༄༅།། རྒུན་ཆང་དང་ཆང་དཀར་གྱི་ཉེས་དམིགས་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-02



        འཚོ་བའི་ཁྲོད་མི་ལ་ལས་ཆང་ཉུང་ཙམ་འཐུང་ན་ལུས་ཕུང་ལ་གནོད་པ་མེད་པར་མ་ཟད། ད་དུང་ལུས་ཕུང་བདེ་ཐང་ལ་ཕན་ཐོགས་ཡོད་པར་འདོད་ཀྱིན་ཡོད། དེ་ནི་ཆང་བཙོང་མཁན་ཚོས་འཛད་སྤྱོད་པར་ཆང་དཀར་གྱི་སྐྱེ་དངོས་འཇིབ་ཤུགས་གྲུབ་ཆ་དེ་འཛམ་གླིང་གི་ཆང་རིགས་ནང་ཆེས་རྩེ་གྲས་ཡིན་པ་དང་། ཆང་བཅུད་ཀྱི་གནོད་པ་ཇེ་ཉུང་དུ་གཏོང་ཐུབ་པ། མིའི་ལུས་སྟེང་གི་འགོག་སྲུང་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། ལུས་ཁམས་སྙོམ་སྒྲིག་བྱེད་ཐུབ་པ་སོགས་དྲིལ་སྒྲོག་སྣ་ཚོགས་བྱས་པའི་སྟབས་རེད། ཡིན་ཡང་ཀྲུང་ལུགས་གསོ་རིག་ཆེད་མཁས་པས། ཆང་ཉུང་ཙམ་འཐུང་ན་བདེ་ཐང་ལ་ཕན་ཞེས་པའི་བཤད་ཚུལ་དེའི་རིགས་ནི་ནོར་འཁྲུལ་ཞིག་རེད་ཟེར།        

        ཆང་དཀར་གྱི་གྲུབ་ཆ་གཙོ་བོ་ནི་ཆང་བཅུད་དང་ཆུ། དེ་མིན་འདུས་ཚད་ཉུང་བའི་སྐྱེ་ལྡན་བསྲེས་སྦྱོར་རིགས་མང་པོ་ཡིན། ལྟ་བཤེར་ལག་རྩལ་ཇེ་མཐོར་སོང་བ་དང་བསྟུན་ནས། སྐྱེ་ལྡན་སྐྱུར་དང་ཚིལ་སྐྱུར་སོགས་བསྲེས་སྦྱོར་སྣ་མང་གིས་མིའི་ལུས་ཕུང་ལ་གནོད་པ་ཚབས་ཆེན་གཏོང་གིན་མེད་དེ། དངོས་གཟུགས་དེའི་རིགས་ཀྱི་ཕྲ་ཕུང་གང་མང་ཞིག་ལ་ཚོད་ལྟ་བྱས་པའམ་ཡང་ན་སྲོག་ཆགས་ལ་ཚོད་ལྟ་བྱས་པ་ལས་དངོས་གཟུགས་དེ་དག་ལ་ལུས་ཁམས་བདེ་སྲུང་གི་ནུས་པ་ཡོད་པ་ཤེས།

