མཆན་འགྲེལ་གྱི་གསུང་རྩོམ་ནང་དུ་གསལ་པས་རྒྱས་སྤྲོས་མ་བྱས། འདི་ནས་དཔེ་མཚོན་ཙམ་དུ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བཞེད་དགོངས་ལྟར་བཀོད་ན་འདི་ལྟར་ཏེ།
1.ངེས་བཟུང་ལ་འཇུག་པ།  
            དེ་ཡང་ངེས་པར་བཟུང་བ་ལ་འཇུག་པ་ནི་བརྗོད་དོན་གང་ཡིན་དེ་ཉིད་ངེས་གཏན་རྙེད་པར་བྱེད་པ་ཞིག་ཡིན་ཏེ།  དཔེར་ན། 《ངོ་མཚར་འཕྲུལ་གྱི་ལྡེ་མིག་》ལས། “ཚུལ་ཁྲིམས་ནི་སྲོག་དང་བསྡོས་ཏེ་བསྲུང་བར་བགྱིའོ།”ཞེས་པ་ལྟ་བུའོ།།
2.ཚིགས་བཅད་ཁ་སྐོང་ལ་འཇུག་པ།
            དེ་ཡང་བརྗོད་བྱའི་དོན་གཞན་ལོགས་སུ་སྟོན་རྒྱུ་མེད་པ་དང་ཚིག་རྐང་དོ་མཉམ་པའི་ཆེད་དུ་ཚེག་བར་གྱི་ས་ཁོངས་ཙམ་ཞིག་འཛིན་པའི་ནུས་པ་དང་ལྡན་པས་ཁ་སྐོང་ཁོ་ནའི་དོན་དུ་འཇུག་པ་ལ་གོ་དགོས་ཏེ། དཔེར་ན། “བྲན་གྱི་ནྀ་སྐལ་པོག་པ། །གུ་གེ་ནྀ་རྐང་པྲན་ཞིག །འཁོལ་དུ་ནྀ་མ་ཐོ་འམ།།གུ་གེ་ནྀ་བདྲིས་ཤིང་སྡང་།།” ① ཞེས་དང་། ཚིག་རྐང་གཅིག་གི་ནང་དུ་མཐེང་འགྲོས་ཀྱི་ཚུལ་དུ་གནས་པ་ནི་“གནམ་གྱྀ་ནྀདབུས།།ས་འྀ་ནྀ་དཀྱིལ།།གླིང་གི་ནི་སྙིང་པོ།།གངས་ཀྱི་ནྀ་ར་བ།།ཆུ་བོ་ཀུན་གྱི་ནི་མགོ་གོ།།”ཞེས་པ་ལྟ་བུའོ། བྱེ་བྲག་ཏུ་འཆད་ན། ཡང་དག་པའི་ཚིགས་བཅད་ཀྱི་ཁ་སྐོང་ནི་ཕྲད་ཉིས་བརྩེགས་ཅན་ཡིན་ཏེ། དཔེར་ན། གོང་གསལ་གྱི་“དལདུ་ནི་མཆིས། ཡུལ་གྱི་ནྀ་སྐལ་པོག་པ། ཤ་དང་ནྀ་རྐྱང་མཆིས་སྟེ། འཚོ་རུ་ནྀ་མ་ཐོ་འམ།།”ཞེས་པ་སོགས་ལས།“དུ་ནི་དང་། གྱི་ནྀ། ཀྱི་ནྀ། གི་ནི། དང་ནྀ། རུ་ནྀ། འྀ་ནྀ་”ཞེས་པས་མཚོན་ནོ། ། 
3.ཚིག་ཐུན་གསལ་བྱེད་ལ་འཇུག་པ།  
            དེ་ཡང་ཚིག་རྒྱན་གསལ་བྱེད་ཅེས་པ་ནི་ཁྱད་གཞི་གང་ཡང་རུང་བ་ཞིག་ལ་དེ་དང་མཐུན་པའི་ཁྱད་ཆོས་ཀྱི་རྒྱན་གྱིས་བརྒྱན་པ་ཞིག་ཡིན་ཏེ། དཔེར་ན།  “ལྟ་བས་ཆོག་མི་ཤེས་པའི་སྐུ་ནི་མཛེས། བཞི་ལྷག་དྲུག་ཅུའི་དབྱངས་ལྡན་གྱི་གསུང་ནི་སྙན། མཁྱེན་བརྩེ་ནུས་ལྡན་ཐུགས་ནི་གསལ།”①ཞེས་པ་ལྟ་བུའོ། བཙན་པོ་རྗེ་འབངས་ཀྱི་《མགུར་》ལས། “ལ་བོང་ནི་རྗེ་དང་སྐོལ། ཇེ་ཉེ་ནྀ་ཇེ་ཉེ་ཕོ། ལྷ་ཉེ་ནི་གུང་དང་ཉེ། །ཇེ་བརྟན་ནྀ་ཇེ་བརྟན་ན། །ཤམ་པོ་ནི་གཉན་ལ་བརྟན། །......”