༄༅།། བོད་ཡིག་སུམ་རྟགས་ཁྲིད་ཐབས་ཀྱི་རྣམ་བཤད།

ཚེ་དབང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-25


ཚེ་དབང་ལྷ་མོ།
[ནང་དོན་གནད་བསྡུས།]   སུམ་རྟགས་སློབ་ཁྲིད་ཙམ་མ་ཟད་གཞུང་ལུགས་གང་ཞིག་འཆད་ཀྱང་སློབ་མའི་ཡོན་ཚད་དང་བསྟུན་ནས་གཏིང་ཟབ་ཚད་ཇི་དགོས་བརྟགས་ནས་སློབ་ཁྲིད་བྱ་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ཞིང་སུམ་རྟགས་སློབ་ཁྲིད་ཀྱི་སྐབས་སུ་ཚིག་འཕྲད་འགའ་ཞིག་ཁ་སྣོན་དགོས་ཚུལ་དང་མི་རིགས་སྐད་ཡིག་གི་སློབ་ཚན་ལ་དོ་སྣང་བྱ་དགོས་ཚུལ་བཤད་ཡོད་ཅིང་། སློབ་ཁྲིད་བྱེད་ཐབས་ཀྱི་ཐད་ལ།   ཕྱིན་ཅི་ལོག་དང་ཐེ་ཚོམ་དང་།།   དཀའ་སར་གཡོལ་ནས་སླ་བར་སྤྲོས།།   གོ་རིམ་མེད་དང་སྐབས་མིན་བཤད།    འབྲེལ་མ་ཆགས་ཤིང་སྔ་ཕྱི་འགལ།།      ལྡབ་སྐྱོར་མང་ཞིང་ཕན་ཚུན་བསྣོར།།     ཚིག་གི་མྱུར་དལ་མ་འཚམས་སོགས།།    ངེས་པར་སྤང་བྱའི་སློབ་ཁྲིད་ཀྱི་སྐྱོན་བཅས་ཀྱི་སྐོར་ལ་དཔྱད་བརྗོད་བྱས་ཡོད།         
[གནད་འགག་མིང་བརྡ།]  སུམརྟགས།   ཁྲིད་ཐབས།  རྣམབཤད།

 དང་པོ།   སློབ་མའི་ཡོན་ཚད་དང་བསྟུན་ནས་སུམ་རྟགས་ཁྲིད་དགོས།  
             གཞུང་ལུགས་གང་ཞིག་ཡིན་ཡང་གདུལ་བྱའི་ཡུལ་དང་བསྟུན་ནས་གཏིང་ཟབ་ཚད་ཇི་དགོས་བརྟགས་ཤིང་སློབ་ཁྲིད་བྱ་དགོས་པ་ནི་གནད་འགག་གལ་ཆེ་ཤོས་ཡིན།  སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་གང་ཡིན་ཀྱང་ཐོག་མར་རྩ་བའི་ཤེས་བྱ་མདོར་བསྡུས་ལས་སླ་པོས་བསྟན་ཞིང་།  དེ་ནས་རིམ་བཞིན་གཏིང་ཇེ་ཟབ་ཏུ་བཤད་དགོས་པ་དང་། བཤད་རྒྱུ་ཡོད་པ་ནི་ཚང་མ་གཅིག་མཚུངས་རེད།   འོན་ཀྱང་གཞུང་ལུགས་གང་ཞིག་སྔོན་ལ་བསླབ་དགོས་པ་དང་། གང་ཞིག་རྗེས་སུ་བསླབ་དགོས་པ་ནི།  ཚན་རིག་གི་རིག་གཞུང་ཐམས་ཅད་སྔ་མ་སྔ་མ་དང་འབྲེལ་ཞིང་། ཕྱི་མ་ཕྱི་མ་དང་འབྲེལ་ནས་རྟེན་འབྲེལ་གྱི་ཚུལ་དུ་གནས་ཡོད་པ་རེད།   གནས་ལུགས་དེ་དང་བསྟུན་ནས་འཆད་ཉན་བྱས་ན་ཚེགས་མེད་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་པ་ཞིག་རེད།   གནའ་བོའི་བོད་ཀྱི་སློབ་ཁྲིད་ཀྱི་ཐབས་ཤེས་ལ།  དཀྱུས་ཀྱི་ས་བཅད་པ་ལ་སྟག་མོའི་མཆོང་ལྟ་བུ། ཚིག་གི་འབྲུ་ནོན་པ་ལ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ།  སྐབས་ཀྱི་དོན་བསྡུ་བ་ལ་སེང་གེའི་འགྱིངས་ལྟ་བུ། ཞེས་གསུངས་ཡོད་པ་རེད།  དེའི་དོན་ནི།  གཞུང་ལུགས་ཆེན་པོ་རྣམས་ལ་བསླབ་གཉེར་བྱེད་སྐབས། གཞུང་གང་དེ་མ་མཐའ་ཡང་ཚར་གསུམ་བསླབ་དགོས།  དེ་ཡང་ཐོག་མར་ས་བཅད་ལ་བརྟེན་ནས་ནང་དོན་རགས་པ་ཤེས་པར་བྱ་རྒྱུ་དང་། དེ་ནས་ཚིག་འབྲུ་རེ་བཞིན་ནང་དོན་གང་དེ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཤེས་པར་བྱེད་ཅིང་།   མཐར་སྔར་ཏོགས་པའི་དོན་དེ་ཉིད་ལ་ཡང་དུ་དོགས་གཅོད་བྱེད་པའི་ཆེད་དུ།  ཡང་བསྐྱར་དུ་ཐེངས་གསུམ་པ་ཞིག་བལྟས་ཏེ་མ་རྟོགས་པ་དང་།  ལོག་པར་རྟོག་པ།  ཐེ་ཚོམ་གྱི་གནས་ལ་སོགས་ཡོདམེད་བརྟག་དགོས་པ་ཞིག་རེད།  
             རིག་གནས་ཐམས་ཅད་ཀྱི་རྩ་བའི་རྨང་གཞི་ནི་སུམ་རྟགས་དག་གསུམ་ཡིན་ཞིང་། སུམ་ཅུ་བའི་གཞུང་ལས། བསླབ་བྱ་ཀུན་གྱི་གཞི་འཛིན་ཅིང་།  རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ །  མིང་ཚིག་བརྗོད་པ་ཀུན་གྱི་གཞི །   ཡི་གེའི་སྦྱོར་བ་བཤད་པར་བྱ།    ཞེས་གསུངས་པ་ལྟར།  ཐུན་མོང་དང་ཐུན་མིན་གྱི་རིག་གནས། སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས།    སྤྱི་ཚོགས་དང་ཚན་རིག་གི་ཤེས་བྱ་སོགས་ཤེས་རིག་གང་འདྲ་ཞིག་ལ་སློབ་སྦྱོང་བྱ་དགོས་ན་ཐོག་མར་བརྡ་དག་ལ་བྱང་ཆུབ་པ་ཞིག་དགོས་པ་ནི་ཡོངས་གྲགས་རེད།  སུམ་རྟགས་དག་གསུམ་ནི་བོད་ཀྱི་ཤེས་རིག་ཐམས་ཅད་ཀྱི་རྨང་གཞི་ཡིན་ཡང་སློབ་ཁྲིད་བྱེད་སྟངས་ཀྱི་སྒོ་ནས་གཏིང་ཟབ་མིན་ཁྱད་པར་ཕྱེ་ནས་ཁྲིད་དགོས།  དཔེར་ན།  སློབ་ཆུང་སྐབས་སུ་སློབ་ཆུང་སློབ་མའི་ཡོན་ཚད་དང་བསྟུན་ནས་སུམ་རྟགས་ཀྱི་རྩ་བའི་ཤེས་བྱ་དབྱངས་ཀྱི་དབྱེ་བ་དང་། སྔོན་འཇུག་དང་། རྗེས་འཇུག  མིང་གཞི་བཅས་ཀྱི་དབྱེ་བ།  འཕྲད་བཅས་བསླབས་དགོས།    དེ་ལ་སློབ་ཆུང་སློབ་མའི་སུམ་རྟགས་ཀྱི་སློབ་ཚན་ཡིན་སྟབས་སློབ་ཚན་དེ་མཇུག་སྒྲིལ་བ་དང་བོད་ཀྱི་སུམ་རྟགས་ཀྱི་ཤེས་བྱ་ཆ་ཚང་བསླབས་ཟིན་པ་ཞིག་ལ་ངོས་འཛིན་ན་འགྲིག་མི་འདུག