གསེར་ཐར་རྫོང་གིས་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་འགོ་ཚུགས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-24



      ཉེ་ཆར། གསར་འགོད་པས་ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གསེར་ཐར་རྫོང་གིས2018ལོར་འབད་པ་ཆེར་སྐྱེད་ཀྱིས་རྒྱལ་ཁ་བརྩོན་ལེན་དང་། 2019ལོར་རྒྱལ་ཁ་ཕུ་ཐག་ཆོད་པ། 2020ལོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྤྱིའི་བསམ་ཕྱོགས་ལྟར། ད་ལོར་དབུལ་ཕོངས་གྲོང་སྡེ28དབུལ་ཕོངས་ཀྱི་གྲས་ལས་ཐར་བ་དང་དུད་ཚང956གི་མི་གྲངས4039དབུལ་ཐར་ཡོང་དགོས་པའི་དམིགས་ཡུལ་ལས་འགན་ལ་དམིགས་ནས། དྲིལ་བསྒྲགས་དང་ལས་གཞི། འགན་སྲུང་། ཡོང་འཕར། དངུལ་རྩ་བཅས་ཕྱོགས་ལྔའི་ཐོག་ནས་ཤུགས་བསྒྲིམ་ནས་དཔྱིད་དུས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་ཡག་པོ་སྤེལ་བ་རེད།
      དྲིལ་བསྒྲགས་ཐད་མི་སེམས་འགུགས་ཐབས་ལ་ཤུགས་བསྒྲིམས་ཡོད། མང་ཚོགས་ལ་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་གྱི་ཧུར་སེམས་དང་མ་བསྐུལ་དང་བླངས་ཀྱི་ཧུར་སེམས་ཆེ་རུ་གཏོང་བ་དང་། བརྩོན་བསྐུལ་སྲིད་ཇུས་ལྟ་རྟོག་རན་པར་བྱས་ཤིང་རང་སྟོབས་ཀྱི་ནུས་པ་གང་ལེགས་བཏོན་ནས་སྣེ་ཁྲིད་པ་དང་འཇོན་ཐང་ཅན། བསམ་ཤེས་ཅན་གསོ་སྐྱོང་གང་ལེགས་བྱས་པ་དང་། ཞིང་པའི་མཚན་མོའི་སློབ་གྲྭའི་ནུས་པ་བེད་སྤྱོད་གང་ལེགས་བྱས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་ཐེངས120བྱས་ཡོད་པས་ཞིང་འབྲོག་མང་ཚོགས་མིའི་ཐེངས་གྲངས་ཁྲི1.2 ལྷག་ལ་ཁྱབ་ཡོད་ཅིང་། ད་དུང་དྲིལ་བསྒྲགས་ལག་དེབ་ཆུང་ཆུང་ཁྲི1.64བཀྲམ་ཡོད་པས་མ་ཚད་ཏང་གི་བཀའ་དྲིན་དྲན་པ་དང་མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་སྲུང་བ། འབྱོར་འབྲིང་བསྐྲུན་པ་བཅས་ཀྱི་མང་ཚོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས17སྤེལ་ནས་མང་ཚོགས་དང་གྲྭ་བཙུན། སློབ་མ་སོགས་མིའི་ཐེངས་གྲངས་ཁྲི1.34ལ་ཁྱབ་པར་བྱས་ཡོད།
      ལས་གཞིའི་ཐད་གནས་བབ་དང་བསྟུན་ནས་ཤུགས་བསྒྲིམས་ཡོད། ལོ་འགོར་ཞིང་ཆེན་དང་ཁུལ་གྱི་ཆེད་དོན་སྣེ་ཁྲིད་སྡེ་ཁག22ལ་ལས་གཞིའི་མཐུད་འབྲེལ་ཐེངས་གཉིས་བྱས་ནས་ད་ལོའི་དབུལ་སྐྱོར་ལས་གཞིའི་མ་དངུལ་དོན་འཁྱོལ་བྱས་ཡོད། ཆེད་དོན་ཚོགས་འདུ་ཐེངས3འཚོགས་ནས་ཆེད་དོན་ལས་གཞི22ལ་ཞིབ་འཇུག་བྱས་ཏེ《གསེར་ཐར་རྫོང་གི2018ལོའི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་ལས་གཞི22ཀྱི་ལས་དོན་འཆར་གཞི》བཟོས་ཡོད། མ་དངུལ་སྒོར་དུང་ཕྱུར4.8བཏང་ནས་ལམ་དང་ཆུ། གློག སྡོད་ཁང་། ཐོན་ལས་སོགས་རིགས་སྣ་ཚོགས་ཀྱི་ལས་གཞི709ལག་བསྟར་བྱ་རྒྱུའི་འཆར་གཞི་བཞག་ཡོད་པ་རེད།