ཞེས་དང་།  ཡང་། བཙན་མ་སད་མར་ཀར་གྱི་《མགུར་》ལས།‘རིང་གི་ནྀ་གོད་ལན་དང་།།ས་འྀ་ནྀ་ཤེལ་མྱྀག་གཉིས།།ག་མྱྀ་ནྀ་གྱྀ་གྀ་ལྟ།།ཇེ་ཉེ་ནྀ་ཇེ་ཉེ་ན།།ཡར་པ་ནྀ་དགུང་དང་ཉེ། །དགུང་སྐར་ནྀ་སི་ལྀ་ལྀ། །ཇེ་ཉེ་ནྀ་ཇེ་ཉེ་ན། །གླ་སྐར་ནྀ་བྲག་དང་ཉེ། །བྲག་དཀར་ནྀ་སི་ལྀ་ལྀ། །སྔུར་བ་ནྀ་ཆབ་དང་ཉེ། ཁྱུར་སྲམ་ནྀ་པྱོ་ལ་ལའ།།ཉེན་ཀར་ནྀ་དོག་དང་ཉེ།།འབྲས་དྲུག་ནྀ་སི་ལྀ་ལི།།མལ་ཏྲོ་ནྀ་ཀླུམ་དང་ཉེ། །སྐྱི་བསེར་ནྀ་སྤུ་རུ་རུ།།ཇེ་ཉེ་ནྀ་ཇེ་ཉེ་ན།།ར་ཉེ་ནྀ་ཤུག་པ་ཐུ །......” ཞེས་དང་། ཁྲི་འདུས་སྲོང་གི་《མགུར་》ལས།“མ་མཐོ་ནྀ་མ་དམའ་སྟེ།།ཁྲ་འྀ་ནྀ་གཟན་དུ་གྱུརད། །...གང་ཆེ་ནྀ་གང་ཆུང་བ།། འགྲེང་བརྒྱའ་ནྀ་ཀུན་ཀྱང་འཚལ། །......”ཞེས་དང་།  དེ་ཉིད་ལས། ‘གང་རྀང་ནྀ་གང་ཐུང་བ། །ཐང་ལྷ་ནྀ་ཡ་བཞུར་མཁྱེན། །......”ཞེས་དང་།  དེ་ཉིད་ལས། “གང་འཕན་ནྀ་གག་རགས་པ། །གཉི་ཟླ་ནྀ་ཡ་བིས་གཟིགས།།......”ཞེས་སོ།།
            གོང་གསལ་གྱི་དཔེར་བརྗོད་རྣམས་ལས་“ཉེ་དང་ཉེ།  བརྟན་དང་བརྟན།  སི་ལྀ་ལྀ།  པྱོ་ལ་ལའ། སྤུ་རུ་རུ། མཐོ་དང་དམའ། ཆེ་དང་ཆུང་། རིང་དང་ཐུང་། འཕན་དང་རགས་”སོགས་ནི་ཁྱད་ཆོས་བརྗོད་པའམ་རྒྱན་ཚིག་ཤ་སྟག་ཡིན་ཞིང་།   དེའི་བར་དུ་ནི་ཡིག་བྱུང་ཚེ་སྨོས་མེད་ཀྱི་ཚིག་རྒྱན་གསལ་བྱེད་ཀྱི་ཕྲད་ཡིན་པར་ང་ཚོས་ལས་སླ་བོས་རྟོགས་ཐུབ་པ་རེད།  
4. གོ་རིམ་བཟློག་པ་ལ་འཇུག་པ།  
            དེ་ཡང་མིང་གོང་འོག་གཉིས་ནི་ལྡོག་ཟླའི་ཚུལ་དུབཀོད་ཅིང་།   དེའི་བར་དུ་ནི་ཡིག་གི་ཕྲད་བཅུག་པ་དང་།  ཚིག་གི་འཇོག་མཚམས་སུ་དགག་སྒྲ་མིན་དང་། ངེས་ཚིག་ཡིན་གཉིས་སྔོན་རྗེས་རེས་བསྐོར་ནས་བཀོད་པའི་རྣམ་པ་ཞིག་ཡིན་ཏེ།   དཔེར་ན། “བཏང་སྙོམས་ནི་བདེ་སྡུག་མིན། བདེ་སྡུག་མིན་ནི་བཏང་སྙོམས་ཡིན།”② ཞེས་པ་ལྟ་བུའོ།།  
5.གཏན་ཚིགས་འདྲེན་པ་ལ་འཇུག་པ།  
            དེ་ཡང་རྒྱུ་མཚན་སྟོན་པ་ཞིག་ཡིན་ཏེ།    དཔེར་ན།  “ཟག་བཅས་ཀྱི་ཕུང་པོ་འཇིག་པ་ནི། འདུས་བྱས་ཡིན་པའི་ཕྱོར་རོ།”ཞེས་པ་ལྟ་བུའོ།།
6.ངེས་ཚིག་འདྲེན་པ་ལ་འཇུག་པ།
