ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་མཇལ་འཛོམས་གནང་འདུག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-28


        ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་ཀྲུང་གོར་དངོས་གཞི་མིན་པའི་མཇལ་འཛོམས་ལ་ཕེབས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་མ་ཟད། ལྷན་དུ་ཧུའུ་པེ་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་རྩེ་གྲའི་འགྲེམས་སྟོན་ལ་གཟིགས་པ་རེད། 

        ཞི་ཅིན་ཕིང་གིས་མོ་ཏི་ཝུའུ་ཧན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་3རིང་རང་ཉིད་དང་སྐུ་ཞབས་ཙུང་ལི་ཕན་ཚུན་འཚམས་འདྲི་ཞུ་རེས་བྱུང་བ་མ་ཟད། ཕྱོགས་མང་པོར་མཇལ་འཛོམས་ཐེངས་མང་བྱུང་ནས་ལས་ཀའི་འབྲེལ་བ་བཟང་པོ་བཙུགས་པ་དང་།  ཐུན་མོང་གི་ངོས་འཛིན་མང་པོ་གྲུབ་པ། ཕྱི་ཕྱོགས་སུ་ཀྲུང་གོ་དང་རྒྱ་གར་དབར་གྱི་མཛའ་གྲོགས་ཀྱི་བརྡ་རྟགས་བཟང་པོ་བརྒྱུད་སྤྲོད་བྱས་པ། གསར་དར་དཔལ་འབྱོར་གྱི་སྒྲིག་གཞི་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་རྒྱ་གར་གྱི་གཉིས་ཁེ་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རེ་འདོད་མངོན་ཡོད། ང་ཚོ་རླབས་ཆེའི་རྒྱལ་ཁབ་གཉིས་པོས་རླབས་ཆེ་བའི་མཉམ་ལས་བྱས་པས་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། རང་ཉིད་དང་སྐུ་ཞབས་ཙུང་ལི་འདི་གར་མཇལ་འཛོམས་བྱུང་བ་དེས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལེའུ་གསར་པ་རྩོམ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 
        ཞི་ཅིན་ཕིང་གིས་ང་ཚོས་འཐབ་ཇུས་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་སྤྱི་ཡོངས་ཁོང་དུ་ཆུད་པ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། ང་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་འབྲི་ཆུ་དང་ཆུ་བོ་གང་གཱ་བཞིན་བཞུར་རྒྱུན་མི་ཆད་པར་ནམ་ཡང་མདུན་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་དེ་བས་ཟབ་པའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྣེ་འཁྲིད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
        མོ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་ཉིད་ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་ལ་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ཀྱི་མཇལ་འཛོམས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རྒྱ་གར་དང་ཀྲུང་གོའི་དབར་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་མཐུད་རྒྱུན་འཁྱོངས་བྱེད་མང་བ་དེས་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་གཏིང་ཟབ་ཐུབ་རྒྱུར་ཕན་པ་ཡོད་པས། ང་ཚོ་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་དེ་རང་འཕེལ་རྒྱས་དང་དར་རྒྱས་ཀྱི་ཐུན་མོང་ཁེ་ཕན་དང་ཡོངས་སུ་མཐུན་ཡོད། དེས་ན་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 
        རིག་དངོས་རྩེ་གྲའི་འགྲེམས་སྟོན་ལ་གཟིགས་སྐབས། ཞི་ཅིན་ཕིང་གིས་ཅིང་ཁྲུའུ་ཡི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཀྲུང་ཧྭའི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོ་དང་རྒྱ་གར་ནི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་གཉིས་པོའི་རིག་གནས་ལ་འདྲ་བའི་ཆ་མང་པོ་ཡོད་པས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོས་ངེས་པར་དུ་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་སྤེལ་རེས་བྱས་ཏེ་ཐུན་མོང་ཐོག་ཤར་ཕྱོགས་ཀྱི་ཤེས་དཔལ་བསྐྱར་དར་ལ་གཞོལ་བ་དང་ཐུན་མོང་ཐོག་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་དང་དར་སྤེལ་བཏང་ནས་ཤེས་དཔལ་མི་འདྲ་བ་འཆམ་མཐུན་མཉམ་གནས་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 
        མོ་ཏི་ཡིས་རྒྱ་གར་དང་ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་དང་ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་འཕེལ་རྒྱས་ཧ་ཅང་འདྲ་པོ་ཡོད་ལ། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལའང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ང་ཚོས་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་བློ་གྲོས་འདོན་སྤེལ་བྱེད་པ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1