ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྟེན་གཞི་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-09



—— ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱི་དཔྱད་བརྗོད་ལྔ་པ། 
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

        ཀྲུང་གོས་དཔལ་འབྱོར་འཕེལ་ཚད་30%བརྒལ་བའི་བྱས་རྗེས་འཇོག་ཚད་ཀྱི་འཛམ་གླིང་གི་སྣེ་ཁྲིད་པར་གྱུར་སྟེ། ཀྲུང་གོའི་རླངས་འཁོར་དང་ཀྲུང་གོའི་ཟམ་ཆེན། ཀྲུང་གོའི་གཞུང་ལམ། ཀྲུང་གོའི་དྲ་རྒྱ་བཅས་ལ་འཛམ་གླིང་གི་གཟེངས་བསྟོད་ཐོབ། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་འགོད། ཀྲུང་གོའི་བྱ་སྤྱོད་བཅས་ལ་འཛམ་གླིང་གི་ཐུན་མོང་འདུ་ཤེས་གཅིག་སྡུད་བྱས་ཤིང་། སྣང་ཚུལ་ལས་འབྱུང་ཁུངས་བརྟག་པ་བརྒྱུད་མི་མང་པོ་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་གི་བརྟན་བརླིང་གི་འགོ་ཁྲིད་ནུས་པ་ནི་ཁྱད་མཚར་ཡོད་ཚད་གསར་དུ་གཏོད་པའི་རྩ་བའི་རྒྱུ་རྐྱེན་ཡིན་པར་ངོས་འཛིན་ཐོབ།
        “དུས་ནམ་ཡང་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་ངོ་བོ་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ། དུས་ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྟེན་གཞི་བྱ་དགོས།”སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་པའི་སྒོ་ནས་ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས་པའི་དོན་སྙིང་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་ནུས་པ། “དུས་ནམ་ཡང་”གསུམ་གྱིས་ཀྲུང་གོ་གུང་ཁྲན་ཏང་མིས་སྔར་ལས་ལེགས་པར་རང་གི་ཕྲག་སྟེང་དུ་བབས་པའི་ལོ་རྒྱུས་ཀྱི་འོས་འགན་ཁུར་བར་སྣེ་ཁྲིད་བྱ་དགོས་པར་གསལ་འགྲེལ་གནང་། གཏན་ཚིགས་དང་བདེན་ལུགས་ཀྱིས་ཕྱུག་པའི་གསུང་བཤད་འདིས་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པའི་ཕུགས་མཐོང་གནད་ཟིན་དང་གུང་ཁྲན་ཏང་མིའི་ལྷག་བསམ་གསལ་མཐོང་གི་བློ་གྲོས་མངོན་ཡོད་པ་རེད། 
        ཁྲུང་ཁྲུང་རྒྱང་དུ་འཕུར་བར་བྱ་ཁྱུའི་སྣེ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། གྲུ་གཟེངས་སྟོང་ཕྲག་རྒྱ་མཚོར་བསྐྱོད་པར་དེད་དཔོན་དང་ཁ་བྲལ་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཆེས་མཐོ་བའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་ཞིང་། ཀྲུང་གོའི་ལས་དོན་ལེགས་པོར་བསྒྲུབ་པའི་གནད་འགག་ཏང་དང་འབྲེལ་ཡོད། ཡོ་ལང་གི་ཉེན་ཁ་ལས་རྣམ་པར་རྒྱལ་ཞིང་ཟིང་འཁྲུག་གི་མེ་ལྕེ་དང་སྤོབས་སེམས་ཡར་བསྐྱེད་ཀྱི་འཛུགས་སྐྲུན་ཁྲོད་ཀྲོང་ངེར་འགྱིང་། བཅོས་འགྱུར་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད་འཚར་ལོངས་བྱུང་ཞིང་འགྱུར་བག་རྒོད་པའི་ལོ་རྒྱུས་ཁྲོད་མདུན་དུ་ཕྱིན། གོ་རིམ་དེའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་དུས་དང་རྣམ་པ་ཀུན་ཏུ་“ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་བརྩོན་པའི་”ཐོག་མའི་བསམ་འདུན་དང་འོས་འགན་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཁྲི་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་མི་རིགས་བསྐྱར་དར་གྱི་ཆེད་དུ་མཉམ་དུ་འབད་པ་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་དེ་ཀྲུང་གོའི་འཕེལ་རྒྱས་ཁྱབ་ཁོངས་གསར་པར་སླེབས། ལོ་རྒྱུས་ཀྱི་མུ་མཐུད་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་རྩ་བའི་འགན་སྲུང་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མེད་པ་ར་སྤྲོད་བྱ་ཐུབ། 
        ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྟེན་བྱེད་པར་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་ཡོངས་སྙོམས་སྒྲིག་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་གྱིས་བསྟན་དོན། “ཀྲུང་གོའི་ཕྱོགས་བཞི་མཚམས་བརྒྱད་དང་ལས་རིགས་སོ་སོའི་འགོ་ཁྲིད་བྱེད་མཁན་ནི་ཏང་ཡིན་པ་རེད།”ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་བའི་ཁྱད་ཆོས་ཡིན་ཞིང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆེས་གཞི་རྩའི་ཐབས་ཇུས་ཉག་ཅིག་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་མ་འོངས་པའི་གཟི་དཔལ་ལྡན་པའི་ཕུགས་འདུན་ལེགས་པར་བྲིས་ཤིང་། ཕུགས་འདུན་མངོན་དུ་འགྱུར་བ་ནི་རྒྱང་སྐྱོད་གསར་པ་ཞིག་ཡིན་པ་རེད། འབད་པ་ཆེན་པོས་མདུན་དུ་བསྐྱོད་པའི་ལམ་བར་གྱི་“ལའོ་ཧྲན་རི་བོའི་འགག་སྒོ་”དང་“ལཱ་ཙེ་འགག་ཁུག”ལ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ཏང་ཁག་དང་རིགས་སོ་སོའི་ཚོགས་ཁག རིགས་སོ་སོའི་མི་རིགས། རིགས་སོ་སོའི་རིམ་པ། ལས་རིགས་ཁག་གི་མི་སྣ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། “འདུ་ཤེས་བཞི”གོང་འཕེལ་དང་“ཡིད་རྟོན་བཞི”སྲ་བརྟན་དུ་བཏང་ནས་བློ་སྤོབས་གཅིག་བསྡུས་ཀྱིས་མདུན་དུ་བསྐྱོད་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་དང་མི་སེམས་གཅིག་མཐུན་གྱིས་མདུན་དུ་བསྐྱོད་དགོས་པ་རེད། 
        ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྟེན་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་སྟོབས་ལྡན་དང་རང་ངོས་ནས་བཅོས་སྒྱུར་བྱེད་ཕོད་དགོས། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་དུས་རིམ་ཅི་འདྲ་ཞིག་ཏུ་ཕེབས་ན་ཏང་གི་འཛུགས་སྐྲུན་ཡང་དུས་རིམ་དེར་སླེབས་དགོས། འདས་ཟིན་པའི་ལོ་ངོ་ལྔའི་ནང་དུ་ཤུགས་ཆེན་པོས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་ངན་ལ་སྔོན་འགོག་བྱས་ནས་སྒྲིག་ཁྲིམས་ནན་སྲུང་དང་སྒྲིག་འཛུགས་ལུགས་དམ་གྱིས་ཏང་ཀྲུང་དབྱང་གི་གཟི་དབང་དང་གཅིག་སྡུད་ཀྱི་གཅིག་གྱུར་འགོ་ཁྲིད་གོང་དུ་འཕེལ་ཞིང་། ཏང་གི་གསར་གཏོད་ཀྱི་ནུས་ཤུགས་དང་གཅིག་སྡུད་ཀྱི་ནུས་ཤུགས། འཐབ་འཁྲུག་གི་ནུས་ཤུགས་མངོན་གསལ་ངང་གོང་དུ་འཕེལ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་བརྟན་བརླིང་གི་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱས་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་ང་ཚོས་སྔར་བཞིན་གཏིང་ཟབ་པའི་སྒོ་ནས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་ལས་གཞིར་སྐུལ་འདེད་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་གཅིག་སེམས་གཅིག་མཐུན་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འཐབ་བརྩོན་བྱས་ཏེ་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་བཅོས་སྒྱུར་གྱི་ལོ་རྒྱུས་འོས་འགན་ཕྲག་ཏུ་ཁུར་དགོས།
        རླབས་ཆེན་གྱི་ལས་དོན་ལ་རླབས་ཆེན་གྱི་སྲིད་ཏང་དགོས་ཤིང་རླབས་ཆེན་གྱིས་སྲིད་ཏང་གིས་རླབས་ཆེན་གྱི་ལས་དོན་བསྐྲུན་ངེས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཚེ་མི་དམངས་ཁྲི་དུང་ཕྱུར་མང་པོའི་མཐུན་སྒྲིལ་དམ་ཟབ་དང་ཕུགས་འདུན་མཉམ་གཏོད་ཀྱིས་དུས་རབས་གསར་པའི་འུར་འུར་དུ་ལྡིང་པའི་དྲག་རླིང་ཁྲོད་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་ཐེག་པའི་གྲུ་གཟིངས་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་ནས་འོད་སྟོང་ལྡན་པའི་རྒྱལ་ཁར་ཉེ་བར་བཅར་ཐུབ་བོ།། (ཞིན་ཧྭ་གསར་འགྱུར་ཁང་། སྤྱི་ཟླ་3པའི་ཚེས་25ཉིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1