            དེ་ཡང་དོན་གལ་བོ་ཆེ་ཞིག་དམིགས་སུ་འཛིན་པ་ཡིན་ཏེ། དཔེར་ན། “དགེ་ཚུལ་སློང་རྣམས་ཀྱི་གསོ་སྦྱོང་ནི། དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའོ།”ཞེས་པ་ལྟ་བུའོ།།
7.དབྱེ་བ་འདྲེན་པ་ལ་འཇུག་པ། 
            དེ་ཡང་རྣམ་གྲངས་བརྗོད་པ་ཞིག་ཡིན་ཏེ། དཔེར་ན།“སྒྲིབ་པ་གཉིས་ནི། ཉོན་སྒྲིབ་དང་ཤེས་སྒྲིབ་བོ”ཞེས་པ་ལྟ་བུའོ།།  
8.རྒྱས་བཤད་འདྲེན་པ་ལ་འཇུག་པ།  
            དེ་ཡང་གྲངས་འདྲེན་ཆེན་པོ་བརྗོད་པ་ཞིག་ཡིན་ཏེ། དཔེར་ན།“དགེ་སློང་གི་བསླབ་བྱའི་སྡོམ་ལྟུང་སྡེ་ལྔ་ནི། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་རྒྱས་པར་ཤེས་དགོས་གོ”①ཞེས་པ་ལྟ་བུའོ།།  
9.རྒྱན་སྡུག་ལ་འཇུག་པ།
            དེ་ཡང་རྒྱན་སྡུད་ཀྱི་སྒྲ་ཀྱང་ཡང་འང་གསུམ་ལ་འཇུག་པའི་དོན་ཡིན་ཏེ། དཔེར་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་《རྟོགས་བརྗོད་》ལས།“དཔྱའ་སྒྱུ་ནྀ་བསྐྱུངས། སྟོན་དཔྱིད་ནྀ་བསྐྱལ། འདོད་པ་ནྀ་བྱིན། གནོད་པ་ནྀ་པྱེ...... ”②ཞེས་པ་སྟེ། དེའི་དོན་ནི་དཔྱ་ཁྲལ་ཡང་ཉུང་དུ་བཏང་། སྟོན་དཔྱིད་ཀྱང་བསྐྱལ་བར་ནུས། འདོད་པའང་སྟེར། གནོད་པའང་བསལ་ཞེས་པ་ལྟ་བུའོ།།

གསུམ། ཁོ་བོས་ཁ་སྐོང་གི་སྐོར།
            དེ་ཡང་ཁོ་བོས་ཁ་སྐོང་གི་སྐོར་ཞེས་པ་ནི་གཙོ་བོ་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དང་དབོན་ཞང་རྡོ་རིང་གཙོས་རྡོ་རིང་རྣམས་ཀྱི་ནང་དུ་ནི་ཡིག་མང་པོ་ཞིག་བེད་སྤྱོད་གཏོང་ནས་བཀོལ་སྲོལ་ཡོད་ཅིང་། དེ་དག་གི་འཇུག་ཡུལ་གཙོ་བོ་ནི་ཚིགས་བཅད་ཡིན་ལ། ཚིགས་བཅད་སོ་སོའི་ནང་གི་ནི་ཡིག་ལ་ཞིབ་ཏུ་དཔྱད་ན་སྔོན་གྱི་སུམ་ཅུ་པའི་རྩ་འགྲེལ་རྣམས་སུ་མཆིས་པའི་ལ་དོན་དང་། འབྲེལ་སྒྲ། བྱེད་སྒྲ་སོགས་ལ་འཇུག་པའི་སྐབས་ཤིག་ཡོད་ཕྱིར། དེ་ཉིད་དམིགས་སུ་བཀར་ནས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་འཆད་པར་བྱ་བ་ཡིན།  
1.ལ་དོན་ལ་འཇུག་པ།
