སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་དང་ ཚད་འཇལ་བྱེད་ཐབས་སྐོར་གླེང་བ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


[གནད་བཏུས] དཔྱད་རྩོམ་འདིར་སློབ་ཆེན་དངོས་ལུགས་དངོས་བཤེར་སློབ་ཁྲིད་ཀྱི་གལ་ཆེ་བའི་རང་བཞིན་དང་སློབ་ཆེན་དངོས་ལུགས་དངོས་བཤེར་གྱི་བྱེད་ཐབས་དང་ཚད་འཇལ་བྱེད་ཐབས་བར་གྱི་འབྲེལ་བ་དང་དེའི་དབྱེ་བ། དངོས་བཤེར་མི་འདྲ་བ་ལ་ཚད་འཇལ་བྱེད་ཐབས་མི་འདྲ་བ་དང་རིགས་ཀྱང་ཧ་ཅང་མང་པོ་ཡོད་པ། རྩིས་འཁོར་བེད་སྤྱོད་བཏང་སྟེ་དངོས་བཤེར་བྱེད་ཐབས་དང་། ཧེ་བག་ཇེ་ཆུང་དུ་གཏོང་ཐབས་སོགས་ཀྱི་ཐད་ལ་ཅུང་ཙམ་དཔྱད་ཡོད།


[གནད་ཚིག] སློབ་ཆེན། དངོས་ལུགས་དངོས་བཤེར། ཚད་འཇལ་བྱེད་ཐབས།


གཅིག སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་སློབ་ཁྲིད་ཀྱི་གལ་ཆེའི་རང་བཞིན།


དངོས་ལུགས་རིག་པའི་འཕེལ་རྒྱས་ལ་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ཡོད་པ་དང་། དེས་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཉིའུ་ཏུན་གྱིས་ཤུགས་རིག་པ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་ནས་བཟུང་མིའི་རིགས་ཀྱི་རླངས་སྒུལ་འཕྲུལ་འཁོར་ཐོག་མ་གསར་དུ་བྱུང་བ་དང་། མེ་ཁི་སི་ཝེལ་གློག་སྡུད་གཞུང་ལུགས་འཛུགས་སྐྲུན་བྱས་པ་ནས་བཟུང་གློག་སྒྲོན་དང་། ཁ་པར། གློག་འདོན་འཕྲུལ་ཆས། གློག་སྒུལ་འཕྲུལ་འཁོར་བཅས་དབུ་བརྙེས་པ་དང་། པའེ་ཨར་གྱི་མ་རྡུལ་གཞུང་ལུགས་དང་། ཨེན་སི་ཐན་གྱི་སྒྲ་དོག་པའི་བལྟོས་བཅས་སྨྲ་བ་དང་། སྒྲ་ཡངས་པའི་བལྟོས་བཅས་སྨྲ་བ་བཙུགས་པ་ནས་བཟུང་ཉིང་རྡུལ་ནུས་པ་བཀོལ་སྤྱོད་དང་། རྒྱུ་ཆ་གསར་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད། དེ་ནས་བརྡ་འཕྲིན་དུས་རབས་སུ་སླེབས་པ་སོགས་མིའི་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་དེ་དུས་སྐབས་འདི་ནས་བཟུང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དུ་སླེབས་པ་རེད། བརྒྱུད་རིམ་འདིའི་ནང་དངོས་ལུགས་རིག་པའི་མཁས་པ་འབོར་ཆེན་ཞིག་ཐོན་པ་སྟེ། དཔེར་ན། ཉིའུ་ཏུན་དང་མེ་ཁི་སི་ཝེལ། ཅུས་ལི་ལྕམ་མོ། ཨེན་སི་ཐེན། པའེ་ཨར། ཧོ་ཅིན་སོགས་ལྟ་བུའོ། ། དེང་སྐབས་དངོས་ལུགས་རིག་པའི་མཁས་པ་གྲགས་ཅན་མང་པོའི་ཁྲོད། ཀྲུང་ཧྭའི་ཁྲག་རྒྱུད་ཅན་གྱི་ཤུགས་རྐྱེན་ལྡན་པའི་དངོས་ལུགས་རིག་པ་བ་སྟེ། དཔེར་ན། དབྱང་ཀྲེན་ཉིན་དང་ལི་ཀྲེང་ཏའོ། ཏིན་ཀྲོའོ་ཀྲུང་ལ་སོགས་པ་ལྟ་བུའོ། ། ལྷག་པར་ཏིན་ཀྲོའོ་ཀྲུང་གིས1976ལོར་ནོ་པེལ་དངོས་ལུགས་རིག་པའི་བྱ་དགའ་ལེན་པའི་སྐབས་སུ་ཞལ་ནས། རང་བྱུང་ཚན་རིག་གི་གཞུང་ལུགས་དེ་དངོས་བཤེར་གྱི་རྨང་གཞི་དང་ཁ་འབྲལ་མི་རུང་། ལྷག་པར་དུ་དངོས་ལུགས་རིག་པ་ནི་དངོས་བཤེར་གྱི་ཁྲོད་ནས་བྱུང་བ་ཞིག་ཡིན་པས། ངས་ཐེངས་འདིར་བྱ་དགའ་ཐོབ་པར་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སློབ་མའི་སྤྲོ་བ་སློང་བ་དང་སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་དང་ཚད་འཇལ་བྱེད་ཐབས་ཀྱི་བྱ་བར་མཉམ་འཇོག་བྱེད་པར་བསྐུལ་ཏེ། མ་འོངས་པར་དངོས་བཤེར་གྱི་ལས་དོན་གྱི་རིན་ཐང་ཐད་ལ་བྱས་རྗེས་འཇོག་རྒྱུ་ནི་ངའི་རེ་བ་ཡིན། ཞེས་གསུངས།


