ཐོན་ལས་སྣ་མང་གིས་ཡུལ་མི་ཚོའི་མ་འོངས་པའི་འདུན་པ་རྒྱང་དུ་བསྲིངས།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24



     སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་ཕུང་པོ། གངས་རི་དང་རྫ་རི། ཡངས་པའི་རྩྭ་ཐང་། མཚོ་དང་མཚེའུ། རི་སྐྱེས་མེ་ཏོག་སྣ་ཚོགས་སོགས་རི་མོ་མཁན་གྱི་པིར་རྩེ་ལས་ཐོན་ནམ་སྙམ་པའི་རི་བོ་སྐུ་བླ་ཞེས་པའི་གནས་མཆོག་ཉམས་དགའ་བ་དེ་ནི་ལྗོངས་རྒྱུ་བའི་སེམས་ཀྱི་དག་ཞིང་དུ་གྱུར་ཡོད་ལ། དུས་སྟོན་གྱི་སྐབས་སུ་ཡུལ་འདིར་ཕྱོགས་བཞིའི་ལྗོངས་རྒྱུ་བའི་འགྲོ་འོང་མཚམས་མི་ཆད།
བཀྲ་ཤིས། རི་བོ་སྐུ་བླའི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་སྲིད་དོ།
    1993ལོ་ནས་བཟུང་རི་བོ་སྐུ་བླར་ལྗོངས་རྒྱུ་བ་ཐོན་ཞིང་། སྐབས་དེ་ནས་བཟུང་ངས་ལྗོངས་རྒྱུ་བའི་ཁུར་བོ་ཁུར་གླ་བྱས་ཤིང་ཉིན་རེར་སྒོར18ལོན་གྱི་ཡོད། ལྗོངས་རྒྱུ་བའི་ཁུར་བོ་ཁུར་རོགས་བྱས་ཚུན་ནས་རི་མགོའི་ལྗོངས་སྐོར་ལ་རྒྱུས་ལོན་བྱུང་ཞེས་གངས་ཀྱི་རྩེ་མོའི་མཐོ་སྒང་རམ་འདེགས་ཚོགས་པའི་འགན་འཁུར་བ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད།
     བཙན་ལྷ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་རི་བོ་སྐུ་བླའི་ལྗོངས་སྐོར་རྣམ་གྲངས་ཉིན་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། ཕྱི་རོལ་རི་འཛེག བྲག་འཛེག རི་སྒར་སོགས་ཀྱི་རྣམ་གྲངས་གསར་དུ་དར་བས་ལྗོངས་རྒྱུ་བ་ཇེ་མང་དུ་སོང་བ་དང་། ཁུར་གླ་ཙམ་གྱིས་ལྗོངས་རྒྱུ་བའི་འདོད་པ་ཁེངས་ཐབས་བྲལ་བས། 2007ལོར་བཀྲ་ཤིས་ཀྱིས་གངས་ཀྱི་རྩེ་མོ་མཐོ་སྒང་རམ་འདེགས་ཚོགས་པ་བཙུགས།
     2008ལོའི་ཝུན་ཁྲོན་ས་འགུལ་ཆེན་མོའི་རྗེས་སུ་ཚོགས་པ་དེ་རྐྱེན་གང་མང་གི་དབང་གིས་འཐོར་དགོས་བྱུང་མོད། རི་བོ་སྐུ་བླའི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་པས་ངས་རྒྱུན་བསྐྱངས་ནས་འོང་བ་ཡིན། སྲིད་གཞུང་གི་རྒྱབ་སྐྱོར་འོག་ང་རང་ཁོ་རེ་ཡ་དང་། ཁྲེང་ཏུའུ། ལྷ་ས་སོགས་སུ་གསོ་སྦྱོང་དུ་ཕྱིན་པ་དང་། ཆག་མེད་དུ་སློབ་སྦྱོང་དང་ཉམས་མྱོང་མང་པོ་བསགས་མཐར་མཐོ་སྒང་གི་རམ་འདེགས་མཁན་དུ་གྱུར་ཞིང་། གོ་སྐབས་འདི་འདྲའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཅེས་བཀྲ་ཤིས་ཀྱི་སྐད་ཆ་འགན་འཁྲིའི་འདུ་ཤེས་དང་སྤོབས་པ་ཚོར་ཐུབ་ལ། ཁོང་གི་ཚོགས་པས་ད་རག་བར་དུ་ཕ་ཡུལ་གྱི་བྱིས་པ28ཀྱི་སློབ་ཡོན་ལ་རོགས་རམ་བྱས་ཡོད།
     ད་ལྟ་བཀྲ་ཤིས་ཀྱི་ཚོགས་པ་རི་བོ་སྐུ་བླའི་འབད་རོལ་གྱི་མཛེས་སྡུག་ལྟ་ན་སྡུག་པའི་ཁྲེང་ཕེང་སྡེ་བ་རུ་གནས་བཅས་ཤིང་། ལོ་མང་པོའི་རིང་ལ་རི་བོ་སྐུ་བླའི་རྒྱུད་དུ་ལྗོངས་རྒྱུ་བར་གངས་རི་དང་། རྫ་རི། བྲག་རིར་འཛེག་པ་སོགས་ཕྱི་རོལ་གྱི་ལྗོངས་རྒྱུར་སྣེ་ཤན་གྱི་ལས་གཉེར་གྱིན་ནོ།།
