འགྲིམ་འགྲུལ་སྔོན་དུ་སྤེལ་བར་དཀར་མཛེས་ཁུལ་གྱིས་བྱས་རྗེས་འཇོག

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-11


      འགྲིན་འགྲུལ་ཆེན་པོས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་།
      མཚོ་གཉིས་ཤང་གསེར་བྱ་ཐང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུའེ་ཀྲུང་ཕིང་གིས་ས་གསར་འགོད་པར་རིམ་པ་མཐོ་བའི་ཞིང་ཆེན་རིམ་པའི་གཞུང་ལམ211པའི་གཞོགས་འདེགས་ལམ་ཐིག་བསྐྲུན་རྗེས། མཚོ་གཉིས་ནས་རྫོང་གི་གྲོང་ཁུལ་བར་སྐར་མ10ལས་མི་འགོར་བས་ང་ཚོས་གྲོང་གསེབ་ཏུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་པར་བརྟེན། ང་ཚོའི་གྲོང་སྡེ་འདི་ལྕགས་ཟམ་རྫོང་གི་སྒོར་ཁྲི་ལྡན་པའི་གྲོང་སྡེའི་གྲས་སུ་ཚུད་ཡོད་ཅེས་ཡི་རང་བའི་ངང་ནས་དེ་ལྟར་བཤད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་གཞུང་ལམ་དུམ་བུའི་བར་འཁོར་སྐྱོད་ཚོད་ལྟ་བྱེད་པ་དང་སྦྲགས། གྲོང་མིས་སྒོ་ཁར་ཤིང་ཏོག་ཚོང་བྲིན་པས་སྲེའུ་དམར་པོ་ཐོག་མར་ཚོང་རར་འདོན་སྐབས་རྒྱ་མ་གང་ལ་རིན་གོང་སྒོར30རག་པས་རྫོང་གི་གྲོང་ཁུལ་གྱི་ཚོང་རའི་ཐོག་གི་རིན་གོང་དང་གཅིག་མཚུངས་རེད། ལོ་གཅིག་ལ་གྲོང་སྡེའི་ནང་སྲེའུ་དམར་པོའི་ཡོང་འབབ་སྒོར་ཁྲི300ཡན་ཆད་ལ་ཟིན་པ་དང་། སེའུ་དམར་པོ་རྐྱང་པའི་ཡོང་འབབ་སྒོར་ཁྲི4ཡན་རག་མཁན་དུད་ཚང་མང་པོ་ཡོད་པ་ལ། ད་ལྟ་གྲོང་སྡེ་ཡོངས་ལ་ཡོང་འབབ་ཁེར་གཙང་སྒོར་ཁྲི10ཡན་ཆད་རག་མཁན་གྱི་དུད་ཚང་ཡང20ཡོད་པ་རེད།
      སྤྱི་ཟླ4པའི་ཚེས27ཉིན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ཨར་ལས་ལྕགས་ཟམ་ཁའི་ཁམས་དར་ཟམ་ཆེན་གྱི་ཟམ་གདན་པང་ལེབ800ཚང་མ་སྒྲིག་སྦྱོར་བྱས་ཚར་ནས་དོ་ཁུར་བྱེད་བཞིན་པའི་ཁྲོད་བོད་ཟམ་ཆེན་དང་པོ་དེ་མཐའ་མཇུག་གི་ཨར་ལས་སུ་སླེབས་པར་མཚོན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་དར་ཟམ་ཆེན་ནི་སྤྱི་ཟླ8པར་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་ཐུབ་རྒྱུ་རེད། སྔོན་ཚོད་བྱས་ན་ད་ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པར་བརྟེན། སྐབས་དེར་སླེབས་དུས་དར་མདོ་ནས་ཁྲེང་ཏུའུ་བར་ཆུ་ཚོད3ལྷག་ལས་མི་འགོར་བ་རེད།
      ན་ལོའི་སྤྱི་ཟླ11པའི་ཚེས15ཉིན་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་དར་མདོའི་ཚོད་ལྟའི་གཞུང་ལམ་དུམ་བུ་བསྐྲུན་འགོ་བཙུགས་པ་དེ་སྔོན་ཚོད་བྱས་ན་ལས་ཡུན་ལོ4དགོས་རྒྱུ་རེད།
      མཚོ་འཕགས་སྨི4068ཡོད་པའི་དཀར་མཛེས་རྫོང་འདན་མ་གྲོང་རྡལ་དང་སྡེ་དགེ་རྫོང་ཁྲོ་བ་གྲོང་རྡལ་མཚམས་ཀྱི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི2ཙམ་ལྡན་པའི་གེ་སར་གནམ་གྲུ་ཐང་དུ་སང་ལོར་གནམ་གྲུ་འབབ་འཕུར་བྱ་རྒྱུ་ཡིན་པར་བརྟེན། རང་རེའི་ཁུལ་ཉིད་གནམ་གྲུ་ཐང་གསུམ་ཡོད་པའི་དུས་རབས་སུ་འཇུག་པ་རེད།
      ད་ལོའི་སྤྱི་ཟླ་བ4པའི་ཟླ་གཞུང་གི་བར་དུ་རང་ཁུལ་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་གཞི་ཐད་རིམ་རྩིས་བྱས་ན་རིགས་སྣ་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི774316.2དོན་འཁྱོལ་བྱས་ཡོད་པ་རེད།