དངོས་ལུགས་རིག་པ་ནི་དངོས་བཤེར་ཚན་རིག་ཅིག་ཡིན་པ་དང་། གལ་ཏེ་དངོས་བཤེར་གྱི་རྨང་གཞི་དང་། དངོས་བཤེར་གྱིས་རིགས་པའི་གཞུང་ལུགས་ལ་ར་སྤྲོད་རྒྱུ་མེད་ཚེ། དངོས་ལུགས་རིག་པར་འཕེལ་རྒྱས་ཡོད་མི་སྲིད་དོ། ། དངོས་ལུགས་རིག་པ་ནི་དངོས་བཤེར་རང་བཞིན་ཆེས་ཆེར་ལྡན་པའི་རིག་ཚན་ཞིག་ཡིན་ཏེ། དངོས་ལུགས་རིག་པའི་ཆ་བཞག་དང་། རྩ་བའི་རིགས་པ། གཏན་སྲོལ་གང་རུང་བཅས་ཚང་མ་ལྟ་ཞིབ་ཚད་འཇལ་འབོར་ཆེན་དང་ཕྱོགས་མང་པོའི་དངོས་བཤེར་གྱི་རྨང་གཞིའི་སྟེང་དུ་བཙུགས་པ་ཡིན། དངོས་ལུགས་ནི་དངོས་གཟུགས་སྣ་ཚོགས་ཕན་ཚུན་བྱེད་ནུས་ཐེབས་པར་ཞིབ་འཇུག་བྱེད་པའི་རང་བྱུང་ཚན་རིག་ཅིག་ཡིན་པས། དངོས་གཟུགས་སྣ་ཚོགས་ཕན་ཚུན་བར་བྱེད་ནུས་ཐེབས་པའི་སྣང་ཚུལ་ལ་ཞིབ་ཕྲའི་ལྟ་དཔྱད་ཚད་འཇལ་བྱེད་མ་ཐུབ་ཚེ། དངོས་པོ་ཕན་ཚུན་བར་བྱེད་ནུས་ཐོན་པའི་ཆོས་ཉིད་སྣ་ཚོགས་ཀྱང་རྟོགས་མི་ཐུབ་བོ། ། གཞི་གྲུབ་ཀྱིས་འདུ་ཤེས་ཐག་གཅོད་བྱེད་པ་དང་། ལག་ལེན་གྱིས་བདེན་དོན་ཞིབ་བཤེར་བྱེད་པ་འདི་ནི་ལོ་མང་པོའི་རིང་མི་ཚང་མས་དང་ལེན་བྱེད་པའི་ཡང་དག་པའི་བདེན་དོན་ཞིག་ཡིན།