      འགན་སྲུང་ཐད་བསྡུར་ཚད་དང་བསྟུན་པར་ཤུགས་བསྒྲིམས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་རྩ་ཆག་གསུམ་དང་ཁ་གསབ་གཅིག གྲོང་སྡེའི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་བཅོས་འཆར་གཞི། བྱིས་པའི་གསོ་སྐྱོང་གྲོན་དངུལ་སོགས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། གྲོང་སྡེ་རིམ་པའི་བྱིས་པ་ཁང3གསར་དུ་བཙུགས་ནས་ཤང་གྲོང་གི་ལོ་དྲུག་ཐོག་གསུམ་སྣོན་གྱི་སློབ་གཉེར་མ་ལག་འཐུས་ཚང་དུ་གཏང་རྒྱུ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི270 བཏང་ནས་དབུལ་ཕོངས་སློབ་མ2300ལ་རོགས་རམ་བྱས་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ནད་པ་རྫོང་ཁོངས་སུ་སྔོན་དུ་སྨན་བཅོས་བྱས་པ་དང་རྗེས་ནས་སྨན་གྲོན་རྩིས་ཞུ་བྱ་ཆོག་པས་མ་ཚད་མི་སྒེར་གྱི་སྤྲད་ཚད་བརྒྱ་ཆ10ལས་མི་བརྒལ་བར་ཚོད་འཛིན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། དེ་མིན་སྨན་བཅོས་ཀྱི་གཅེས་སེམས་མ་དངུལ་སྒོར་ཁྲི500རེ་ཞུ་བྱས་པ་དང་རིགས་སྣ་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་མ་དངུལ་སྒོར་ཁྲི1650བཏང་ཡོད།
      ཡོང་འབབ་ཐད་ཐོབ་ཆ་ཡོད་པར་ཤུགས་བསྒྲིམས་ཡོད། གཅིག་བསྡུས་ཀྱིས་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏོང་བའི་འཆར་གཞི་དང་འདེབས་འཛུགས་ལས་རིགས་ཀྱི་ཕན་འབྲས་ཆེར་གཏོང་འཆར་གཞི་ཁྱབ་གདལ་བཏང་ནས་གསོ་སྤེལ་དཔེ་སྟོན་འབྲོག་ར་གཅིག་དང་གསོ་སྤེལ་ཁུལ་ཆུང10བཙུགས་ཡོད་ཅིང་། རྒྱུད་བསྲེས་ལེགས་བཅོས་བྱས་པའི་རང་སའི་ནོར་ནག2000དར་སྤེལ་བཏང་བ་དང་ནས་ཀྱི་རྟེན་གཞི་མུའུ2000བསྐྲུན་ནས་ཁམས་ནས་ཨང་རྟགས7པ་ཁྱབ་གདལ་བཏང་ཡོད། ས་ཞིང་བོགས་གླ་མུའུ2000བཏང་ནས་སྔོ་ཚལ་དང་སྒོག་པའི་རྟེན་གཞི་བཙུགས་ཡོད། མ་དངུལ་སྒོར་ཁྲི1825བཏང་ནས་གྲོང་སྡེའི་མགྲོན་ཁང5བསྐྲུན་པ་རེད།
      དངུལ་རྩའི་ཐད་འགན་སྲུང་ཡོད་པར་ཤུགས་བསྒྲིམས་ཡོད། སྲིད་གཞུང་དང་དངུལ་ཁང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩས་དབུལ་ཕོངས་ས་ཁུལ་ལ་ཕན་འབྲས་ཐོབ་པར་བྱས་ནས་ཞིང་འབྲོག་ལས་རིགས་དང་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་མ་དངུལ་གྱི་དགོས་མཁོ་བསྐངས་ཡོད། ཁྱད་པར་དུ་དབུལ་ཕོངས་ཁྱིམ་ཚང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་མངོན་གསལ་དོད་པོར་བྱས་ནས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་དངུལ་རྩའི་ཡིད་རྟོན་ཁོར་ཡུག་ཇེ་ཡག་ཏུ་བཏང་ཡོད། ད་ལོར་དངུལ་རྩའི་དབུལ་སྐྱོར་དངུལ་བུན་གཏོང་འཇོག་བྱས་ཚད་སྒོར་ཁྲི1200ལས་མི་ཉུང་བ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1