        ཡིན་ཡང་། དངོས་གཟུགས་དེ་དག་ལའང་གནོད་པ་མེད་པ་ཞིག་གཏན་ནས་མིན་ཏེ། གལ་ཏེ་དངོས་གཟུགས་དེ་དག་ལ་ལུས་ཁམས་བདེ་སྲུང་གི་ནུས་པ་ཡོད་པའི་དབང་དུ་བཏང་ཡང་། ཆང་མང་པོ་ཞིག་མ་འཐུང་ཚེ་ནུས་པ་ཐོན་ཐབས་མེད་པས། ཆང་མང་པོ་ཞིག་འཐུང་ན་ཆང་བཅུད་མིའི་ལུས་སྟེང་དུ་ཁྱབ་པ་ཚད་ལས་བརྒལ་ཏེ་མིའི་བདེ་ཐང་ལ་གནོད་པ་གཏོང་ངེས་རེད།
        གཞན་དེང་སྐབས་བུད་མེད་མང་པོ་ཞིག་གིས་ཆང་དམར་འཐུང་ན་ཤ་རྩ་ཇེ་ཡག་ལ་འགྲོ་བ་དང་ཁྲག་རྩར་ཕན་པ་ཡོད་པར་འདོད། ཆང་དཀར་དང་ཆང་དམར་ནང་གི་གྲུབ་ཆ་མང་པོ་མཉམ་གནས་ཡོང་ཐབས་མེད་པས་མཉམ་འཐུང་བྱ་མི་རུང་། ཆང་གི་རིགས་ཀྱི་ནང་དུ་ཆང་བཅུད་མི་འདུས་པ་ཞིག་མེད་པ་དང་། ཆང་བཅུད་དེ་རིགས་ཚུའུ་སྐྱུར་དུ་འགྱུར་འགྲོ་བས་འབྲས་སྐྲན་འབྱུང་སླ་བ་རེད། ཡོ་རོབ་དང་ཨ་རིའི་ས་ཆ་རུ་གནའ་སྔ་མོ་ནས་བུད་མེད་ཚོས་ཉིན་གཉིས་གསུམ་རེའི་ནང་ཆང་དམར་ཉུང་ཙམ་འཐུང་བའི་སྲོལ་ཆགས་ཡོད་རུང་། ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ལས་ཇེ་མཐོར་འགྲོ་བཞིན་ཡོད། དེར་མ་ཟད་འབྲེལ་ཡོད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཆད་བཅུད་ཀྱིས་བུད་མེད་ཚོའི་ལུས་ཕུང་ལ་གནོད་པའི་ཚད་དེ་སྐྱེས་པ་ལས་མཐོ་བས་འབྲས་སྐྲན་གྱི་ཉེན་ཁ་ཡང་དུས་མཚུངས་སུ་ཇེ་ཆེར་འགྲོ་བཞིན་ཡོད།
        ཆང་དང་དུ་བ་ནི་མིའི་ལུས་ཕུང་བདེ་ཐང་ལ་གནོད་པའི་རིགས་ཡིན་པས། ཆང་དང་དུ་བ་མི་སྤྱོད་པའི་ལས་ལ་འབད་དགོས། ཆང་འཐུང་ཚེ་ངོ་གདོང་དམར་པོར་འགྱུར་འགྲོ་བ་རྣམས་ཀྱིས་ཡིད་ལ་ངེས་དགོས་པ་ནི། ཁྱོད་ཀྱི་ལུས་སྟེང་དུ་ཚུའུ་སྐྱུར་རྙིང་ཚབ་གསར་བརྗེ་བྱེད་པའི་གྲུབ་ཆ་དཀོན་པས་ན། ཆང་འཐུང་ཚེ་ཁྲག་རྩ་ཇེ་སྦོམ་དུ་གྱུར་ནས་ངོ་གདོང་དམར་པོར་གྱུར་པ་རེད།
        ཆང་བཅུད་ནི་སྲོལ་རྒྱུན་རིག་གནས་ཁྲོད་འདུ་འཛོམས་ལ་སྤྲོ་བ་སྟེར་བའི་རྒྱུན་མཐོང་བཏུང་བྱའི་རིགས་ཤིག་ཡིན། ཡིན་ཡང་ང་ཚོས་བཏུངས་དང་འཐུང་བཞིན་པའི་ཆང་གི་ནང་དུ་ནད་དང་འབྲས་སྐྲན་བསྐྱེད་པའི་ཉེན་ཁ་མང་པོ་ཡོད་པས་དུས་རྒྱུན་གཟབ་ན་ཤིན་ཏུ་ལེགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1