དངོས་ལུགས་རིག་པ་ནི་དུས་རབས19པའི་མཇུག་དང་དུས་རབས20པའི་དུས་མགོར་མགོ་ཚུགས་པ་ནས་བཟུང་ལོ་ངོ་བརྒྱ་ཕྲག་ལྷག་ཙམ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་ཡང་དངོས་ལུགས་གཞུང་ལུགས་གསར་པའི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་ཚན་རྩལ་དེས། ཉེ་བའི་ལོ་བརྒྱའི་རིང་དུ་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་དངོས་པོའི་དཔལ་ཡོན་བསྐྲུན། དངོས་ལུགས་རིག་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་ནས་ཇེ་ཚང་དུ་དངོས་ལུགས་སློབ་དེབ་དང་དངོས་ལུགས་དངོས་བཤེར་ཁྲོད་དུ་མིག་མཐོང་ལག་ཟིན་ཏུ་བཏང་། དུས་རབས21ལ་སླེབས་རྗེས། དངོས་བཤེར་སློབ་ཁྲིད་ཀྱི་བཅོས་སྒྱུར་དེ་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་སློབ་ཚན་དེ་ཡང་དངོས་བཤེར་ལག་རྩལ་དང་། དངོས་བཤེར་གྱི་ནང་དོན་སོགས་ཀྱི་ཐད་དུ་རྒྱུན་མི་ཆད་པར་འགྱུར་ལྡོག་གསར་པ་བྱུང་བ་རེད། སློབ་མའི་ཚན་རིག་གི་བྱང་ཚད་མཐོ་རུ་འདེགས་པ་དང། སློབ་མའི་གསར་གཏོད་ཀྱི་ནུས་ཤུགས་གསོ་སྐྱོང་བྱེད་པའི་ཆེད་དུ། སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་སློབ་ཁྲིད་ཀྱིས་སློབ་མར་གཞི་རྩའི་དངོས་བཤེར་རྩལ་ནུས་ཕྱོགས་སུ་གསོ་སྦྱོང་འཐོབ་དགོས་པར་མ་ཟད། ད་དུང་སློབ་མའི་ཕྱོགས་བསྡུས་ནུས་ཤུགས་ཕྱོགས་ནས་ཀྱང་མཐོར་འདེགས་འབྱུང་དགོས་སྟབས། སློབ་ཆེན་གྱི་དངོས་ལུགས་དངོས་བཤེར་གྱི་སློབ་ཁྲིད་ལ་ངེས་པར་དུ་རྨང་གཞི་དང་ཕྱོགས་བསྡུས། ཉེ་རབས་དངོས་ལུགས་དང་དེ་བཞིན་བཟོ་སྐྲུན་ལག་རྩལ་སོགས་ཕྱོགས་ཀྱི་ནང་དོན་འདུས་དགོས།


གཉིས། སློབ་ཆེན་དངོས་ལུགས་དངོས་བཤེར་གྱི་བྱེད་ཐབས་དང་ཚད་འཇལ་བྱེད་ཐབས་བར་གྱི་འབྲེལ་བ་དང་དེའི་དབྱེ་བ།