             (1)རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།  དེ་ཡང་“བྱ་བའི་ཡུལ་ཞིག་གཞི་བཟུང་ནས།།དེ་ལ་བྱ་བ་བྱས་པ་ཞིག །གཙོ་བོར་སྟོན་པའི་རྣམ་དབྱེ་ནི། །གཉིས་པ་ལས་སུ་བྱ་བ་ཡིན། །①ཞེས་གསུངས་པར་ལྟར་བྱ་བའི་ཡུལ་དང་བྱ་བ་གཉིས་ཀྱི་བར་དུ་ལ་དོན་གྱི་ཕྲད་ཅིག་བྱུང་ན་ལས་སུ་བྱ་བ་གསལ་པོ་ཞིག་སྟོན་ཐུབ་པ་ཡིན། དཔེར་ན། རྒྱལ་པོ་སྲོང་བཙན་སྒམ་པོའི་《རྟོགས་བརྗོད་》ལས།“འཛངས་པ་ནྀ་བསྟོད།།དཔའ་བོ་ནྀ་བཀུམ།།.......”ཞེས་པ་ལྟ་བུ་སྟེ། དོན་ནི་མཛངས་པ་ལ་བསྟོད་བསྔགས་དང་། དཔའ་བོ་ནྀ་བཀུར་བསྟི་བྱེད་ཅེས་པའོ། །
            (2)ཚེ་སྐབས།    དེ་ཡང་“འདས་དང་མ་འོངས་ད་ལྟ་བའི། །བྱ་བ་བྱས་དང་བྱེད་འགྱུར་དང་།།བྱེད་པའི་དུས་ཚིགས་སྟོན་པ་ལ།།དུས་དང་ཚེ་སྐབས་ཞེས་པར་བརྗོད།།” ②ཅེས་གསུངས་པར་ལྟར་དུས་འདས་མ་འོངས་ད་ལྟ་གང་རུང་ཞིག་སྟོན་པར་ལ་དོན་གྱི་ཕྲད་ཅིག་ཚིག་རྐང་གི་བར་དུ་བཅུག་པ་ཞིག་ཡིན། དཔེར་ན། “ན་ནྀང་ནི་གཞེ་ནྀང་སྔ།།ཏྀ་སེ་ནི་གངས་དྲུང་ནས......”ཞེས་དང་།“སྔ་ན་ནྀ་འཕན་པ་ལ། །ད་ཙམ་ནྀ་སྤྱན་ཡང་ཡས། །......”ཞེས་དང་། “རྗེ་འྀས་ནི་བཀའ་སྩལ་ན།།གཞའ་མ་ནྀ་ཡུན་ཀྱི་སྲིང་།།......”ཞེས་དང་། བཙན་མོ་སད་མར་ཀར་གྱི་《མགུར་》ལས།“སང་པྱི་ནི་གནངས་སླད་ན།།སྲམ་གྱིས་ནྀ་འཚལ་ཏ་རེ།།......”ཞེས་དང་། བློན་པོ་མགར་གྱི་《མགུར་》ལས།“སང་པྱི་ནི་གནངས་སླད་ན།།ནམ་ནམ་ནྀ་ཞ་ཞ་རུ།། ......”ཞེས་དང་། ཁྲི་འདུས་སྲོང་གི་《མགུར་》ལས། “ཀྱེ་གནའྀ་ནི་ཐོག་མ་རུ། །གཞེ་འི་ནྀ་དང་པོ་ལ། །......”ཞེས་པ་ལྟ་བུའོ། ། གོང་གསལ་གྱི་ནི་ཡིག་རྣམས་ཀྱིས་ལ་དོན་གྱི་དོད་དུ་གནས་པ་ཞིག་ཡིན་ཏེ།  ནི་ཡིག་གིས་ཚེ་སྐབས་སྟོན་པ་ཞིག་ཡིན་ནོ། །
            (3)བདུན་པ་གནས་གཞི  “བརྟེན་བྱའི་ཆོས་ཤིག་རྟེན་གཞི་ལ། །གནས་པ་དང་ནི་ཡོད་པ་སོགས།།གཙོ་བོར་སྟོན་པའི་རྣམ་དབྱེ་ལ།།བདུན་པ་གནས་གཞི་ཞེས་པར་བརྗོད།”ཅེས་གསུངས་པར་ལྟར་རྟེན་གཞི་དང་བརྟེན་བྱའི་ཆོས་གཉིས་ཀྱི་བར་དུ་ལ་དོན་གྱི་ཕྲད་ཅིག་སྦྱར་ནས་རྣམ་དབྱེ་བདུན་པའི་གནས་གཞི་སྟོན་པ་ཞིག་ཡིན་ཏེ།  དཔེར་ན།“མོན་ཀ་འྀ་ནི་སྟག་ཆིག་པ།  སྟག་བཀུམ་ནི་ཟུ་ཙེས་བཀུམ།།......”ཞེས་པ་ལྟ་བུའོ།། དེའི་དོན་ནི་མོན་ཀའི་ཡུལ་ལ་སྟག་ཅིག་ཡོད་ཅེས་པའི་དོན་ནོ། །