ཅིན་ཡུས། བཀའ་དྲིན་ཡིད་ལ་བཅིངས་ནས་འཚོ་བ་རོལ་དགོས།
     ས་འགུལ་གྱི་དཀའ་སྡུག་ཁྲོད་ནས་འཚར་ལོངས་བྱུང་བར་ད་དུང་ཁྲེང་ཕེང་སྡེ་བའི་ཅིན་ཡུས་ཡོད་ལ། མོ་ནི་ཡུལ་མིའི་མགྲོན་ཁང་ཞིག་གི་ཁང་བདག་ཡིན་ལ། 2007ལོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རམ་འདེགས་ཀྱིས་ཅིན་ཡུས་ཚང་གི་སྡོད་ཁང་གསར་དུ་ཕུབ་ཅིང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁང་བ་ཕུབ་ཚར་ལ་ཉེ་བའི་སྐབས་དེར་གློ་བུར་བའི་ས་འགུལ་གྱིས་ཁོང་ཚང་གི་ཁང་བ་ཞིག་རལ་དུ་བཏང་བས། ཅིན་ཡུས་ཀྱི་མ་འོངས་པའི་ཕུགས་འདུན་རྨང་ནས་བཅོམ།
     ཉེན་ཡོལ་རྒུད་སྐྱོབ་དང་གནོད་རྗེས་སླར་གསོ་སོགས་སྲིད་གཞུང་གི་རམ་འདེགས་ཀྱིས་ཅིན་ཡུས་ཚང་གི་སླར་ཡང་ཁང་བ་གསར་དུ་ཕུབ། སོ་ཕག་རེ་རེ་བཞིན་བརྩེགས་པའི་ཁང་བ་དེ་ཁོང་ཚང་གི་འཚོ་བའི་བར་སྟོང་ཙམ་ལས་བཟའ་མི་གང་བོའི་མ་འོངས་པའི་རེ་བ་ཅི་ལ་མིན།
     སྟབས་ལེགས་པའི་གོ་སྐབས་ཤིག་ལ་ཕྱི་ཡུལ་གྱི་ལྗོངས་རྒྱུ་བ་ཁྲེང་ཕེང་སྡེ་བ་རུ་ཐོན་པས། སྡོད་ཁང་མགྲོན་ཁང་དུ་བསྒྱུར་ཏེ་ཅིན་ཡུས་ཀྱི་ལྗོངས་སྐོར་གྱི་འབྲས་བཟང་མྱོང་ཐུབ་པར་གྱུར་ལ། རི་བོ་སྐུ་བླ་གྲོང་རྡལ་དུ་མགྲོན་ཁང་ཐོག་མ་བྱུང་བ་རེད། གཙང་ཞིང་གྲལ་དག་པའི་མགྲོན་ཁང་དང་། ལྷུ་ལག་སྒྲིག་ཆས་འཐུས་ཚང་བས་ལྗོངས་རྒྱུ་བ་ཟམ་མི་ཆད་པར་ཐོན་ཏེ། ཉིན་མོར་མཐོ་སྒང་གི་ཉི་མར་ལྡེ་ཞིང་མཚན་མོར་གཡའ་དག་པའི་བར་སྣང་གི་སྐར་ཚོགས་ཀྱིས་ཡིད་སེམས་དབང་མེད་དུ་དྲངས་པས། ད་ནི་མགྲོན་ཁང་གི་ཚོང་ཤིན་ཏུ་བྲིན་པར་བཤད།
     མི་འགྱང་བར་རི་བོ་སྐུ་བླ་གྲོང་རྡལ་དུ་ཁྱད་ཆོས་འཛོམས་པའི་ཡུལ་མིའི་མགྲོན་ཁང་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་དུ་ཐོན་ཞིང་། མོ་ན་རེ། ད་ལྟ་སྡེ་བ་རུ་ལྗོངས་སྐོར་དར་བས་རང་ཡུལ་ནས་སྒོར་མོ་བཙལ་ཐུབ་པར་གྱུར་བ་ནི་རང་ཅག་གི་སྔོན་བསགས་ཀྱི་བསོད་ནམས་ཡིན་པས། བཀའ་དྲིན་ཡིད་ལ་བཅིངས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཚེ། ད་གཟོད་ཏང་དང་སྲིད་གཞུང་གི་རོགས་རམ་དང་ཐུགས་ཁུར་ཚོར་ངེས་ཞེས་མོའི་རྣམ་དག་གི་སྐད་ཆ་ལས་དྲིན་དྲན་པའི་སེམས་ཚོར་དེ་ཤེས་ཐུབ།
       ལོ་ངོ་བཅུའི་རིང་གི་གནོད་རྗེས་བསྐྱར་སྐྲུན་གྱིས་ཡུལ་འདིའི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་བ་མ་ཟད། འདི་གའི་ཐོན་ལས་སྣ་རྐྱང་བ་ནས་སྣ་མང་དུ་བཏང་ཞིང་། ཡུལ་མིའི་འཚོ་བའི་སྤོབས་པ་སླར་གསོས་ཏེ་མ་འོངས་པའི་འདུན་པ་རྒྱང་དུ་བསྲིངས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1