དངོས་ལུགས་དངོས་བཤེར་དེ་གཞི་རྩ་གསུམ་ལས་གྲུབ་པ་སྟེ། དངོས་ལུགས་དངོས་བཤེར་ཁང་དུ་གཟས་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་བསྐྱར་མངོན་བྱས་ཏེ། དངོས་ལུགས་ཀྱི་ཆོས་ཉིད་འཚོལ་རྟོགས་དང་དངོས་ལུགས་ཚད་ལ་ཚད་འཇལ་བྱེད་པ་ཡིན། དེར་བརྟེན་དངོས་ལུགས་དངོས་བཤེར་དང་དངོས་ལུགས་ཚད་འཇལ་བར་འབྲེལ་བ་དམ་ཟབ་ཡོད། དངོས་ལུགས་དངོས་བཤེར་གང་དང་གང་གི་ཁྲོད་དུའང་ཧ་ལམ་དངོས་ལུགས་ཚད་ལ་ཚད་འཇལ་བྱེད་པའི་ནང་དོན་འདུས་ཡོད། ཚད་འཇལ་གྱི་མཐར་ཐུག་གི་དམིགས་ཡུལ་ནི། དངོས་ལུགས་ཚད་ཀྱི་ཞིབ་ཅིང་དག་པའི་གྲངས་ཐང་འཐོབ་པ་དེ་ཡིན། དངོས་ལུགས་དངོས་བཤེར་གྱི་མཐར་ཐུག་གི་དམིགས་ཡུལ་ནི། དངོས་པོའི་ཆོས་ཉིད་འཚོལ་ཞིབ་དང་། དངོས་ལུགས་ཀྱི་གཏན་སྲོལ་འཚོལ་ཞིབ་བྱེད་པ་དེ་ཡིན། ཚད་འཇལ་གྱིས་དངོས་ལུགས་དངོས་བཤེར་གྱི་ཚབ་བྱེད་མི་ཐུབ་མོད། འོན་ཀྱང་དངོས་ལུགས་དངོས་བཤེར་ཁྲོད་དུ་ངེས་པར་དུ་ཚད་འཇལ་ཡོད་དགོས། དེར་བརྟེན་དངོས་ལུགས་དངོས་བཤེར་ཁྲོད་ཐུན་མོང་གི་རང་བཞིན་ལྡན་པའི་ཚད་འཇལ་བྱེད་ཐབས་དེ་ལ་དངོས་ལུགས་དངོས་བཤེར་ཁྲོད་ཀྱི་ཚད་འཇལ་གྱི་བྱེད་ཐབས་ཟེར།