            (4)འབྲེལ་སྒྲ་ལ་འཇུག་པ། དེ་ཡང་“ཁྱད་ཆོས་གང་དག་ཁྱད་གཞི་དང་། །ཆ་ཤས་རྣམས་ནི་ཆ་ཅན་སོགས།། གང་དང་འབྲེལ་བར་སྟོན་པའམ།།གང་གི་ཡིན་པར་སྟོན་པའོ།།”ཞེས་གསུངས་པ་ལྟར་གཙོ་བོ་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་པར་མཚོན་པ་པྱེད་པ་ཞིག་ཡིན་ཏེ།    དཔེར་ན། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་བསྒྲིགས་བྱས་པའི་《ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། “ཆབ་ཆབ་ནྀ་ཕ་རོལ་ན།།ཡར་ཆབ་ནྀ་ཕ་རོལ་ན།......”ཞེས་དང་།“རྩང་བྲང་ནྀ་ཡ་སྟོད་ཀྱི།། ཐང་པྲོམ་ནྀ་རྒོད་ལྡིང་བའ།།......”ཞེས་དང་།“ཤི་དང་ནྀ་རྐྱང་བྱེར་བའ། ཤམ་པོ་ནྀ་སྩ་ལ་བྱེར།......”ཞེས་དང་།“མ་པང་ནྀ་མཚོ་འགྲམ་ནས།།ངང་དང་ནོ་ངུར་བྱེར་བ། །......”ཞེས་དང་། “ངང་ངུར་ནྀ་ཚས་མ་ངན། །ངང་ངུར་ནྀ་ཚས་ངན་ན། །......”ཞེས་དང་།“དབུ་པྱིང་ནྀ་གྲོ་བོ་ལ།  །ཐ་མ་ནི་གཡགྀས་བསྐོརད།།......”ཞེས་དང་།“ཐང་ལ་ནྀ་རྩེ་བཆད་ཆིང་།། ཤམ་པོ་ནི་རྨེད་དུའ་བསྣན།།......”ཞེས་པ་ལྟ་བུའོ།། གོང་གི་ནི་ཡིག་རྣམས་ཀྱིས་འབྲེལ་སྒྲའི་ནུས་པ་ཐོན་པ་ཞིག་ཡིན་ཏེ། ཆབ་ཆབ་ཀྱི་ཕ་རོལ་ཞེས་དང་།  ཡར་ཆབ་ཀྱི་ཕ་རོལ་ཞེས་པའི་དོན་ཡིན་ནོ།།  
            (5)བྱེད་སྒྲ་ལ་འཇུག་པ།   དེ་ཡང་“བྱེད་པ་པོ་ཞིག་ཉེར་བཟུང་ནས། །དེ་ཡིས་བྱ་བ་བྱས་པ་ཞིག།དངོས་སམ་ཤུགས་ལ་སྟོན་པས་ན།།འབྲེལ་བའི་དོན་དང་ཁྱད་པར་ཆེ།།” ཞེས་གསུངས་པར་ལྟར་བྱེད་པ་པོ་ཞིག་གིས་བྱ་བ་ཞིག་བྱེད་པར་སྟོན་པའི་བྱེད་སྒྲའི་ཕྲད་ཅིག་བྱེད་པོ་དང་བྱ་བའི་བར་དུ་བཅུག་ནས་མཚོན་པར་བྱེད་པ་ཞིག་ཡིན་ཏེ། དཔེར་ན། 《ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས།“རྗེ་བདེན་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་དུ་དགའ།......”ཞེས་དང་།“ཡབ་འབངས་ནྀ་འཁུས།། ཡུམ་འབངས་ནྀ་ལོག།།......”ཞེས་དང་། ཁྲི་འདུས་སྲོང་གི་《མགུར་》ལས།  “བྱ་པུ་ནྀ་ལུངས་ཆུང་ན། །འབངས་ཤྀག་ནྀ་རྗེ་རུ་རེ། །མགར་བུ་ནྀ་རྗེ་རུ་རེ། །......”