བྱས་ཙང་ང་ཚོས་གཞི་རིམ་སློབ་འབྲིང་སྐབས་སུ་སླར་ཡང་གཞི་རིམ་སློབ་འབྲིང་གི་ཆུ་ཚད་དང་བསྟུན་པའི་སུམ་རྟགས་ཀྱི་སློབ་ཚན་བཀོད་སྒྲིག་བྱ་དགོས་པ་ཞིག་རེད།  གཞི་རིམ་སློབ་འབྲིང་གི་སུམ་རྟགས་སློབ་ཚན་དེ་སློབ་ཆུང་སུམ་རྟགས་ཀྱི་རྨང་གཞིའི་ཐོག་ཏུ་ཡི་གེ་སོ་སོའི་རྟགས་ཀྱི་དབྱེ་བ་དང་། སྒྲ་གདངས་ལྕི་ཡང་གི་ཁྱད་པར་དང་བྱ་བྱེད་ལས་གསུམ་གྱི་དབྱེ་བ་སོགས་རྣམ་གྲངས་མང་པོ་ཞིག་ཤེས་ཐུབ་པ་བྱ་རྒྱུ་གཙོ་བོར་བྱེད་རྒྱུ་དང་། མཐོ་རིམ་སློབ་འབྲིང་སྐབས་སུ་སུམ་རྟགས་ཀྱི་རྩ་བའི་ཤེས་བྱ་རྣམས་བྱང་ཆུབ་པར་བྱ་རྒྱུ་དང་། ལག་ལེན་དངོས་ཀྱི་ནང་བེད་སྤྱོད་བྱེད་སྟངས་སྦྱོང་བརྡར་བྱེད་ཅིང་། འཕྲད་དང་རྣམ་དབྱེ།   བྱ་བྱེད་ལས་གསུམ་སོགས་ཀྱི་དཔེ་བརྗོད་རྙིང་པ་སློབ་སྦྱོང་དང་།  རང་གི་འཚོ་བ་དང་འབྲེལ་བའི་དཔེར་བརྗོད་གསར་པ་འཇོག་བཅུག་ཅིང་།  ཉིན་ལྟར་རྩོམ་ཡིག་འབྲི་བའི་སྐབས་སུ་བརྡ་དག་གི་རྣམ་གཞག་མ་འཆུག་པ་བྱ་རྒྱུ་ལ་དོ་སྣང་དང་། དེའི་སྐོར་གྱི་ཤེས་བྱ་ཆུབ་པར་བྱ་དགོས།   
             སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་ཚན་ནང་དུ་གཙོ་བོ་སུམ་རྟགས་གཉིས་ཀྱི་རྩ་བའི་གཞུང་ལ་རིགས་ལམ་གྱི་སྒོ་ནས་མཐའ་དཔྱད་བཏང་རྒྱུ་དང་། སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་ཕྲད་དང་རྣམ་དབྱེའི་དཔེར་བརྗོད་རྣམས་ལ་རིགས་ལམ་གྱི་སྒོ་ནས་མཐའ་དཔྱདདང་། འཚོབ་དངོས་ཀྱི་ནང་གི་ཁ་སྐད་སྤྱོད་ཚུལ་དང་སྦྱར་ནས་མཐའ་དཔྱད་བཏང་བ་དང་།   བྱ་བྱེད་ལས་གསུམ་དང་།  བདག་གཞན་དུས་གསུམ་གྱི་དབྱེ་སྟངས་སྐོར་ལ་མཐའ་དཔྱད་བཏང་ཞིང་། ལྷག་པར་དུ་དུས་གསུམ་དབྱེ་བའི་སྐོར་ལ་སྔར་ཡོད་ཀྱི་གསུང་རབ་རྣམས་དང་། རྒྱུན་སྤྱོད་ཁ་སྐད་ཀྱི་ནང་དུ་དུས་གསུམ་ནང་ཚན་དང་བཅས་པའི་དབྱེ་བ་གང་འདྲ་ཞིག་གནས་ཡོད་པ་བསེམ་བློ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་སྟོན་རྒྱུ་དང་།   གཞན་ཡང་དོན་དངོས་སུམ་རྟགས་གཉིས་ཀྱི་ནང་དུམ་འཐུས་པའི་ཕྲད་དང་རྣམ་དབྱེ་གང་ཞིག་བེད་སྤྱོད་ཅིང་ཡོད་པ་དང་།  ཐོན་མིས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་གཞན་དྲུག་པོའི་བརྗོད་བྱ་གང་ཡོད་ལ་ཞིབ་འཇུག་བྱ་དགོས་པ་སོགས་བོད་ཀྱི་སྐད་ཡིག་སྤྱི་འགྲོས་ལ་བརྟག་ཅིང་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་རྒྱུའི་རྨང་གཞིའི་ཐོག་ནས་སློབ་ཁྲིད་བྱ་དགོས་པ་ཞིག་རེད།           
             རམ་འབྱམས་པ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སུམ་རྟགས་སློབ་ཚན་དེ་གཙོ་བོར་ཞིབ་འཇུག་བྱ་རྒྱུའི་བསམ་བློ་གཞི་འཛིན་དགོས་སྟབས། ད་ལྟའི་སུམ་རྟགས་གཉིས་ཀྱི་ནང་དུ་མ་འདུས་པའི་ཕྲད་ཀྱི་རྣམ་གྲངས་དང་། བྱ་བྱེད་ལས་གསུམ་དང་། བདག་གཞན་དུས་གསུམ་སོགས་ཀྱི་དབྱེ་བའི་སྐོར་ལ་ཡིག་སྐད་དང་ཁ་སྐད་གཉིས་ཀའི་ནང་དུ་གནས་པའི་ངག་སྦྱོར་རྣམས་ལ་ཞིབ་འཇུག་བྱེད་ཅིང་།  འོས་འཚམས་ཀྱི་དབྱེ་བ་དང་རྣམ་གཞག་གསར་དུ་གཏན་འབེབས་བྱ་རྒྱུ་དང་། དབྱིན་ཡིག་ལ་སོགས་ཡར་རྒྱས་སོང་ཟིན་པའི་སུམ་རྟགས་དང་། བརྡ་སྤྲོདརིག་གཞུང་ལ་གཞི་བཟུང་ནས་བོད་ཀྱི་སུམ་རྟགས་དེའང་དེང་དུས་རྒྱལ་སྤྱིའི་བརྡ་སྤྲོད་རིག་པའི་སྤྱི་འགྲོས་དང་མཐུན་པའི་མ་ལག་ཡོངས་སུ་ཚང་བའི་སུམ་རྟགས་ཀྱི་རིག་གཞུང་གསར་པ་ཞིག་བྱེད་རྒྱུའི་ལས་ཀའི་རྨང་གཞིའི་ཞབས་འདེགས་བསྒྲུབ་དགོས་པ་ཞིག་རེད།   
             དུང་དཀར་བློ་བཟང་འཕྲིན་ལས་ཀྱིས“སློབ་ཁྲིད་ཀྱི་རྩ་འཛིན་ཞེས་པ་ནི་སློབ་ཁྲིད་ཀྱི་འཆར་གཞི་གཞིར་བཟུང་ནས་སློབ་ཚན་རྒྱས་བསྡུས་འབྲིང་གསུམ་གྱི་ཁྲིད་ཚུལ་གཏན་འཁེལ་ཡོད་པ་ཞིག་ཏེ།  དེའི་ནང་ལས་འགན་དང་། དངོས་སྦྱོང་། ཚོད་ལྟ། བསྐྱར་སྦྱོང་སློབ་ཁྲིད་ཀྱི་དུས་ཆོད་ཆ་བགོས་བྱས་པའི་རྩ་འཛིན་ཡོད་པ་ལ་ཟེར།  དེ་སྔོན་གདན་ས་ཆེན་པོ་ཁག་ལ།  སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སློབ་ཁྲིད་གནང་སྐབས་ཀྱི་གོ་རིམ་དང་རྒྱས་བསྡུས་ཀྱི་རྩ་འཛིན་ནི།   ཐོག་མར་རིགས་པའི་གཞུང་ལུགས་དང་མཚན་ཉིད་རིག་པའི་འགྲོ་ལུགས་ཤེས་པའི་ཆེད་དུ་བསྡུས་གྲྭ། དེ་རྗེས་བློ་རིགས་ཏེ་དབང་པོ་ལྔ་དང་།  དབང་ཤེས་ལྔ་སོགས་མངོན་སུམ་དང་།  