འདིར་ང་ཚོས་དངོས་ལུགས་དངོས་བཤེར་བྱེད་ཐབས་དང་དངོས་ལུགས་དངོས་བཤེར་ཁྲོད་ཀྱི་ཚད་འཇལ་བྱེད་ཐབས་བར་གྱི་འབྲེལ་བ་དང་དབྱེ་བ་ངོ་སྤྲོད་རགས་ཙམ་བྱས་ན། དངོས་ལུགས་དངོས་བཤེར་བྱེད་ཐབས་ཞེས་པ་ནི་དངོས་ལུགས་ཀྱི་སྣང་ཚུལ་ངེས་ཅན་ཞིག་དང་། དངོས་ལུགས་ཀྱི་ཆོས་ཉིད་དང་དངོས་ལུགས་ཀྱི་རྩ་བའི་རིགས་པ་ངེས་ཅན་ཞིག་གཞིར་བཟུང་ནས། ཆེད་དམིགས་ཀྱི་དངོས་བཤེར་ཆ་རྐྱེན་སྒྲིག་འགོད་དེ། འབྲེལ་ཡོད་དངོས་ལུགས་ཀྱི་སྣང་ཚུལ་དང་དངོས་ལུགས་ཚད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་པ་དང་། དངོས་ལུགས་ཚད་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་བྱ་ཐབས་ཤིག་ཡིན་ལ། ཚད་འཇལ་བྱེད་ཐབས་ཞེས་པ་ནི་དངོས་ལུགས་དངོས་བཤེར་ཁྲོད་ཀྱི་དངོས་ལུགས་ཚད་གང་ཞིག་ལ་བྱེ་བྲག་ཏུ་ཚད་འཇལ་གཏན་ཁེལ་བྱེད་པའི་བྱ་ཐབས་ཤིག་སྟེ། ཇི་ལྟར་བླང་བྱ་གཞིར་བཟུང་ནས་དེར་བྱིན་པའི་དངོས་བཤེར་གྱི་ཆ་རྐྱེན་ངེས་ཅན་གྱི་འོག་ཏུ་ཚད་འཇལ་ཧེ་བག་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ནས་ཞིབ་ཅིང་དག་པའི་ཚད་འཇལ་གྲངས་ཐང་ཐོབ་པར་བྱེད་པའི་བྱ་ཐབས་ཤིག་ཡིན། འདིར་རྟོགས་ཐུབ་པ་ནི་དངོས་ལུགས་དངོས་བཤེར་གྱི་བྱེད་ཐབས་ནི་ཁྱབ་ཆེ་བའི་གོ་དོན་ཞིག་ཡིན་ལ། དངོས་ལུགས་དངོས་བཤེར་གྱི་ཚད་འཇལ་བྱེད་ཐབས་ནི་གོང་གསལ་གྱི་ཁྱབ་ཁོངས་ཆེ་བ་དེའི་འོག་གི་ཁྱབ་ཁོངས་ཁྲོད་ཀྱི་གོ་དོན་ཞིག་ཡིན། དངོས་ལུགས་དངོས་བཤེར་གང་ཞིག་ཡིན་ཡང་དངོས་ལུགས་ཚད་ཀྱི་གྲངས་ཚད་ཚད་འཇལ་དང་ཁ་འབྲལ་ཐབས་མེད་པས། དངོས་བཤེར་བྱེད་ཐབས་དང་ཚད་འཇལ་བྱེད་ཐབས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་གནས་ཀྱི་ཚུལ་དུ་གནས་ཡོད།

གསུམ། དངོས་བཤེར་མི་འདྲ་བ་ལ་ཚད་འཇལ་བྱེད་ཐབས་མི་འདྲ་བ་དང་རིགས་ཀྱང་ཧ་ཅང་མང་པོ་ཡོད།


ཚད་འཇལ་བྱེད་ཐབས་རིགས་མི་འདྲ་བ་ལ་གཞལ་བྱའི་ཚད་ཐོབ་པའི་བྱེད་ཐབས་ཀྱང་མང་དུ་སྣང་སྟེ། དཔེར་ན་ཐད་ཀར་ཚད་འཇལ་ཐབས་དང་གཞན་བརྒྱུད་ཚད་འཇལ་ཐབས་དང་སྡེབ་སྒྲིག་འཇལ་ཐབས་སོགས་སུ་དབྱེ་ཞིང་། ཡང་ཚད་འཇལ་གོ་རིམ་ཁྲོད་དུ་ གཞལ་བྱའི་ཚད་དུས་དང་བསྟུན་ནས་འགྱུར་ལྡོག་བྱུང་ཡོད་མིན་ལྟར་དབྱེ་ན། འཇགས་རྣམ་ཚད་འཇལ་ཐབས་དང་འགུལ་རྣམ་ཚད་འཇལ་ཐབས་རིགས་གཉིས་ཡོད་པ་དང་། ཚད་འཇལ་གྱི་གཞི་གྲངས་དེ་གཞི་རྩའི་ཚད་ཚད་འཇལ་གྱི་རེ་འབྲས་ལྟར་ཐོབ་ཡོད་མིན་ལ་གཞིགས་ནས་དབྱེ་ན། བལྟོས་བཅས་ཚད་འཇལ་དང་བལྟོས་མེད་ཚད་འཇལ་གཉིས་སུ་དབྱེ་ཆོག ཚད་འཇལ་གྱི་ལག་རྩལ་ལྟར་དབྱེ་ན་བསྡུར་བ་བྱེད་ཐབས། དོ་མཉམ་བྱེད་ཐབས། ཁ་གསབ་བྱེད་ཐབས། ཆེར་སྐྱེད་བྱེད་ཐབས། དཔེ་ལད་བྱེད་ཐབས། རྐྱེན་ཐེབས་བྱེད་ཐབས། བརྗེ་བསྒྱུར་བྱེད་ཐབས། ཤུལ་སྟོན་བྱེད་ཐབས་དང་། འཇལ་བྱད་དབྱེ་ཞིབ་བྱེད་ཐབས་སོགས་ལྟ་བུ་རེད།


