ཝུན་ཁྲོན་ས་ཡོམ་གེགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-15


        སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཟླ་5ཚེས་7ཉིན“5·12”ཝོན་ཁྲོན་ཡོམ་ཆེན་བརྒྱབ་ནས་ལོ་བཅུའི་རྗེས་ཀྱི་གེགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྙན་ཞུ་སྤེལ་བའི་ནང་། ལོ་10རིང་། ཝོན་ཁྲོན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང(གྲོང་ཁྱེར་དང་ཆུས)39ཡི་GDPབསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་རེར་ཆ་སྙོམས་11.8%རེ་འཕར་ནས་ཞིང་ཆེན་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.8ཀྱིས་མཐོ་བ་སོགས་གྲངས་གཞི་རབ་དང་རིམ་པ་ལས་གེགས་ཁུལ་འཕེལ་རྒྱས་ཡག་པོ་ཡོད་པ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།
        ལོ་བཅུའི་ནང་། གེགས་ཁུལ་གྱི་གོང་འོག་ཚང་མས་བརྟན་ཐོག་ཡར་བརྩོན་བྱས་པས་འཕེལ་རྒྱས་ཀྱི་རྗེས་ཟིན་པ་བྱས་པ། 2017ལོར་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་39ཡི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར(GDP)སྒོར་དུང་ཕྱུར་6829.7ཟིན་པ་དེ་2008ལོའི(སྒོར་དུང་ཕྱུར་2247.3)ལྡབ་གསུམ་ཡིན་ལ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་རེར་ཆ་སྙོམས་11.8%འཕར་ནས་ཞིང་ཆེན་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.8ཀྱིས་མཐོ་བ་ཡོད།
     དཔལ་འབྱོར་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་39ཡི་ཐོན་ལས་གསུམ་གྱི་གྲུབ་ཆ་དེ་2008ལོའི་21.7∶45.0∶33.3ནས་2017ལོའི་13.2∶45.9∶40.9བར་དུ་སྙོམས་སྒྲིག་བྱུང་བ་རེད།
     ནོར་སྲིད་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱས་ཚུན། སྲིད་ཇུས་ཁག་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག གེགས་ཁུལ་གྱི་ནོར་སྲིད་ཡོང་འབབ་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས་ནོར་སྲིད་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད། 2017ལོར། གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་39ཡི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་311.0ཟིན་པ་དེ་2008ལོའི(སྒོར་དུང་ཕྱུར་72.7)ལྡབ་4.3ཡིན་པ་རེད།
     དེ་དང་ཆབས་ཅིག གེགས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་དང་མི་སྡོད་ཁོར་ཡུག་གསར་རྐྱང་དུ་གྱུར་པ་རེད། 2017ལོའི་ལོ་མཇུག་ཏུ། གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་39ཡི་རྒྱུན་སྡོད་མི་གྲངས་ཁྲི་1618.88ཟིན་པ་ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི་774ཟིན་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་47.8%ཟིན་པ་དེ་2008ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་11.8མཐོ་རུ་ཕྱིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1