གཏན་ཚིགས་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་ངོས་འཛིན་བྱེད་པའི་རྫེས་དཔག་གི་ཤེས་རིག་བཅས་སྐྱེད་ཚུལ་དང་། མངོན་སུམ་དང་རྗེས་དཔག་བར་གྱི་འབྲེལ་བ།  འཁྲུལ་ཤེས་ཏེ་ནོར་འཁྲུལ་ཅན་གྱི་ཤེས་པ་དང་།  ལོག་ཤེས་ཏེ་བསམ་བློ་ཡང་མ་དག་པའི་རིགས། དད་པ་བརྩོན་འགྲུས་སོགས་སེམས་པ་བཟང་པོའི་རིགས།   འདོད་ཆགས་དང་ཞེ་སྡང་སོགས་བསམ་པ་ངན་པའི་རིགས།   འགྱོད་པ་དང་གཉིད་སོགས་གཞན་འགྱུར་གྱི་རིགས།  གཞན་ཡང་དེ་དག་དང་འབྲེལ་ཡོད་ཀྱི་བསམ་བློ་རིགས་མི་འདྲ་བ་སོ་སོའི་ཁྱད་ཆོས་དང་འབྲེལ་བ་བཅས་ཤེས་པའི་ཆེད་དུ་བློ་རིགས།  གཏན་ཚིགས་རིགས་པ་ཡང་དག་པ་གསུམ་དང་། ཡང་མ་དག་པ་བཞི་བཅས་སོ་སོའི་ཁྱད་ཆོས་དང་འབྲེལ་བ། ནང་གསེས་ཀྱི་དབྱེ་བ།  གཏན་ཚིགས་རིགས་པ་ཁག་དང་བསམ་བློ་རིགས་མི་འདྲ་བ་ཁག་བར་འབྲེལ་བ་གང་ཡོད་པ་བཅས་ཤེས་པའི་ཆེད་དུ་རྟགས་རིགས་ཏེ་གཏན་ཚིགས་རིགས་པ།  དེ་ཡི་རྨང་གཞིའི་ཐོག་རྒྱ་གར་དུ་ཡོད་པའི་གནའ་རབས་ཀྱི་ཆོས་ལུགས་ཏེ་མུ་སྟེགས་པའི་ལྟ་བ་རིགས་བཅུ་གཅིག་སོ་སོའི་ལྟ་ཚུལ་དང་ནང་པ་སངས་རྒྱས་པའི་ལྟ་བ་ཁག་གི་བར་གྱི་ཁྱད་པར་དང་། འགལ་བ། འཐབ་རྩོད་བཅས་ཀྱི་གནས་ཚུལ་ཤེས་པའི་ཆེད་དུ་ཚད་མ་རིག་པ་སྟེ་ཚད་མ་རྣམ་འགྲེལ། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན།  དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ།  དེ་རྗེས་ཐེག་པ་ཆུང་ངུའི་སྤྱོད་པ་དང་ལྟ་བ་ཤེས་པའི་ཆེད་དུ་མངོན་པ་མཛོད།   དེ་རྗེས་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་བཅས་གོ་རིམ་བཞིན་དུ་སློབ་དགོས་པ་མ་ཟད།   དེ་རྣམས་སོ་སོ་ལའང་སློབ་སྦྱོང་བྱས་པའི་ལོ་ཚད་དང་། ལོ་རེར་སློབ་སྦྱོང་གི་མཚམས་གང་ནས་གང་གི་བར་དུ་སླེབས་དགོས་པའི་ཚད་གཞི་བཅས་གཏན་འབེབས་ཡོད་པ་རེད། གཞུང་ཆེན་པོ་ལྔའི་སློབ་སྦྱོང་གི་ལོ་ཚད་སྐོར་གཤམ་དུ་སློབ་སྦྱོང་གི་ཡུན་ཚད་དང་ལོ་རེའི་སློབ་དུས་སྐོར་གླེང་སྐབས་སུ་བཀོད་ཡོད།” ①ཅེས་གསུང་ཡོད་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་ཁྲིད་སྟངས་ཤིག་ཡིན།   
             བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་བོད་ཀྱི་རིག་གཞུང་རྣམས་ཉམས་གསོ་བྱེད་སྐབས་ཐོག་མར་བོད་ཀྱི་སྐད་ཡིག་ཉམས་གསོ་དང་འབྲེལ་ནས་ལས་འགོ་བརྩམས།  དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་འགོ་ནས་སློབ་གྲྭ་ཆེ་ཁག་རྣམས་སུ་བོད་ཀྱི་སྐད་ཡིག་ཉམས་གསོ་བྱ་རྒྱུའི་ལས་ཀ་དེ་ཚ་རླབས་ཆེན་པོ་ཞིག་བྱུང་བས་བོད་ཀྱི་སུམ་རྟགས་སློབ་ཁྲིད་སྐོར་ལ་ཡར་རྒྱས་དང་གྲུབ་འབྲས་གསར་པ་མང་པོ་ཐོབ་ཡོད་པ།  དཔེར་ན།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་སུམ་རྟགས་སློབ་ཁྲིད་གནང་པའི་སྲོལ་རྒྱུན་སུམ་རྟགས་ལ་སྔར་མེད་པའི་ཞིབ་འཇུག་གི་འབྲས་བུ་《ཐོན་མིའི་ཞལ་ལུང་》གསར་རྩོམ་གནང་བ་དང་། ལྷོ་ནུབ་མི་རིགས་སློབ་གྲྭའི་ནང་དུ་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསར་གྱིས་སྲོལ་རྒྱུན་སུམ་རྟགས་ལ་ཞིབ་འཇུག་གི་སྒོ་ནས་ སློབ་ཁྲིད་གནང་པའི་གྲུབ་འབྲས་《སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།》དང་།《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།》བཅས་གསར་རྩོམ་གནང་བ་དང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུདགེ་རྒན་ཆེན་མོ་སྐལ་བཟང་འགྱུར་མེད་ཀྱིས་དེང་རབས་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས་སུམ་རྟགས་སློབ་ཁྲིད་གནང་པའི་གྲུབ་འབྲས《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་།》རྣམས་བརྩམས་ཏེ་བོད་ཁམས་ཡོངས་ལ་འགྲེམས་སྤེལ་བྱས་པ་སོགས་ཀྱིས་བོད་ཀྱི་སུམ་རྟགས་འཆད་ཉན་དང་།  བགྲོ་གླེང་སྐོར་ལ་སྐུད་འདེད་ཆེན་པོ་ཐོབ་སྟེ། སྐབས་དེ་དུས་བོད་རིགས་བློ་གསལ་གཞོན་ནུ་རྣམས་གཙོ་བོར་བྱས་པའི་མཁས་པ་ཁག་གཅིག་གིས་སུམ་རྟགས་སྐོར་ལ་བགྲོ་གླེང་དང་།  རྩོད་པ་བྱས་པའི་དཔྱད་རྩོམ་མང་པོ་ཞིག་བོད་ཡིག་དུས་དེབ་ཁག་ཏུ་རྟག་པར་མཐོང་ཐུབ་པ་དེ་བྱུང་ཡོད་སྐབས་དེར་སློབ་གྲྭ་ཆེན་མོ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་སུམ་རྟགས་སློབ་ཚན་དེ་སློབ་དུས་གཉིས་དང་།  སློབ་ཚན་ཆུ་ཚོད140ཡན་ཆད་ལ་སླེབས་ཀྱི་ཡོད་པ་རེད།