འགྲིམ་འགྲུལ་སྔོན་དུ་སྤེལ་བར་དཀར་མཛེས་ཁུལ་གྱིས་བྱས་རྗེས་འཇོག

      ཁོར་ཡུག་ཆེན་པོས་སྐུལ་འདེད་ཆེན་པོར་སྒུལ་ཤུགས་སྣོན།
      འགྲིམ་འགྲུལ་གཞུང་ལམ་གྱི་ཆ་རྐྱེན་ཚོད་འཛིན་ཐེབས་ནས་ཉེན་ཁ་ཆེ་བའི་གཞུང་ལམ་གྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཐེབས་པས་ན། འགྲིམ་འགྲུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་འགྲོ་འོང་གི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དངོས་ཟོག་ཐོགས་མེད་ངང་སྐྱེལ་འདྲེན་བྱེད་ཐུབ་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱི་མོས་འདུན་ཡིན་ལ་དཀར་མཛེས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ལོ་མང་རིང་གི་རེ་སྨོན་ཡང་ཡིན་པ་རེད།
      2017ལོའི་ལོ་མཇུག་ཏུ་ལྕགས་ཟམ་རྫོང་གི་ཤང་དང་གྲོང་རྡལ་བརྒྱ་ཆ100དང་སྲིད་འཛིན་གྲོང་སྡེ་བརྒྱ་ཆ100ལ་ཨར་འདམ་ལམ་བསྐྲུན་ཡོད་པ་དང་། ཤང་དང་གྲོང་རྡལ12ཀྱི་སྲིད་འཛིན་གྲོང་སྡེ93ལ་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་ཡོད་པས། རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱིས་གཙོ་བོ་བྱས་པའི་རྫོང་དང་ཡུལ་སྐོར་བྱ་ཡུལ་དང་། ཤང་དང་གྲོང་སྡེའི་མཐའ་སྐོར་སོགས་ལ་གཞུང་ལམ་གྱི་སྐྱེལ་འདྲེན་དྲ་བ་ཕལ་ཆེར་ཆགས་ཡོད་པ་རེད།
      རང་ཁུལ་གྱིས་མཐའ་གཅིག་ཏུ་དམངས་ཀྱི་འཚོ་བར་ཞབས་ཞུ་བྱ་རྒྱུ་དེ་ལས་ཀ་ཨང་དང་པོར་བརྩིས་ནས།2015ལོར་ཁུལ་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་ལོ་གསུམ་རིང་གི་གཅིག་བསྡུས་འཛུགས་སྐྲུན་ཨར་ལས་སྤེལ་འགོ་བཙུགས་པ་ནས་བཟུང་། ཁུལ་ཡོངས་སུ་ཤང་བགྲོད་འགྱིག་སྣུམ་གཞུང་ལམ་སྤྱི་ལེ3124.65བསྐྲུན་ཚར་བ་དང་། ཤང་དང་གྲོང་རྡལ་ལ་ཐར་བའི་འགྱིག་སྣུམ་གཞུང་ལམ85གསར་བསྐྲུན་བྱས་ནས་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་དང་གློག་འདོན་ས་ཚུགས། ད་དུང་ཤང་དང་གྲོང་རྡལ17ལ་ཁེབས་པའི་གཞུང་ལམ་ཕུད་པའི་ཁར་ཚང་མར་འགྱིག་སྣུམ་གཞུང་ལམ་བསྐྲུན་པར་བརྟེན། གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ6359.95ལ་ཟིན་པ་རེད། གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ401གསར་སྣོན་བྱས་ནས་གྲོང་སྡེར་ཤར་གཏོང་ཐུབ་པའི་སྲ་མཁྲེགས་གཞུང་ལམ་སྤྱི་ལེ15838.22ལ་ཟིན་པ་དང་།སྲིད་འཛིན་གྲོང་སྡེར་ཤར་གཏོང་ཐུབ་པའི་སྲ་འཁྲེགས་གཞུང་ལམ1768གསར་སྣོན་བྱས་ཡོད། འབྲེང་ཐག46ཟམ་པར་བསྒྱུར་ནས་མང་ཚོགས་འགྲོ་འོང་བྱེད་སའི་ཆ་རྐྱེན་ལེགས་བཅོས་བྱས་ཡོད་པ་རེད།
      ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོར་རང་ཁུལ་གྱིས་ཞིང་སྡེའི་གཞུང་ལམ་སྤྱི་ལེ6470གསར་བཟོ་དང་བསྐྱར་སྐྲུན་བྱས་ཤིང་། ཤང་དང་(གྲོང་རྡལ)325ལ་འགྱིག་སྣུམ་གཞུང་ལམ་བསྐྲུན་རྒྱུ་དང་ཆ་རྐྱེན་ཡོད་པའི་སྲིད་འཛིན་གྲོང་སྡེར་སྲ་མཁྲེགས་གཞུང་ལམ་བསྐྲུན་རྒྱུ། ཟམ་པ་སྨི600རྒྱུན་སྲིང་ལེགས་བཅོས་བྱ་རྒྱུ། འཕྲུལ་འཁོར་ཅན་གྱི་བདག་སྐྱོང་ལྟེ་གནས3ལས་འགོ་འཛུགས་རྒྱུ། རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚུགས3བཅས་ཇེ་མགྱོགས་སུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
