ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-17


        ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཕྱི་དོན་བྱ་བར་གཅིག་བསྡུས་གཅིག་གྱུར་སྒོས་འགོ་ཁྲིད་པར་ཤུགས་སྣོན་ཞིང་དེང་སྐབས་རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གསལ་བོར་ཤེས་པར་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་དང་གསར་གཏོད་གསར་སྐྲུན་བྱེད་དགོས་ལ། ཧུར་ཐག་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་ཏུ་ཕྱི་དོན་བྱ་བ་བཟང་བོར་སྒྲུབ་སྐབས། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐབས་ཇུས་གྲོས་དོན་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་འབྲེལ་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། ཕྱི་དོན་བྱ་བར་མུ་མཐུད་དུ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་ནུས་ལྡན་མཛུབ་སྟོན་འདོན་སྤྲོད་བྱེད་དགོས། རིམ་པ་མཐོ་བའི་ཇུས་འགོད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ཁ་ཕྱོགས་གསལ་བོ་དང་ཁྱོན་ཡོངས་ལ་དམིགས་པ། སྲིད་ཇུས་གཏན་འཁེལ་བཅས་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། ཕྱི་ཕྱོགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཕྱི་དོན་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བྱ་བ་གཙོ་བོ་ལག་བསྟར་དང་ཞིབ་བཤེར། ལྟ་སྐུལ་བཅས་བྱེད་པ་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།
        ཚོགས་ཐོག་ནས་ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1