             ཉེ་བར་ལོ་ཤས་རིང་སློབ་གྲྭ་ཆེ་ཁག་དང་ལྷག་པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཀྱི་སྐད་ཡིག་དང་ལྷག་པར་དུ་སུམ་རྟགས་ཀྱི་སློབ་ཚན་དེ་དུས་རབས་ཉི་ཤུ་པའི་དུས་སྨད་དང་བསྡུར་ན་ཉམས་རྒུད་འགྲོ་བའི་འགོ་ཚུགས་འདུག   རྒྱུམཚན་གང་ཞེ་ན། སློབ་ཚན་བཀོད་སྒྲིག་བྱེད་མཁན་གྱི་འགན་འཛིན་པ་གཙོ་བོ་དེ་དག་བོད་ཀྱི་སྐད་ཡིག་སྤྱི་དང་།  བྱེ་བྲག་སུམ་རྟགས་ཀྱི་གཞུང་ལ་ཆ་རྒྱུས་མེད་པའི་རྐྱེན་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ནང་དུ་སུམ་རྟགས་ཀྱི་སློབ་ཚན་བཀོད་སྒྲིག་ཡོད་པ་ཤེས་རྟོགས་བྱུང་བ་དང་།   སུམ་རྟགས་ཞེས་པ་དེ་སློབ་གྲྭ་ཆུང་འབྲིང་གི་ནང་དུ་སྦྱོང་ཟིན་སྟབས་སློབ་གྲྭ་ཆེན་མོའི་ནང་དུ་སྦྱོང་དགོས་ཡས་མེད་པར་སེམས་ནས་སུམ་རྟགས་ཀྱི་སློབ་ཚན་དེ་ཇེ་ཉུང་འགྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་ཆགས་ཡོད་པ་རེད། བྱས་ཙང་དུས་རབས་ཉི་ཤུ་པའི་དུས་འཇུག་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་སུམ་རྟགས་ཀྱི་སློབ་ཚན་ཆུ་ཚོད་140ཡན་ཡོད་པ་དེ།  དེང་དུས་རིམ་བཞིན་དུས་ཚོད་ཇེ་ཉུང་བཏང་བཞིན་ཡོད་པ་རེད།   སུམ་རྟགས་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ཞིག་ཡིན་པར་སེམས་པའི་རྨོངས་བློའི་སྟ་རེས་སློབ་གྲྭ་ཆེན་མོའི་ནང་དུ་སུམ་རྟགས་ཀྱི་སྡོང་པོ་རྩ་བ་ནས་གཅོད་པར་བརྩམས་པའི་བསམ་བློ་འདི་ནི་བོད་ཀྱི་སྐད་ཡིག་གི་རྩ་བ་ཉམས་པའི་སྔ་ལྟས་སུ་མཐོང་བས་བློ་ལྡན་རྣམས་ཀྱིས་དོན་འདི་ལ་ཐུགས་བསམ་རེ་བཞེས་དགོས་པར་སྣང་། 
གཉིས་པ། ཚིག་འཕྲད་འགའ་ཞིག་སུམ་རྟགས་ནང་དུ་ཁ་སྣོན་དགོས་ཚུལ།   
             དེང་དུས་སྲོལ་རྒྱུན་སློབ་གསོའི་ལྟ་བ་ལ་ཅུང་ཟད་དང་ཞེན་ཆེ་བ་རྣམས་ཀྱིས་སུམ་རྟགས་ནང་དུ་མ་འདུས་པའི་བོད་ཀྱི་བརྡ་སྤྲོད་མེད་པའི་བསམ་བློ་རགས་པ་ཞིག་འཁོར་བཞིན་ཡོད་པ་རེད། འོན་ཀྱང་གནའ་བོའི་དུས་ཀྱི་མཁས་པ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་ཤེས་བྱ་ཡིན་ན་སུམ་རྟགས་དག་གསུམ་གྱི་ནང་འདུས་པས་ཁྱབ་པར་བཞེད་མཁན་རྩ་བ་ནས་ཡོད་པ་མ་རེད།    གང་ཞེ་ན།  བོད་ཀྱི་བརྡ་སྤྲོད་རིག་གཞུང་ཆ་ཚང་དེ་ཐོན་མི་སམ་སྙོཊས་བརྩམས་པའི་བརྡ་སྤྲོད་ཀྱི་རྣམ་བཞག་སྐབས་བརྒྱད་ཡོད་པར་ཡོངས་གྲགས་ཡིན་ཞིང་། བོད་སིལ་བུར་འཐོར་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ལ་གོད་ཆག་ཐེབས་པ་ཇི་བཞིན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སྐབས་བརྒྱད་ཡོད་པ་དེ་དག་ལས་སྐབས་དང་པོ་སུམ་ཅུ་བ་དང་།   སྐབས་དྲུག་པ་རྟགས་ཀྱི་འཇུག་པ་གཉིས་མ་གཏོགས་གཞན་དྲུག་པོ་བརླགས་ཟིན་པ་ཚང་མས་གཞེད་པ་གཅིག་མཐུན་ཆགས་ཡོད་པ་རེད། བྱས་ཙང་དུས་རབས་རིམ་བྱུང་གི་བོད་ཀྱི་བརྡ་སྤྲོད་ལ་མོས་པ་ཡོད་པའི་མཁས་པ་རྣམས་ཀྱིས་སུམ་རྟགས་གཉིས་ཀྱི་ནང་དུམ་འདུས་པའི་བརྡ་སྤྲོད་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་པོ་དཔེར་ན། ས་སྐྱ་བསོད་ནམས་རྩེ་མོས་སྒྲ་ཡི་སྐྱེ་གནས་དང་། རྐྱེན་གྱི་བྱེད་རྩོལ་སོགས་ཡི་གེའི་རྣམ་གཞག་སྐོར་ལ་ཞིབ་འཇུག་གནང་པའི་བསྟན་བཅོས་《བྱིས་པ་བདེ་འཇུག》 བརྩམས།   ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སུམ་རྟགས་འགྲེལ་ཆེན་ནང་དུ་རྒྱ་གར་གྱི་ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ལུགས་ཙནྡྲ་པའི་མདོ་ལ་གཞིར་བཟུང་ནས་སུམ་རྟགས་གཉིས་ཀྱི་ནང་དུམ་འདུས་པའི་བོད་ཀྱི་ཡི་གེའི་རྣམ་གཞག་སྐོར་ལ།  ཡི་གེ་སོ་སོའི་སྒྲ་ཡི་སྐྱེ་གནས། རྐྱེན་གྱི་བྱེད་རྩོལ། གྲངས་ཀྱི་དབྱེ་བ་སོགས་དང་། ཡི་གེ་རྣམས་ཀྱི་སྒྲ་ཡི་འབྱིན་ཚུལ་དབྱེ་བ་སྒྲ་ལྡན་དང་སྒྲ་མེད།   སྲོག་ཆེན་དང་སྲོག་ཆུང་སོགས་ཀྱི་རྣམ་བཞག་མང་པོ་གནང་། སུམ་རྟགས་ཀྱི་འགྲེལ་པའི་ནང་ལ་བརྡ་སྤྲོད་རིག་པའི་ཤེས་བྱའི་སྐོར་མང་པོ་ཞིག་ཁ་སྣོན་མཛད་དེ་བོད་ཀྱི་བརྡ་སྤྲོད་རིག་པ་དེ་མ་ལག་ཆ་ཚང་བའི་རིག་གཞུང་ཞིག་ཏུ་ཆགས་པའི་འབད་བརྩོན་ཤུགས་ཆེན་གནང་ཡོད་འདུག    