      ཇུས་འགོད་ཆེན་པོས་མཆོང་བརྒལ་ཆེན་པོར་སྐུལ་འདེད་གཏོང་།
      2009ལོ་ནས་བཟུང་། བསྟུད་མར་རེས་གསུམ་ལ་དཀར་མཛེས་ཁུལ་གྱི་གཞུང་ལམ་་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་ལག་བསྟར་བྱས་པ་དང་མྱུར་བགྲོད་གཞུང་ལམ2དང་།རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཙོ་གནད་གཞུང་ལམ43འཆར་འགོད་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར820གཏང་རྒྱུའི་འཆར་གཞི་བཞག་པ་རེད།
      ད་ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། འགྲིམ་འགྲུལ་གྱི་ལས་གཞི་ཆེན་པོ་རེ་རེ་བཞིན་བསྐྲུན་བཞིན་ཡོད་པའི་གནས་ཚུལ་དང་བསྟུན་ནས་རང་ཁུལ་ཉིད་ནང་ལོགས་ས་ཁུལ་དང་རྒྱང་ཐག་ཇེ་ཉེ་ནས་ཇེ་ཉེ་ལ་འགྲོ་བཞིན་ཡོད་པ་རེད།
      དཀར་མཛེས་ལ་ཐོགས་མེད་བདེ་བགྲོད་ཐུབ་པ་བྱ་རྒྱུ་ནི་ཁུལ་ཨུས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཡུལ་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ཁ་ཚ་དགོས་གཏུག་གི་རེ་འདུན་ཡང་ཡིན། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ། ཨར་ལས་བཟོ་པ་ཚོས་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འོས་འགན་ནི་དེ་བས་ཀྱང་ཡིན་པ་རེད།
      ཉེ་ཆར། ཞིང་ཆེན་སྲིད་གཞུང་གིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ2019ནས2020ལོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་སྐུལ་འདེད་ཇུས་གཞི》ལ་ཆོག་མཆན་གནང་ཡོད་ཅིང་། ཇུས་གཞི་འདི་ནི2ཐོག20སྣོན་པའི་མ་ལམ་གཞུང་ལམ་གྱི་ལས་གཞི་གཙོ་བོར་བཟུང་ནས་དཀར་མཛེས་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ། གྲོང་གསེབ་གཞུང་ལམ། སྐྱེལ་འདྲེན་ས་ཚུགས་སོགས་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏང་རྒྱུ། བསྐྱར་བཟོ་གསར་བཟོ་བྱ་རྒྱུའི་གཞུང་ལམ་སྤྱི་ལེ5498ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར214གཏང་རྒྱུའི་འཆར་གཞི་བཞག་པ་རེད།
       ཇུས་གཞི་ལ་གཞིགས་ན། མྱུར་བགྲོད་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར51.3གཏང་རྒྱུའི་འཆར་གཞི་བཞག་ནས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ཟམ་ཁ་ནས་ཧྲི་མན་བར་གྱི་མྱུར་བགྲོད་གཞུང་ལམ། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་ཡིན་པ་རེད།
      རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་མ་ལམ་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར128གཏང་རྒྱུའི་འཆར་གཞི་བཞག་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གཞུང་ལམ་རིམ་སྤོར་བྱ་རྒྱུ་དང་། ཁུལ་ཕྱིར་ཐོན་པའི་སྐྱེལ་འདྲེན་གཞུང་ལམ་གཙོ་བོ། ཁུལ་དང་རྫོང་བར་དང་། རྫོང་དང་རྫོང་བར་གྱི་འབྲེལ་མཐུད་གཞུང་ལམ་གྱིས་གཙོ་བོ་བྱས་ཏེ་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་མ་ལམ་གྱི་ལས་གཞི་ཚན་པ་གཅིག་ལས་འགོ་འཛུགས་གང་ཐུབ་བྱས་ཏེ་ལས་གཞི20ལག་བསྟར་བྱ་རྒྱུ་དང་གཞུང་ལམ་སྤྱི་ལེ1567ཡི་ནང་ནས་སྤྱི་ལེ1079འགྲུབ་རྒྱུར་བརྩོན་ལེན་བྱ་རྒྱུའི་འཆར་གཞི་བཞག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1