ཞིང་པ་ཚན་རིག་མཁས་ཅན་སྐལ་བཟང་ནོར་བུ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-09


     བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་བག་ཆུང་གྲོང་ཚོར་གང་སར་སྐད་གྲགས་ཡོད་པའི“ཞིང་པ་ཚན་རིག་མཁས་ཅན”ཞིག་ཡོད་པ་དང་། ཁོང་ཁྱིམ་གྱི་སྒོ་རའི་ཤིང་ཁང་ནང་དུ་དྲོད་ཚད་སྒམ་དང་། ནད་འབུ་མེད་པའི་བཀོལ་སྤྱོད་སྟེགས་བུ། རིགས་ཁག་གི་སྦྱོར་རྫས། ཚོད་ལྟའི་ཡོ་ཆས་བཅས་ཆ་ཚང་ཡོད། ཁོང་ནི་བག་ཆུང་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་སྐལ་བཟང་ནོར་བུ་རེད།

     2008ལོར་སློབ་འབྲིང་འགྲིམ་མྱོང་བའི་སྐལ་བཟང་ནོར་བུ་གྲོང་ཚོའི་ནང་གི་ཚན་རྩལ་ཆེད་མངགས་པར་བདམས་ཐོན་བྱུང་བ་དང་། ཞིང་ལས་ལག་རྩལ་སློབ་སྦྱོང་བྱེད་རིང་ཁོང་གིས་སྡོང་ཕུང་འདེབས་འཛུགས་བྱ་རྒྱུ་ནི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་སྡོང་ཕུང་འདེབས་འཛུགས་བྱ་རྒྱུའི་སེམས་ཐག་བཅད། སྡོང་ཕུང་འདེབས་འཛུགས་ཀྱི་ལག་རྩལ་ཤེས་ཀྱི་མེད་པའི་དབང་གིས་སྐལ་བཟང་ནོར་བུས་ལྷ་ས་ནས་འབྲེལ་ཡོད་དེབ་ཉོ་རྒྱུ་མངགས་ཏེ་རང་སྦྱོང་བྱས་པ་དང་འབྲེལ་ཉིང་ཁྲི་གྲོང་ཁྱེར་དང་སྤོ་བོ་རྫོང་གི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ལ་སྡོང་ཕུང་འདེབས་འཛུགས་ཀྱི་ཉམས་མྱོང་སྐད་ཆ་ཧུར་ཐག་དྲིས་པ་དང་སྤོ་བོ་རྫོང་སྡོང་ཕུང་འདེབས་འཛུགས་རྟེན་གཞིར་བརྟག་ཞིབ་དང་སློབ་སྦྱོང་བྱས་ཡོད།

     མི་ལ་བརྩོན་འགྲུས་ལྡན་འགྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་ལོ་ཕྱེད་ལྷག་ཙམ་གྱི་སྙིང་རུས་ལྷོད་མེད་ཀྱིས་སློབ་སྦྱོང་དང་ལག་ལེན་བརྒྱུད་སྐལ་བཟང་ནོར་བུས་མི་ཐབས་ལ་བརྟེན་ནས་སྡོང་ཕུང་འདེབས་འཛུགས་ཀྱི་ལག་རྩལ་ཤེས་ནས“ཡུལ་དེ་རང་གི་རིགས་གཅིག་མཁས་པ”དང“ཞིང་པའི་ཚན་རྩལ་མཁས་ཅན”དུ་གྱུར།
     2016ལོའི་ཟླ་3པར་ཁྲབ་རྨོག་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག་སྐལ་བཟང་ནོར་བུས་སྣེ་ཁྲིད་ནས“སྤོ་བོ་རྫོང་དཀར་ལུང་ལུང་ཤུར་གྱི་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང”བཙུགས་པ་དང་འབྲེལ་གནད་སྨིན་དབུལ་སྐྱོར་གྱི་དུད་ཚང་8རང་འགུལ་ངང་མཉམ་ལས་ཁང་དུ་བཅུག་པ་དང་ཁོང་ཚོའི་སྣེ་ཁྲིད་ནས་སྡོང་ཕུང་དང་ཀོ་ཤ་སོགས་ནགས་ཁྲོད་སྐྱེ་དངོས་འདེབས་འཛུགས་བྱས་ཡོད།
     ཉེ་བའི་ལོ་ཤས་རིང་སྐལ་བཟང་ནོར་བུར“རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ”དང“སྤོ་བོ་རྫོང་གི་ཕུལ་བྱུང་གཞོན་ནུ”“སྤོ་བོ་རྫོང་གི་སྔོན་ཐོན་ཚན་རྩལ་ཆེད་མངགས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་10ལྷག་ཙམ་སྔ་རྗེས་སུ་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1