ལི་ཁེ་ཆང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་གྲོས་མོལ་མཛད།

མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏུང་ཅིན་གྱི་དབྱིན་མགྲོན་ཁང་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་གྲོས་མོལ་མཛད། 

        ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ནི་ཁྱིམ་མཚེས་གཙོ་བོ་དང་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཡོད་པར་མ་ཟད། འཛམ་གླིང་དང་ལྷག་པར་དུ་ཨེ་ཤ་ཡའི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་དང་འབྲེལ་ཡོད། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་ལོ་འགའི་རིང་ལ་བར་ཆད་མང་པོར་འཕྲད་མྱོང་། ཉེ་སྔོན་འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་ཐད་ནས་གལ་ཆེ་བའི་རྣམ་འགྱུར་ལེགས་པོ་བསྟན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བའི་སྣང་ཚུལ་བྱུང་ཡོད། ང་ཐེངས་འདིར་འཇར་པན་ལ་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི། འཇར་པན་དང་མཉམ་དུ་དང་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཡང་བསྐྱར་རྒྱུན་ལྡན་གྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱས་ཏེ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡུན་རིང་པོར་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ངའི་རེ་བ་ཡིན། 
        ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ཆིངས་ཡིག་དེས་བཅའ་ཁྲིམས་ཀྱི་རྣམ་པས་ཀྲུང་གོ་དང་འཇར་པན་གྱི་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྩ་དོན་སྣ་ཚོགས་ཁས་ལེན་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་ཞི་བདེའི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་རྒྱུ་ཡིན་པ་གསལ་པོར་བསྟན་ཡོད་པས། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་སྣ་ཚོགས་བརྩི་སྲུང་བྱས་ཏེ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་རྣམ་འགྱུར་བཅངས་ཤིང་། ཆབ་སྲིད་ཀྱི་རྨང་གཞི་ལ་སྲུང་སྐྱོབ་དང་། འགལ་བ་དང་རྩོད་གཞིར་ཚོད་འཛིན་འོས་འཚམ་བྱས་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་བསྐྲུན་དགོས། འཇར་པན་གྱི་སྲིད་གཞུང་དང་མགོ་ཁྲིད་པས་འདས་ཟིན་པའི་ལོ་རྒྱུས་ཁས་ལེན་དང་དེར་འགྱོད་བཤགས་བྱེད་རྒྱུ་ཡིན་ཞེས་ཐེངས་མང་པོར་བསྟན་མྱོང་ལ། འཇར་པན་ཕྱོགས་ཀྱིས་བྱ་སྤྱོད་དངོས་ལས་དེ་མངོན་མཚོན་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན། ཐེ་ཝན་གྱི་གནད་དོན་ཐད་ནས། འཇར་པན་ཕྱོགས་ཀྱིས་དམ་བཅའ་བརྩི་སྲུང་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ཏེ། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕ་རོལ་བའི་འཕེལ་རྒྱས་དེ་རང་གི་གོ་སྐབས་སུ་བརྩི་བ། ཕན་ཚུན་མཉམ་ལས་ཀྱི་གྲོགས་པོར་བརྩི་བ་བཅས་བྱས་ཏེ། ཞི་བདེ་མཉམ་གནས་དང་དུས་རབས་མཛའ་མཐུན་དེ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་དབྱངས་རྟ་གཙོ་བོ་དང་མདུན་སྐྱོད་ཁ་ཕྱོགས་སུ་འགྱུར་བར་བྱེད་དགོས།  
        ལི་ཁེ་ཆང་གིས་བསྟན་དོན། དངོས་གཉེར་མཉམ་ལས་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་གོང་འཕེལ་གྱི་སྒུལ་ཤུགས་དང་རྒྱབ་རྟེན་ཡིན་པས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། ཚན་རྩལ་གསར་གཏོད། རྩེ་རིམ་གསར་བཟོ། ནོར་སྲིད་དངུལ་རྩ། མཉམ་སྤྱོད་དཔལ་འབྱོར། སྨན་བཅོས་རྒན་གསོ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་ཤུགས་སྣོན་དགོས། 
        ཨན་པེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་བསྟུད་མར་ལེགས་བཅོས་དང་སྐུལ་སྤེལ་བྱས་ཏེ། འཐབ་ཇུས་གཉིས་ཕན་འབྲེལ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་ལ་ཤུགས་སྣོན་པ་དང་། མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད། འཇར་པན་གྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་གཙོ་བོའི་མཉམ་ལས་མུ་མཐུད་དུ་སྤེལ་འདོད་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1