ཞེས་དང་།《གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་》ལས། “གཞན་ཡང་གསང་སྔགས་ལམ་བརྟེན་པའི།།མཁའ་སྤྱོད་གཤེགས་པ་ཐམས་ཅད་དང་།།དངོས་གྲུབ་ཐོབ་པ་ཐམས་ཅད་ལ།།བདག་ནི་གུས་ལ་ཕྱག་འཚལ་ལོ། །”ཞེས་པ་ལྟ་བུའོ།། གོང་གི་ནི་ཡིག་རྣམས་ཀྱིས་བྱེད་སྒྲའི་ཕྲད་ཀྱི་ནུས་པ་ཐོན་པ་ཞིག་ཡིན་ཏེ།  རྗེ་བདེན་གྱིས་བཀོལ་ན་དགའ་ཞེས་དང་། ཡབ་འབངས་ཀྱིས་འཁུས། ཡུམ་འབངས་ཀྱིས་ངོ་ལོག་ཅེས་དང་། བདག་གིས་གུས་ལ་ཕྱག་འཚལ་ལོ་ཞེས་པ་ལྟ་བུའོ།།            
མཇུག་བསྡུ་བའི་གཏམ།
            འདི་ནས་བཤད་པའི་ནི་ཡིག་ནི་སྤྱིར་བཏང་གི་སུམ་རྟགས་གཞུང་ལས་བྱུང་བའི་ནི་སྒྲ་ཞེས་པ་དེ་ཡིན་མོད།  འདི་ནས་སྐབས་སུ་བབས་པ་ནི་ཏུན་ཧོང་ཡིག་རྙིང་གི་སྐོར་དང་།  ལྷ་སའི་རྡོ་རིང་གཙོས་རྡོ་རིང་གི་སྐོར།  ལི་ཡུལ་གྱི་བྱང་བུ་སོགསས་གཞིར་བཟུང་ནས་ནི་ཡིག་གི་འཇུག་ཡུལ་ལ་དཔྱད་པརབརྒྱུད་ཅིང་།   དེ་སྔའི་བརྡ་སྤྲོད་ཀྱི་གཞུང་གི་ནང་དུམ་ཐེབས་པའི་འཇུག་ཡུལ་འགའ་ཞིག་གསར་དུ་ཁ་སྣོན་བྱས་ཡོད།   ལོ་མང་གི་སློབ་ཁྲིད་ཁྲོད་ནས་བྱུང་བའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཙམ་བྱས་པ་ཡིན་གྱི་སྔ་ན་མེད་ལྟ་བ་གསར་པ་རྐྱང་རྐྱང་མ་ཡིན་པ་ནི་སོ་སོའི་འཁུམས་པར་མཛོད་དོ།།

            ①  དམུ་དགེ་བསམ་གཏན་གྱིས་མཛད་པའི་《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》ཀྱི་ལྕགས་པར་གྱི་ཤོག་ངོས་61-60ན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1979ལོར་པར་དུ་བསྐྲུན།
            ② གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》གི་ལྕགས་པར་གྱི་ཤོག་ངོས་86ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་1957ལོར་པེ་ཅིང་དུ་པར་དུ་བསྐྲུན།
            ③ དབྱངས་ཅན་ངག་དབང་གིས་མཛད་པའི་ 《སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1989ལོར་པར་དུ་བསྐྲུན།
            ① དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་བསྒྲིགས་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་ལྕགས་པར་གྱི་ཤོག་ངོས་58ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོར་པེ་ཅིན་དུ་པར་དུ་བསྐྲུན།