             དེ་ལྟར་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་བརྒྱད་ལས་གཉིས་མ་གཏོགས་ལུས་མེད་པའི་རྐྱེན་གྱིས་ང་ཚོའི་སུམ་རྟགས་གཉིས་ཀྱི་ནང་དུམ་འདུས་པའི་ཕྲད་མང་པོ་ཞིག་ཡོད་པ་དོན་ལ་གནས་པ་ཞིག་རེད།   བོད་ཀྱི་མཁས་དབང་རྣམས་ཀྱིས་སུམ་རྟགས་ནང་དུམ་འདུས་པའི་ཚིག་ཕྲད་གཏན་འབེབས་བྱས་པ་འགའ་ཞིག་ཡོད་པ་དཔེར་ན།  ཅི།  ཇི།  སུ། ལྡན།   ཅིག    ཅིང་།  ཅེའོ  ཅེ་ན།   ཞིག   ཞིང་། ཞེཝོ ཞེ་ན། ཤིག ཤིང་།  ཤེའོ  ཤེ་ན་སོགས་འགའ་ཞིག་ཡོད་པ་ཚང་མས་མཁྱེན་གསལ་ལྟར་འདིར་དཔེར་བརྗོད་ཀྱི་དགོས་གལ་མི་འདུག  འོན་ཀྱང་ཞིབ་ཏུ་དཔྱད་ན་ད་རུང་ཚིག་ཕྲད་མང་པོ་ཞིག་གི་འཇུག་ཚུལ་སུམ་རྟགས་གཞུང་དུ་མེད་པ་མ་ཟད།  ང་ཚོས་ད་སྐབས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུས་སུམ་རྟགས་ནང་དུ་མ་འདུས་པའི་ཕྲད་དེ་དག་བེད་སྤྱོད་བྱེད་ཚུལ་སྐོར་ལ་རྩ་བ་ནས་ཐུགས་བསམ་བཞེད་ཅིང་མི་འདུག  ཁ་སྐད་དང་ཡིག་སྐད་གཉིས་ཀའི་ནང་དུ་སྤྱོད་བཞིན་པའི་ཚིག་ཕྲད་འདི་དག་སྐད་ཡིག་རིག་པ་སློབ་ཁྲིད་ཀྱི་སྐབས་སུ་ངེས་པར་དུ་འགྲེལ་བཤད་དགོས་པ་ཞིག་སྟེ། བརྡ་རྙིང་དང་འབྲེལ་བའི་ཁ་སྐད་ནང་དུཡོད་པའི་ཚིག་ཕྲད་དང་བྱ་ཚིག་མང་པོ་ཞིག་ཡོད་པ་དག་ལས་དཔེར་བརྗོད་ཙམ་དུ་འགའ་ཞིག་བསྟན་པར། རེ།  ལེ།  ཨེ། འགི་གདའ་སོགས་འདི་དག་སུམ་རྟགས་ཀྱི་སློབ་ཚན་དང་འབྲེལ་ནས་རྒྱས་བཤད་བྱ་དགོས་ངེས་ཞིག་རེད།  དེ་ཡང“རེ”ཡིག་ནི་དགག་སྒྲ་ལ་འཇུག་པ་སྟེ།  ཡུལ་སྐད་དུ་ངས་རིག་རེ།    ང་འགྲོ་རེ་ཞེས་སོགས་ངས་མ་མཐོང་དང་།    ང་མི་འགྲོ་ཞེས་པའི་དོན་ལ་འཇུག་ཅིང་ཡོད་པ་དང་། དེབ་དཀར་དུ་དྲངས་པའི་ཏུང་ཧོང་གི་ཡིག་རྙིང་ལས།  “དེང་ཕན་ཆད་ཟིང་པོ་རྗེ་རྒྱབ་ཏུ་མི་འདོར་རེ།  བརྟལ་ཕོད་པར་མི་འཚལ་རེ།  སྲོག་སྤོངས་མི་འཚལ་རེ། བཙན་པོ་སློན་བཙན་གྱིས་བཀའ་ཇི་སྩལ་བ་བཞིན་མི་མཉན་རེ།  ཞེས་དགག་སྒྲ་གཉིས་སྦྱར་ནས་མནལ་མའི་དོན་སྟོན་ཡོད་པ་ལྟ་བུ་མང་ངོ་། དེ་འདྲ་བའི་ཚིག་ཕྲད་དང་།   བྱ་ཚིག  བྱ་བའི་ཚིག་གྲོགས་སོགས་བརྡ་སྤྲོད་གཞུང་དུ་དགོས་ངེས་པའི་ཡུལ་སོ་སོའི་ཡུལ་སྐད་དང་འབྲེལ་བའི་ཚིག་ཕྲད་མང་པོ་ཞིག་ཡོད་པ་འདི་དག་ངེས་པར་དུ་བོད་ཀྱི་བརྡ་སྤྲོད་གཞུང་དུ་བཅུག་ནས་བོད་ཀྱི་བརྡ་སྤྲོད་རིག་པ་དེ་སྔར་ལས་དར་རྒྱས་ཆེ་བ་ཞིག་འཕེལ་རྒྱས་གཏོང་བ་ནི་ང་ཆོའི་འོས་འགན་དུ་སེམས།    
གསུམ་པ། མི་རིགས་སྐད་ཡིག་གི་སློབ་ཚན་ལ་དོ་སྣང་བྱ་དགོས་པ།  
             དེང་དུས་ཀྱི་སློབ་གྲྭ་ཆེ་ཁག་གི་ནང་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་།  སུམ་རྟགས་དག་གསུམ་གྱི་སློབ་ཚན་སྐོར་དོ་སྣང་ཇེ་ཆུང་འགྲོ་བའི་རྣམ་པ་ཞིག་ཆགས་འདུག འཛམ་གླིང་འདིར་མི་རིགས་སུ་དང་རྒྱལ་ཁབ་སུ་ཡིན་ཡང་སློབ་གྲྭ་ཆེ་ཁག་གི་ནང་དུ་རང་རང་གི་སྐད་ཡིག་གི་སློབ་ཚན་དེ་གལ་གནང་ཆེ་ཤོས་ཞིག་ཏུ་བཟུང་ནས་སློབ་ཁྲིད་བྱེད་པ་མ་ཟད། སུམ་རྟགས་ལ་སོགས་བརྡ་སྤྲོདཀྱི་གཞུང་འདི་སྐད་ཡིག་གི་སྲོག་རྩ་ལྟ་བུ་ཞིག་ཏུ་འཛིན་ཞིང་ཉམས་གསོ་དང་ཡར་རྒྱས་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་རང་རེ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་ཚུལ་འདི་ནི་རྩ་བ་དོར་ནས་ཡལ་ག་དང་ལོ་འདབ་རྒྱས་པའི་རེ་སྨོན་ལྟ་བུ་ཆགས་ཡོད་པ་སྟེ། དེང་དུས་སློབ་གྲྭ་ཆེ་ཁག་ཏུ་གོང་ཞུས་ལྟར་སུམ་རྟགས་ཞེས་པ་དེ་སློབ་གྲྭ་ཆུང་འབྲིང་སྐབས་ཁོ་ནར་སྦྱོང་ཡས་ལྟ་བུ་ཞིག་ངོས་འཛིན་ནས། སུམ་རྟགས་ཀྱི་གཞུང་ཡར་རྒྱས་གཏོང་རྒྱུ་དང་།  མུ་མཐུད་ནས་སུམ་རྟགས་ཀྱི་གཞུང་ཞིབ་འཇུག་བྱ་རྒྱུ།  དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་བརྡ་སྤྲོད་ཀྱི་རྣམ་གྲངས་དང་། ཐ་སྙད་གསར་པ། ཚིག་གྲུབ་ཀྱི་འགྱུར་ལྡོག་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་རྒྱུའི་ལས་ཀ་དེ་ཧ་ཅང་གི་འཐུས་ཤོར་འགྲོ་ཞིང་ཡོད་པར་མཐོང་།  དོན་འདི་རིགས་ལ་དགོངས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་རྡོ་དགོན་གསང་བདག་རྡོ་རྗེས་《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ལས།  “སུམ་རྟགས་གཉིས་ནི་བོད་ཀྱི་རིག་གནས་ཀྱི་གལ་འགངས་ཆེ་བའི་ཆ་ཤས་ཤིག་དང་། བོད་ཀྱི་སྒྲ་རིག་པའི་སྙིང་པོའང་ཡིན།  སྔོན་བྱོན་མཁས་པས་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གསུངས་པས་སྒྲ་རིག་པའི་གནས་ལ་རྨོངས་ན་དོན་ལ་རྨོངས་པའང་སྨོས་ཅི་དགོས། ལྷག་པར་དུ་མཁས་པའི་བྱ་བ་གསུམ་གྱི་ཡ་གྱལ་རྩོམ་པ་ལ་འཇུག་པར་འདོད་ན་སུམ་རྟགས་ཀྱི་སྦྱོར་ཚུལ་ཙམ་མ་ཤེས་ན་རྩོམ་པ་ལ་འཇུག་པ་ནི་ལག་རྡུམ་བྲག་ལ་འཛེགས་པ་དང་མཚུངས་པ་མ་ཡིན་ནམ། དེས་ན་སུམ་རྟགས་ཀྱི་གཞུང་ལ་སྦྱངས་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན།  