ལི་ཁེ་ཆང་ཅ་ག་ཏར་ཕེབས་ནས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-08


           ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༥པའི་ཚེས་༦ཉིན་གྱི་ཕྱི་དྲོ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁེའི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་ཞུགས་ནས་ཅ་ག་ཏའི་སུ་ཅ་ནོ་ཧ་ཏ་གནམ་གྲུ་ཐང་དུ་ཕེབས་འབྱོར་ཟིན་ནས། ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད།
           ལི་ཁེ་ཆང་གནམ་གྲུ་ནས་དོན་སྐབས། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྒྲིག་ནས་གུས་བཏུས་ཞུས་ཡོད། ཧིན་རྡུ་ཉི་ཞི་ཡའི་རྒྱ་མཚོའི་གཅིག་སྒྱུར་འཆར་འགོད་པུའུ་ཀྲང་ལུ་ཧུ་ཐེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ནས་སྐས་འཛེགས་འགྲམ་དུ་ཕེབས་བསུ་ཞུས་ཡོད། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབས་ཆེན་མོ་བ་ཤའོ་ཆན་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་གཞུང་ཚབ་ཆེན་མོ་བ་ཧྭང་ཞི་ལན་ཀྱང་གནམ་གྲུ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
           ལི་ཁེ་ཆང་གིས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2013ལོར་ཧིན་རྡུ་ཉི་ཞི་ཡར་ལེགས་གྲུབ་ལྡན་པའི་ངང་འཚམས་འདྲི་གནང་ཚུན། རྒྱལ་ཁབ་གཉིས་པོས་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན། ང་རང་ནས་ད་རེས་འཚམས་འདྲི་ཞུ་དོན་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཀྱི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་དང་།
           ལི་ཁེ་ཆང་གིས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཀྲུང་གོའི་རོགས་པ་གལ་ཆེན་ཞིག་ཡིན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་ལོ་ཞིག་ཡིན། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ། གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དང་མཉམ་ལས་ལ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཉེ་འཁོར་ལས་དབང་ཐུན་མོང་མ་ལག་སྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
           ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་གནང་རིང་། ལི་ཁེ་ཆང་གིས་ཙུང་ཐུང་ཙོ་ཁེ་དང་མཇལ་མོལ་གནང་རྒྱུ་དང་། མཉམ་དུ་མཛའ་གྲོགས་ཤིང་འཛུགས་བྱ་རྒྱུ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་རྒྱུར་དཔང་པོ་གནང་རྒྱུ་ཡིན་ལ། མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་གནང་རྒྱུ་དང་། ཙུང་ཐུང་གཞོན་པ་ཁ་ལ་དང་ཐུག་འཕྲད་གནང་རྒྱུ་མ་ཟད་ཐུན་མོང་ཐོག་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད། ལི་ཁེ་ཆང་གིས་ད་དུང་ཅ་ག་ཏར་ཡོད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུར་འཚམས་འདྲི་གནང་རྒྱུ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ལིན་ཡུད་ཧུའེ་དང་ཐུག་འཕྲད་གནང་རྒྱུ་མ་ཟད་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་རེད།
           རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོག་ཤའོ་ཅེ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧ་ལི་ཧྥང་སོགས་ཕེབས་རོགས་མི་སྣའང་མཉམ་དུ་གནམ་གྲུ་གཟིགས་ལ་ཞུགས་ནས་ཕེབས་འབྱོར་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1