            ②དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་བསྒྲིགས་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་ལྕགས་པར་གྱི་ཤོག་ངོས་68ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོར་པེ་ཅིན་དུ་པར་དུ་བསྐྲུན།
            ①  གསེར་ཏོག་བློ་བཟང་ཚུལ་ཁྲིམས་མཚོས་མཛད་པའི་ 《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》གི་ལྕགས་པར་གྱི་ཤོག་ངོས་86ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1957ལོར་པེ་ཅིན་དུ་པར་དུ་བསྐྲུན།
            ②གསེར་ཏོག་བློ་བཟང་ཚུལ་ཁྲིམས་མཚོས་མཛད་པའི་ 《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》གི་ལྕགས་པར་གྱི་ཤོག་ངོས་86ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1957ལོར་པེ་ཅིན་དུ་པར་དུ་བསྐྲུན།
            ① གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》གི་ལྕགས་པར་གྱི་ཤོག་ངོས་86ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་1957ལོར་པེ་ཅིང་དུ་པར་དུ་བསྐྲུན།
            ②དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་བསྒྲིགས་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཡི་ལྕགས་པར་གྱི་ཤོག་ངོས་60ན་གསལ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1992ལོར་པེ་ཅིན་དུ་པར་དུ་བསྐྲུན།
            ①གསུང་རབ་རྒྱ་མཚོས་མཛད་པའི་《སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་》ཀྱི་ལྕགས་པར་གྱི་ཤོག་ངོས་6ན་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1955ལོར་པར་དུ་བསྐྲུན། 
            ②གསུང་རབ་རྒྱ་མཚོས་མཛད་པའི་《སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་》ཀྱི་ལྕགས་པར་གྱི་ཤོག་ངོས་6ན་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1955ལོར་པར་དུ་བསྐྲུན།

                  རྩོམ་པ་པོ་ངོ་སྤྲོད།   
                  གོ་ཤུལ་གྲགས་པ་འབྱུང་གནས། (1955- ) སྐྱེས་ཡུལ་ཁམས་སྟོད་ཁྲི་འདུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1