སློབ་ཆེན་དངོས་ལུགས་དངོས་བཤེར་ཁྲོད། གོང་གསལ་ཚད་འཇལ་བྱེད་ཐབས་ལས་གཞན་ད་དུང་བྱེད་ཐབས་མང་པོ་ལྡན། དཔེར་ན། བརྗེ་སྤོར་ཐབས་ཀྱིས་ཐུར་སྲང་གི་དཔྱང་དཔུང་རིང་ཚད་གཅིག་མཐུན་མིན་པའི་རྒྱུད་ཁོངས་ཧེ་བག་སེལ་བ་དང་། ཟུར་ཚད་གཞལ་བྱའི་འོད་འབྱེད་རྩིས་ཆས་ལ་མཚོན་ན། ལྟེ་ཡོ་འཁོར་མདའ་ལས་བྱུང་བའི་དུས་འཁོར་རང་བཞིན་གྱི་དབང་གིས་བྱུང་བའི་རྒྱུད་ཁོངས་ཧེ་བག་དེ་སེལ་ཆེད། འཁོར་ཡུན་ཕྱེད་ཀ་ཞིག་ལ་ཐེངས་ཆ་གྲངས་རེར་ཚད་འཇལ་བྱེད་པ་སྟེ། འཁོར་ཡུན་ཕྱེད་ཆ་གྲངས་འཇལ་ཐབས་སྤྱད་ཆོག། ཚོར་སྐྱེན་གློག་རྒྱུན་རྩིས་ཆས་ཀྱི་ཞིབ་འཇུག་ཁྲོད་དུ། ཁ་ཕྱོགས་བཅོས་སྒྱུར་བྱས་ནས་འོད་རྟགས་ཀྱི་གཡས་གཡོན་སོ་སོར་ཡོ་འཁོར་གཅིག་མཚུངས་ཀྱི་གྲངས་དང། ཚད་འཇལ་སྟངས་ཐེངས་གཉིས་ཀྱི་ཆ་སྙོམས་གྲངས་འཇལ་བ་དེས། གློག་རྒྱུན་རྩིས་ཆས་ཀྱི་ཀོར་ཚེག་སྙོམ་སྒྲིག་དང་། ནང་ཁུལ་གྱི་ཁབ་ལེན་ར་བ་སྙོམས་པོ་མིན་པ་ལས་བཟོས་པའི་ཧེ་བག་ཇེ་ཆུང་དུ་གཏོང་ཐུབ། ཐབས་ཤེས་དེ་ལ་རྟགས་ཐ་དད་ཟེར། དེས་ཧེ་བག་ཐེངས་གཉིས་ལ་འབྱུང་དུ་འཇུག་པ་མ་ཟད་ད་དུང་བརྡ་རྟགས་ལྡོག་པར་བྱེད་པ་དང་། ཆ་སྙོམས་གྲངས་ཐང་གིས་རྒྱུད་ཁོངས་ཧེ་བག་གི་ཤུགས་རྐྱེན་ཐེབས་པ་མེད་པར་བྱེད་པ་ཡིན།