དེང་གི་དུས་འདིར་སློབ་གསོ་དར་ཁྱབ་བྱུང་བ་ལ་བརྟེན་ནས་བོད་ལྗོངས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ཐོབ་མྱོང་བ་ཞིག་ཡིན་ཕྱིན་སུམ་རྟགས་གཉིས་ཀྱི་གཞུང་རོབ་ཙམ་གསུང་རྒྱུ་ཡོད་ལ་བོད་ཡིག་གི་ཐོག་ནས་རྩོམ་ཡིག་སྤེལ་མཁན་རྣམས་དང་བོད་རིག་པའི་ཆེད་ལས་པ་རྣམས་ལ་ནི་སུམ་རྟགས་ཀྱི་གཞུང་དོན་རོབ་ཙམ་གསུང་རྒྱུ་མེད་པ་ནི་དེ་བས་ཀྱང་མི་སྲིད་པ་ཙམ་ཡིན། འོན་ཀྱང་དེང་དུས་སུམ་རྟགས་ཀྱི་གཞུང་འདིའི་གལ་ཆེའི་རང་བཞིན་མ་རྟོགས་པའི་དབང་གིས་དེ་ལ་དོ་སྣང་དང་སྦྱོང་བརྩོན་བྱེད་མཁན་ཉུང་ཞིང་། གཞུང་འདིར་དོ་སྣང་བྱེད་མཁན་འགའ་ཞིག་གིས་ཀྱང་གཞུང་དོན་ལ་ཞིབ་ཆ་མ་བྱུང་བའི་དབང་གིས་གཞུང་དོན་གྱི་དཀའ་གནད་མ་རྟོགས་པ་དང་།  གོ་བ་རྟིང་ཚུགས་མ་ཞིག་མ་ལོན་པའི་རྐྱེན་གྱིས་གཞན་ལ་འགྲེལ་པའི་སྐབས་ཆ་མ་ཚང་བ་དང་།  ལོག་པར་འགྲེལ་བ་སོགས་ཀྱི་གནད་དོན་ཐོན་པ་མ་ཟད། གཞུང་དོན་ཚུལ་བཞིན་མ་རྟོགས་པ་ལ་བརྟེན་ནས་གཞུང་དོན་དང་ལག་ལེན་མི་མཐུན་པའི་སྦྱོར་ཚུལ་ཡང་མང་པོ་ཞིག་ཡོད་ལ་གནད་དོན་དེ་ཚོར་བརྟེན་ནས་བོད་ཀྱི་ཡི་གེའི་གཞུང་ལུགས་ཀྱི་འགྲེལ་ཚུལ་ལ་རྗེས་འཇུག་རྣམས་ཐེ་ཆོམ་སྐྱེ་བ་དང་། གཞུང་ལུགས་དང་ལག་ལེན་གྱི་སྦྱོར་ཚུལ་མི་མཐུན་པ་རྒྱུན་འབྱམས་པ་ལ་བརྟེན་ནས་ཚིག་གི་འཇུག་པ་མི་བདེ་བ་དང་། གོ་དོན་རྟོགས་དཀའ་བ། བརྗོད་དོན་ལ་ཐེ་ཚོམ་སྐྱེ་བ་སོགས་ཀྱི་སྐྱོན་མང་པོ་ཞིག་ཐོན་བཞིན་འདུག་པ་འདི་དག་ཡོ་བསྲང་མ་བྱས་པར་འདི་མུར་ལུས་ན་བོད་ཀྱི་སྐད་ཡིག་ལ་བརྡ་སྤྲོད་རིག་པའི་གཏད་སོ་མེད་པར་འགྲོ་བ་དང་། བརྡ་སྤྲོད་ཀྱི་གཞུང་གི་གཞི་བཟུང་ས་མེད་པར་གང་དྲན་དྲན་དུ་བྲིས་པ་ཡིན་ན་རིམ་པས་བོད་ཀྱི་ཡི་གེའི་བརྡ་སྤྲོད་ཀྱི་ནུས་པ་ཉམས་ཞན་དུ་འགྲོ་རྒྱུ་དང་། གལ་ཏེ་སྐད་ཡིག་ཅིག་གི་བརྡསྤྲོད་ཀྱི་ནུས་པ་ཉམས་ཞན་དུ་སོང་སྟེ་བརྗོད་བྱར་ཐེ་ཚོམ་སྐྱེ་བའམ།  བརྡ་མ་ཕྲོད་པ་ལྟ་བུར་གྱུར་ཚེ་བརྡ་སྤྲོད་ཀྱི་ནུས་པ་ཤོར་བའི་སྐད་ཡིག་དེ་སུ་ཞིག་གིས་ཀྱང་སྤྱོད་འདོད་མི་བྱེད་ལ་དེ་ལ་མཐོང་ཆེན་ནི་དེ་བས་ཀྱང་བྱེད་མི་སྲིད།”① ཅེས་སོགས་གསུངས་ཡོདཔ་འདི་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོད་པའི་མཁས་པ་དང་།  འགོ་ཁྲིད་རྣམས་ཀྱིས་ཐུགས་འཇོག་གནང་དགོས་ངེས་ཞིག་རེད་སྙམ།         
བཞི་པ། སྤང་བྱའི་སློབ་ཁྲིད་ཀྱི་སྐྱོན།
             སློབ་ཁྲིད་བྱ་ཐབས།  ས་པཎ་མཁས་འཇུག་གི་ནང་དོན་དུང་དཀར་རིན་པོ་ཆེས་འགྲེལ་བཤད་གནང་བར།   གཞུང་དོན་དངོས་གཞི་འཆད་སྐབས་བཤད་ཚུལ་མ་ལེགས་པའི་སྐྱོན་བཅུ་བཞི་ཡོད་པ་དེ་དག་སྤངས་ནས་བཤད་ཚུལ་ལེགས་པའི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པ་སྟེ།  
             1 མ་བཤད་པའི་སྐྱོན་ནི། སྐབས་དེར་བཤད་དགོས་ངེས་ཀྱི་དོན་མ་བཤད་པར་བཞག་པ་སྟེ། དེ་ནི་སློབ་ཁྲིད་བྱེད་མཁན་གྱིས་རང་གིས་བཤད་བྱའི་གཞུང་དོན་དེ་ལ་དོགས་པ་ཆོད་མེད་པ་དང་། གསལ་པོར་འཆད་ཐུབ་པའི་གདེང་ཚོད་མེད་པའི་དབང་གིས་གཡོལ་ཐབས་བྱས་ཏེ་བཞག་པ་ཡིན་པས།  དེས་ཉན་མཁན་རྣམས་ལ་ཕན་ཐོགས་པའི་བློ་སྐྱེད་གང་ཡང་ཐོན་མི་ཐུབ་པས་སློབ་ཁྲིད་སྤུས་ལེགས་ཡོང་དཀའ་བ་རེད། 
             2 ལེགས་པོར་མ་བཤད་པའི་སྐྱོན་ནི། བཤད་བྱའི་གཞུང་དོན་རྣམས་གསལ་ལ་མི་གསལ་ཙམ་བཤད་ནས་ཉན་པ་པོས་གཞུང་དོན་ལ་དོགས་པ་གང་ཡང་ཆོད་མ་ཐུབ་པར་ལུས་པ་ཞིག་སྟེ།  དེ་ནི་དགེ་རྒན་གྱིས་རང་ཉིད་མཁས་རློམ་དང་ང་རྒྱལ་བྱས་ཏེ་རང་ཉིད་ཀྱིས་མ་ཤེས་པ་རྣམས་སློབ་སྦྱོང་ནན་ཏན་མ་བྱས་པའི་དབང་གིས་བྱུང་བ་ཡིན།  
             3 ཕྱིན་ཅི་ལོག་ཏུ་བཤད་པ་ནི། དགེ་རྒན་གྱིས་གཞུང་དོན་གོ་བ་ལོག་སྒྲུབ་བྱས་ཏེ་བཤད་པ་ཞིག་སྟེ། དགེ་རྒན་གྱིས་འཁྲིད་བྱའི་གཞུང་དོན་དེ་ལ་གོ་བ་ཡང་དག་པར་ལོན་མ་ཐུབ་པར་གོ་ནོར་ཐེབས་པའམ། ཡང་ན་དམིགས་ཡུལ་ཟུར་བཅངས་ཀྱི་སྒོ་ནས་ཤེས་བཞིན་ཏུ་གོ་བ་ལོག་སྒྲུབ་བྱས་ཏེ་བཤད་པ་གང་རུང་ཞིག་ཡིན་པས་ཉན་པ་པོ་རྣ‘མས་ལ་ཕན་ཐོགས་ཡོདཔའི་བློ་བསྐྱེད་མི་འབྱུང་བ་མ་ཟད་མཐོང་ཐོས་ཀྱི་ཤེས་རྒྱ་ཆུང་བའི་མི་མང་པོ་ཞིག་མགོ་སྐོར་ཐེབས་ཏེ་མ་དག་རྒྱུན་འབྱམས་དང་རང་གཞན་ཚང་མར་གནོད་རྐྱེན་ཆེན་པོ་ཡོང་བའི་གཞི་ཡིན།  
