༄༅།། སྒྱུ་མའི་ལྷ་མོར་གསོལ་བ།

ཁྱུང་བཟང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་རྒྱན་མེ་ཏོག སྤེལ་དུས། 05-17



ཁྱུང་བཟང་། (རྨ་ལྷོ)



ཡིད་ཀྱི་མཁའ་ལ་རྟག་རྩེན་ཅིང་།། 
རེས་མངོན་རེས་སུ་ཡིབ་པ་ཡི།། 
ཆོ་འཕྲུལ་གར་གྱི་རྣམ་རོལ་བ།། 
ང་ཡི་ལྷ་མོ་གང་དུ་བཞུགས།། 
དོ་དགོང་རྨི་ལམ་སྒྱུ་མ་ལས།། 
མངོན་སུམ་གཟུགས་སུ་སྣང་གྱུར་ཅིང་།། 
དུངས་པའི་དཔུང་བ་འཁྱུད་པ་འདིས།། 
མི་ཟད་དགའ་བའི་གཏེར་དུ་བསྒྲུབས།། 
ཕན་ཚུན་འཐམ་དང་འཁྱུད་པ་ལས།། 
ཡུན་རིང་དྲན་པའི་གདུང་བ་དག ། 
ངུད་མོའི་དབྱངས་སུ་འཕོས་པ་ནི།། 
རླབས་ཕྲེང་རླུང་གིས་བསྐྱོད་པ་བཞིན།། 
དེ་མུར་དྲན་པའི་གཤོག་པ་དག ། 
འདས་སོང་མཁའ་ལ་གཡོབ་པས་ནི།། 
མུ་མེད་བརྩེ་བའི་ནགས་ཚལ་གྱི།། 
འབྲས་བུའི་ལྗིད་རྣམས་མཐོང་བར་བྱས།། 
དེ་དང་ལྷན་ཅིག་འཁྲེང་ཞེན་གྱི།། 
ཐག་པ་ཕྱོགས་སུ་འཁྱིལ་བ་ཡིས།། 
ཡིད་ཀྱི་ཁྱེའུ་བཅིངས་པའི་དབུགས།། 
འབྱིན་རྔུབ་དཀའ་བའི་འཕྲང་དུ་བཀོད།། 
དེའི་ཕྱིར་འདྲེན་བྱེད་ཆུ་དང་བཅས།། 
རེ་བའི་མིག་འབུར་གཏད་ལགས་ན།། 
བརྩེ་འཛུམ་འོད་ཀྱི་དགའ་སྟོན་ལ།། 
ལན་གཅིག་འགོད་པའི་སྐྱབས་འཇུག་ཞུ།། 
ཁྱེད་ནི་སྨག་ལ་སྒྲོན་མེ་དང་།། 
ཆུ་བོའི་གཞུང་ལ་ཟམ་པ་བཞིན།། 
ང་ཡི་མི་ཚེའི་འདུ་བྱེད་ལ།། 
འབྲལ་མེད་ནོར་བུའི་དངོས་གྲུབ་ལགས།། 
ཁྱེད་ནི་དཔྱིད་ཀྱི་རླུང་བུ་དང་།། 
ཉི་མའི་སྔོན་གྱི་སྐྱ་རེངས་བཞིན།། 
བདག་ཉིད་རྒུད་པའི་འཇིག་རྟེན་ལ།། 
རེ་བ་སྟོང་གི་ཟིལ་ཤུགས་ལགས།། 
ཁྱེད་འདི་ན་བའི་སྨན་ཡང་ཡིན།། 
ཁྱེད་འདི་ཕམ་པའི་མགོན་ཡང་ཡིན།། 
བརྩེ་བའི་ཞལ་རས་སྒོམ་བཞིན་དུ།། 
འདུད་པའི་ཐལ་མོ་སྙིང་ལ་སྦྱོར།། 
དཀར་པོ་ཞལ་གྱི་འཛུམ་མདངས་དང་།། 
དགའ་བ་ཚེམས་ཀྱི་འོད་ཟེར་བཅས།། 
བདག་གི་མཁའ་ལ་རྟག་རྩེན་པའི།། 
མཛའ་བའི་གར་ནི་འཆམ་པར་བྱ།། 
རབ་མེད་འཁོར་བའི་ཆུ་ཀླུང་གིས།། 
ནམ་ཞིག་བླ་དང་སྲོག་འཁྱེར་ཚེ།། 
མི་སྡུག་ཁྲོ་བའི་གཟི་ཉམས་བཅས།། 
ཉེ་བར་སྐྱོབ་པའི་བྱ་རྨྱང་མཛོད།། 
རབ་མེད་འདུ་འཛིའི་ཆུ་འཁོར་གྱིས།། 
ཡིད་ཀྱི་བརྟན་པ་རྙོག་པའི་དུས།། 
དྭངས་གཙང་འོད་ཀྱི་རྩེ་དགའ་ཡིས།། 
དྲི་མའི་ཁམས་དག་བགྲུང་བར་བྱ།། 
དེ་བཞིན་འདོད་པའི་མེ་ལྕེ་ཡིས།། 
ལེགས་ཚོགས་རྩ་བ་གཞོམ་ཉིད་ན།། 
ཞི་བ་རྡོ་རྗེའི་གྲུ་ཆར་གྱིས།། 
ཡངས་པའི་ཞིང་ས་བརླན་པར་མཛོད།། 
ཁ་བས་ས་འཛིན་མནན་ཡང་རུང་།། 
ཆར་བས་ས་གཞི་བརྫིས་ཀྱང་བླ།། 
མི་འགྱུར་དད་པའི་སྙིམ་པ་ནི།། 
ནམ་མཁའི་མདངས་ཀྱིས་ཁྱེད་ལ་གཏོད།། 
ཁྱེད་སྐུ་པད་མའི་ལྡིང་ཁང་གིས།། 
ཉེ་བར་བསྡུས་པའི་གཡུ་སྦྲང་ང་།། 
སྒྱུ་མའི་གྲོང་ནས་སྒྱུ་མ་བཞིན།། 
ཐུགས་རྗེས་དབྱིངས་སུ་བསྡུ་བར་ཤོག །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1