གཞན་ཡང་། རྩིས་འཁོར་གྱི་ཚན་རིག་ལག་རྩལ་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྩིས་འཁོར་ཚོད་འཛིན་དང་། གཞི་གྲངས་འཚོལ་སྡུད་དང་སྒྲིག་གཅོད་དེ་དེང་རབས་ཅན་གྱི་ཚོད་ལྟའི་བྱེད་ཐབས་འདི་དངོས་ལུགས་དངོས་བཤེར་ཁྲོད་དུ་ལེན་པ་དང་། རྩིས་འཁོར་སྤྱད་ནས་ཚོད་ལྟའི་མཐའ་སྣེ་བྱེད་པ་དང་། མཐུད་ཁ་གློག་ལམ་དང་ཚོར་འདྲེན་ཆས་ད་དུང་དངོས་བཤེར་དཔྱད་ཆས་བཅས་མཉམ་དུ་སྤྱད་དེ་དངོས་ལུགས་ཚད་ཀྱི་ཚད་འཇལ་དེ་ཡོངས་འགྲུབ་བྱེད་པ་ཡིན། རྩིས་འཁོར་བཀོལ་སྤྱོད་བྱས་པས་ད་དུང་འདྲ་བཟོ་དངོས་བཤེར་དེ་གོ་ཆོད་པའི་ངང་ནས་མངོན་འགྱུར་བྱེད་ཐུབ། འདྲ་བཟོ་དངོས་བཤེར་གྱིས་རྩིས་འཁོར་བཀོལ་སྤྱོད་བྱས་ཏེ་རྟོག་བཟོའི་དངོས་བཤེར་ཇུས་འགོད་དང་དཔྱད་ཆས་སྔོག་འདོན། རྟོག་བཟོའི་དངོས་བཤེར་ཁོར་ཡུག་འཛུགས་སྐྲུན་བྱ་ཆོག་པ་དང་། དེ་ལྟར་རྟོག་བཟོའི་དངོས་བཤེར་ཁོར་ཡུག་ཁྲོད་དུ་ཙིག་བརྙན་དང་ཕབ་གཞོང་བེད་སྤྱད་དེ་རྟོག་བཟོའི་དངོས་བཤེར་དཔྱད་ཆས་ལག་ལེན་ལ་བརྟེན་ནས། དངོས་བཤེར་གོ་རིམ་དངོས་དེ་དཔེ་ལད་བྱ་ཆོག འདིས་དངོས་ལུགས་དངོས་བཤེར་དེང་རབས་ཅན་དུ་གཏོང་བ་དང་། དེ་ལས་ལྷག་པའི་རྙོག་དྲ་དང་དཀའ་ལས་ཆེ་བའི་དངོས་ལུགས་དངོས་བཤེར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ནོ། །


དཔྱད་གཞིའི་ཡིག་ཆ།


[1]ལིས་རོའུ་ཡོང་དང་ཀྲང་ཡིའུ་གཉིས་ཀྱིས་གཙོ་སྒྲིག་བྱས། སློབ་ཆེན་དངོས་ལུགས་དངོས་བཤེར་ལས་གོང་སྤེལ་སྐོར། [M]དཔར་ཐེངས་གཉིས་པ། ཚན་རིག་དཔེ་སྐྲུན་ཁང་། 2009


[2]པེ་ཅིན་བཟོ་ཚོང་། སློབ་ཆེན་དངོས་ལུགས་སློབ་དཔྱོད་ཁང་གིས་བསྒྲིགས། སློབ་ཆེན་དངོས་ལུགས་དངོས་བཤེར། དཔར་ཐེངས་གཉིས་པ།[M]འཕྲུལ་ཆས་བཟོ་ལས་དཔེ་སྐྲུན་ཁང་། 2010


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1