             4ཐེ་ཆོམ་དང་བཅས་ཏེ་བཤད་པ་ནི།  དགེ་རྒན་གྱིས་བཤད་བྱའི་གཞུང་དོན་ལ་དོགས་པ་མ་ཆོད་བཞིན་དུ་འོལ་ཚོལ་བྱས་ནས་བཤད་པ་ཞིག་སྟེ།  དེ་ནི་དགེ་རྒན་གྱིས་བཤད་བྱའི་ནང་དོན་དེ་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཞིག་རྣམ་གྲངས་ཙམ་དུབཤད་པ་ལས་རང་ཉིད་ཀྱི་ལྟ་ཚུལ་གང་ཡང་གསལ་བཤད་བྱ་རྒྱུ་མེད་པ་སྟེ།  ལོ་རྒྱུས་ཐོག་གི་བཤད་ཚུལ་མི་མཐུན་པ་རྣམས་དཔང་རྟགས་འཕེར་བའི་དཔྱད་གཞིའི་དདོས་པོར་ཚད་འཛིན་བྱ་རྒྱུ་མ་གཏོགས་རིགས་པས་སྒྲུབ་མི་ཐུབ་པ་ཕུད།    དེ་མིན་བཤད་བྱའི་གཞུང་དོན་གང་ཡིན་གདེང་ཚོད་ཡོད་པའི་སྒོ་ནས་གསལ་བཤད་བྱ་དགོས་པ་ཡིན།    
             5 དཀའ་སར་གཡོལ་ནས་སླ་བར་སྤྲོས་བཤད་བྱེད་པ་ནི། དགེ་རྒན་གྱིས་འཁྲིད་བྱའི་གཞུང་དེའི་དཀའ་གནད་ཆེ་སར་གསལ་བཤད་བྱེད་མི་ཐུབ་པར་གཡོལ་ནས་དཀའ་གནད་མིན་པའི་སར་བཤད་པ་མང་པོ་བྱས་པ་ཞིག་སྟེ།  དེ་ནི་མི་རྒན་སོ་མེད་ཀྱིས་ཟས་ཟ་བ་དང་འདྲ་བར་གལ་ཆེ་བའི་དཀའ་གནད་རྣམས་རབ་རིབ་ཙམ་དུ་ལུས་ནས་གཞུང་དོན་ལ་དོགས་པ་ཆོད་པའི་བློ་བསྐྱེད་གང་ཡང་ཐོབ་མི་ཐུབ་པ་ཡིན།
             6 གོ་རིམ་མེད་པར་བཤད་པ་ནི། དགེ་རྒན་གྱིས་གཞུང་དོན་སྔ་ཕྱིའི་གོ་རིམ་དཀྲུག་ནས་བཤད་པ་ཞིག་སྟེ།  དེ་ནི་དགེ་རྒན་གྱིས་གཞུང་དོན་སོ་སོའི་སྔ་ཕྱིའི་གོ་རིམ་རྣམས་ཉན་པ་པོའི་བསམ་བློས་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་པའི་གོ་རིམ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་པོ་དེར་དོ་སྣང་མ་བྱས་པར་རང་ཉིད་ཀྱི་འདོད་པ་ལྟར་གོ་རིམ་མེད་པར་གང་བསམ་གང་དྲན་དུབཤད་པ་ཡིན་པས་བཤད་ཚུལ་དེས་སློབ་མས་ཤེས་ཡོན་ཁོང་དུ་ཆུད་པའི་པའི་གོ་རིམ་འཁྲུག་ནས་སློབ་སྦྱོང་ཐོག་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན།  
             7  སྐབས་སུ་མ་བབས་པར་བཤད་པ་ནི།  སློབ་དཔོན་གྱིས་གཞུང་དོན་འཆད་སྐབས་དེ་དང་འབྲེལ་བ་མེད་པ་དང་སྐབས་སུ་མ་བབས་བཞིན་དུ་གོ་སྐབས་བཙལ་ནས་བཤད་པ་ཞིག་སྟེ། བཤད་ཚུལ་དེས་སྐབས་སུ་བབས་པའི་བཤད་བྱ་གཙོ་བོ་བརླགས་ནས་ཉན་མཁན་གྱི་བསམ་བློ་འཁྲུགས་ཏེ་གནད་དོན་གཙོ་བོ་ངོས་ཟིན་མ་ཐུབ་པའི་སྐྱོན་ཆེན་པོ་ཡོད།
             8 འབྲེལ་མ་ཆགས་པར་བཤད་པ་ནི། དགེ་རྒན་གྱིས་བཤད་བྱའི་གཞུང་དོན་རྣམས་སྔ་ཕྱིའི་གོ་རིམ་གྱི་འབྲེལ་བ་ཡོད་པ་རྣམས་འབྲེལ་མཐུད་བྱེད་མ་ཐུབ་པར་དུམ་བུར་ཆད་ནས་བཤད་པ་ཞིག་སྟེ།  བཤད་ཚུལ་དེས་སློབ་མ་རྣམས་གཞུང་དོན་སྔ་ཕྱིའི་བར་གྱི་འབྲེལ་བ་གང་ཡིན་པ་དང་།  གཞུང་དོན་སྔ་མ་བཤད་རྗེས་ཕྱི་མ་དེ་དང་དེ་བཤད་པའི་དགོས་པ་གང་ཡིན་ཤེས་མི་ཐུབ་པའི་སྐྱོན་ཆེན་པོ་ཡོད།     
             9 རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་ནི།  སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་རང་ཉིད་ཀྱིས་འགྲེལ་བཤད་བྱས་པའི་ཚིག་སྔ་ཕྱི་བར་མི་མཐུན་པའི་འགལ་བ་ཡོད་པ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་རྣམས་ལ་རང་ལུགས་གང་ཡིན་གཞི་འཛིན་ས་མེད་པའི་དོགས་པ་མང་པོ་སྐྱེས་ནས་སློབ་དཔོན་ལ་ཡིད་ཆེས་ཆུང་དུ་འགྲོ་བ་དང་། མཐའ་མ་འཕྱ་སྨོད་བྱེད་པའི་གཞིར་འགྲོ་ཉེན་ཆེན་པོ་ཡོད།
             10 ཚིག་དང་དོན་ལ་ལྡབ་སྐྱོར་མང་པ་ནི།  སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་དགོས་པ་གང་ཡང་མེད་པར་བཤད་ཟིན་པའི་ཚིག་དོན་ལ་ཡང་ནས་ཡང་དུ་ལྡབ་སྐྱོར་བྱས་པ་སྟེ། དེ་ནི་སློབ་དཔོན་གྱིས་སྔར་བཤད་ཟིན་པའི་ཚིག་དོན་ལ་སྔར་ལས་ལྷག་པའི་གསལ་བཤད་བྱེད་རྒྱུ་ཡོད་པའམ། ཡང་ན་མདོར་བསྟན་དང་རྒྱས་བཤད། དོན་གཅོད་བཅས་ཀྱི་དགོས་པ་ལྷག་པོ་གང་ཡང་མེད་བཞིན་དུ་ཡང་ནས་ཡང་དུ་བསྐྱར་ཟློས་མང་དུ་བྱས་ན་སློབ་མའི་སེམས་ལ་སུན་སྣང་སྐྱེ་བ་དང་། ཡང་ན་གོ་མི་བདེ་བའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་རེད།  འོན་ཀྱང་སློབ་མའི་གནས་ཚད་མཐོ་དམའ་མི་འདྲ་བའི་དབང་གིས་གནས་ཚད་མཐོ་བ་ཚོར་སློབ་དཔོན་གྱིས་ལན་གཅིག་བཤད་པ་ཙམ་གྱིས་ཤེས་ཐུབ་ཀྱང་། འཛིན་གྲྭ་གཅིག་གི་ནང་དུཡོད་པའི་སློབ་མ་ཡིན་ཀྱང་གནས་ཚད་ཅུང་ཟད་ཞན་པ་རྣམས་ལ་བཤད་པ་རྒྱས་བསྡུས་འབྲིང་ཙམ་བྱ་དགོས་པ་དང་། གནས་ཚད་ཧ་ཅང་ཞན་པ་རྣམས་ལ་བཤད་པ་མདོར་བསྡུས་ཙམ་རེ་བྱས་ན་ཆོག་པ་བཅས་ནི་དགོས་པའི་དབང་གིས་ཡིན་པས་བསྐྱར་ལྡབ་མང་བའི་སྐྱོན་དུ་མི་བརྩི་བ་ཡིན།  
             11 གཞུང་དོན་ཕན་ཚུན་འདྲེས་པའི་སྐྱོན་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་གཞུང་དོན་གཙོ་བོ་དང་ཕལ་བ་སོ་སོར་མ་ཕྱེ་བར་མཉམ་དུ་བསྲེས་ནས་བཤད་པ་ཞིག་སྟེ། བཤད་ཚུལ་དེས་གཞུང་དོན་གཙོ་བོ་བཤད་མ་ཟིན་གོང་དུ་ཡན་ལག་གི་དོན་ཕལ་བ་བཤད་པ་དེས་སྐབས་དོན་གཙོ་བོ་བསྒྲིབས་ཏེ་གཙོ་གནད་མངོན་གསལ་དོད་པོ་མི་ཡོང་བའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།
             12  ཚིག་ཧ་ཅང་མྱུར་བའི་སྐྱོན་ནི།  སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་སྨྲ་བརྗོད་ཧ་ཅང་མགྱོགས་དྲགས་པ་དཔེ་ཆ་ངག་སྐྱོར་བྱེད་པ་དང་འདྲ་བ་ཞིག་སྟེ།  བཤད་ཚུལ་དེས་སློབ་མ་ཟིནབྲིས་འདེབས་འདོད་ཡོདཔ་རྣམས་ཡིག་འབྲུའི་རྗེས་ཟིན་ཐུབ་པ་ལྟ་ཞོག    བློ་འཛིན་བཟང་བ་རྣམས་ཀྱིས་ཀྱང་སེམས་ལ་ངེས་མི་ཐུབ་དབང་གིས་སློབ་ཐུན་གྲོལ་བ་དང་སློབ་མས་བརྗེད་པ་དུས་མཚུངས་པས་སློབ་སྦྱོང་གི་གྲུབ་འབྲས་ཐོག་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།  
             13 ཚིག་ཧ་ཅང་དལ་དྲགས་པའི་སྐྱོན་ནི།  སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་ངག་གི་སྨྲ་བརྗོད་ཧ་ཅང་དལ་དྲགས་པ་ཚིག་འབྲུ་རེ་རེ་བཞིན་དུ་བློ་འཛིན་བྱས་པ་ལྟ་བུ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་རྣམས་ཀྱི་སེམས་ལ་སུན་སྣང་སྐྱེ་བ་དང་། སློབ་ཁྲིད་ཀྱི་མྱུར་ཚད་དམའ་བ། ཚིག་དོན་སྔ་ཕྱི་གོ་བ་ལོན་མི་བདེ་བ་བཅས་ཀྱི་སྐྱོན་ཡོད།  གོང་གསལ་གྱི་སློབ་ཁྲིད་བྱེད་ཚུལ་ཡང་མ་དག་པའི་སྐྱོན་བཅུ་གསུམ་པོ་དེ་སྤངས་ནས་བྱ་ཐབས་ཡང་དག་པ་རྣམས་ཁོང་དུ་ཆུད་པ་བྱ་དགོས་པས་བྱ་ཐབས་ཡང་དག་པ་ནི་གོང་དུ་བཤད་པའི་སྐྱོན་བཅུ་གསུམ་པོ་དེའི་ལྡོག་ཕྱོགས་རྣམས་ཡིན།  དེ་ལ་བརྟེན་ནས་གྲུབ་འབྲས་དང་དགེ་མཚན་རྣམས་འབྱུང་ཞིང་།  ད་དུང་དེའི་ཐོག་ཚིག་དོན་ངེས་པའི་སྒྲུབ་བྱེད།   ཡིད་ཆེས་པའི་གཏམ་རྒྱུད་དང་ལུང་། གོ་བདེ་བའི་དཔེ། བློ་སྒོ་འབྱེད་བྱེད་ཀྱི་དོགས་སློང་དང་། བགྲོ་གླེང་།   གཉིད་རྨུགས་སེལ་བའི་གཏམ་རྒྱུད་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་དགོས། དེ་ནི་བློ་སྒོ་འབྱེད་པའི་སློབ་ཁྲིད་བྱེད་ཐབས་ཡིན།  ཞེས་གསུང་པ་འདི་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་འགྲོ་མགོན་ས་སྐྱ་པཎྜི་ཏས་སློབ་ཁྲིད་གནང་སྟངས་སྐོར་ལ་ཞིབ་འཇུག་གནང་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ཞིང་། དུས་རབས་རིམ་བྱུང་གི་བོད་ཀྱི་གྲུབ་མཐའ་སོ་སོའི་མཁས་པ་ཚོས་གང་འཚམས་ལག་ལེན་བྱེད་ཅིང་ཡོདཔར་མ་ཟད་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་མཁས་པ་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཀྱང་དེ་ལ་འགྲེལ་བཤད་གནང་ཞིང་གདེང་འཇོག་ཆེན་པོར་གནང་ཡོད་རེད།  དེང་དུས་རབས་ཉེར་གཅིག་པའི་ནང་དུ་ འཛམ་གླིང་གི་སྲིད་འབྱོར་རིག་གསུམ་དང་། སློབ་གསོ། ཚན་རིག་ཡར་རྒྱས་ཕྱིན་དང་འགྲོ་བཞིན་པའི་སྐབས་འདིར་ཡང་སློབ་ཁྲིད་ཀྱི་སྐྱོན་དང་ཡོན་ཏན་སྐོར་གསུང་པ་འདི་དག་ཧ་ཅང་གནད་དང་མཐུན་པོ་ཞིག་ཆགས་ཡོད་པ་རེད། 
རྩོམ་པ་པོ་ངོ་སྤྲོད།
             ཚེ་དབང་ལྷ་མོ།  (1959-)སྐྱེས་ཡུལ་ཁམས་རྫ་ཡུལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཡིན།
             ①དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།  《བོད་ཀྱི་སློབ་གསོའི་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་།》1986ལོའི་དེབ་གཉིས་པའི་《བོད་ལྗོངས་ཞིབ་འཇུག》སྟེང་དུ་སྤེལ།   ཤོག་ངོས་88ན་གསལ།  
             ①རྡོ་མགོན་གསང་སྔགས་རྡོ་རྗེས་བརྩམས། 《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དཀའ་གནད་འགའ་ཞིག་ལ་དཔྱད་པ།》ཞེས་པ་འདི་མི་ཉག་བུ་ཕྲུག་གིས་བརྩམས་པའི་《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་།》ལས་ཞུས།  1997ལོར་མི་རིགས་དཔེ་སྐྲུན་ཁང་གིས་པེ་ཅིང་དུ་པར་དུ་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1