༄༅།། ཕ་མས་བྱིས་པའི་གཉེན་སྒྲིག་ལ་ཐེ་གཏོགས་བྱས་ཆོག་གམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-18



གྱོད་དཔེ།
     བུ་མོ་གངས་དཀར་སྒྲོལ་མ་ད་ལོ་སོ་མ་མཐོ་འབྲིང་ནས་སློབ་མཐར་ཕྱིན་ཏེ་མཐོ་རྒྱུགས་ལ་ཞུགས་མོད། ཁོ་མོས་སྐར་འབྲས་ལེགས་པོ་ཞིག་ལེན་མ་ཐུབ་པས་ཕ་ཡུལ་ནས་ཕྱུགས་ཟོག་འཚོ་སྐྱོང་མི་བྱེད་ཀ་མེད་བྱུང་། ཨ་ཕ་གཡང་འབུམ་རྒྱལ་བཟའ་མི་གཉིས་ལོ་ཆུང་ནའང་བུ་ཆུང་ཐར་ལོ་ལ་མནའ་མ་བླངས་ཏེ་མཐིང་སྨུག་སྦྲ་ཡི་ནང་འཛིན་དུ་བཞག་ཡོད། ཁོང་བཟའ་ཟླ་གཉིས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་པའི་བུ་མོ་གཅིག་པོ་སློབ་གྲྭར་བསྐྱལ་ཏེ་རིག་གནས་ཞིག་སྦྱོང་དུ་འཇུག་པའི་འདུན་པ་ཧ་ཅང་མཐོ་ནའང་། ད་ཐེངས་བུ་མོས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པས་ཡུལ་ནས་འདུག་དགོས་བྱུང་། ཉིན་ཞིག་ཨ་ཕ་གཡང་འབུམ་རྒྱལ་གྱི་ཞང་བོ་ཨ་མྱེས་ལྷ་སྐྱབས་ཡོང་ནས། བུ་མོ་གངས་དཀར་སྒྲོལ་མས་སློབ་ཆེན་གྱི་སྒོ་ཐེམ་སྙེག་མ་ཐུབ་པས་སྔོ་མོ་ནས་གནས་ཡུལ་འགྲིམས་ཏེ་ཁྱིམ་གཞས་གསར་བ་ཞིག་རྙེད་ན་བཟང་ཚུལ་དང་། ལྷག་པར་དུ་ཁོའི་ཚ་བོ་ཚེ་འབུམ་ནི་མི་གཞུང་དྲངས་ཡ་རབས་ཤིག་ཡིན་ཚུལ་དང་། བུ་མོ་གངས་དཀར་སྒྲོལ་མ་ཡང་རང་གི་ཚ་མོ་ཡིན་པས་གཉེན་ཐོག་ལ་གཉེན་བརྩེགས་པ་ཡིན་ཟེར་ནས། གཉེན་ཉེ་ཚང་མ་བསྡུས་ཏེ་མོ་ལོ་བཅོ་བརྒྱད་ལ་བུད་མེད་པའི་ཚ་མོ་ཆུང་ཆུང་བཙན་གྱིས་གནས་ལ་བསྐྱལ།
ཁྲིམས་བཤད། 
     གཉེན་སྒྲིག་རང་དབང་རང་འཐད་ཅེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་རྩ་བའི་ཆ་རྐྱེན་ཡིན། དེ་ཁ་གསལ་ཞིང་དོན་བསྡུས་པར་སྤྲས་ན་འདི་ལྟར།
    གཉེན་སྒྲིག་རང་དབང་ནི་རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་རྩ་འཛུགས་སྒྲིག་ལམ་ཞིག་ཡིན།གཉེན་སྒྲིག་རང་དབང་གི་ཁོངས་སུ་གཉེན་སྒྲིག་རང་དབང་དང་བཟའ་འཐོར་རང་དབང་གཉིས་འདུ་བས།  གཉེན་སྒྲིག་རང་དབང་གི་ཆ་ནས་བཤད་ན། དེ་ནི་སྤྱི་དམངས་བར་རང་དབང་གིས་གཉེན་སྒྲིག་བྱས་པ་ཡིན་མིན་དང་། རང་དབང་གིས་གཉེན་སྒྲིག་བྱེད་ཡུལ་གདམ་པ་ཡིན་མིན་ལ་བཅའ་ཁྲིམས་སྟེང་མི་སུ་ཞིག་ཡིན་རུང་རྣམ་པ་མི་འདྲ་བའི་སྒོ་ནས་མི་གཞན་དང་གཉེན་སྒྲིག་བྱེད་པའི་རང་དབང་ཡོད་ཅིང་། དེ་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་བཞིན་ཡོད།
    གཉེན་སྒྲིག་རང་དབང་ལ་ཚད་བཀག་ཅི་ཡང་མེད་པ་ཞིག་ཀྱང་མ་ཡིན་ཏེ། ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཁྱབ་ཁོངས་ནང་ལག་བསྟར་བྱེད་དགོས། རང་རྒྱལ་གྱིས་ད་ལྟ་བཀོལ་བཞིན་པའི་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། གཉེན་སྒྲིག་ལ་ངེས་པར་དུ་ཕོ་མོ་ཕྱོགས་གཉིས་ཀ་དོན་དངོས་ཀྱི་རང་འཐད་ཡིན་དགོས་ལ་ཕྱོགས་གང་རུང་གིས་ཕྱོགས་གཞན་དེར་བཙན་ཤེད་བྱས་མི་ཆོག གཞན་ད་དུང་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཕོ་ལོ་ཉེར་གཉིས་དང་མོ་ལོ་ཉི་ཤུ་ཡི་གཉེན་སྒྲིག་ལོ་ཚད་ལ་སླེབས་དགོས་པར་མ་ཟད། ཐད་ཀར་དུ་འབྲེལ་བ་ཡོད་པའི་ཤ་ཉེ་དང་མི་རབས་གསུམ་ནང་ཚུན་གྱི་ཁྲག་རྒྱུད་འབྲེལ་བ་ཡོད་པའི་ཉེ་འབྲེལ། གསོ་རིག་སྟེང་གཉེན་སྒྲིག་བྱེད་མི་འོས་པའི་ནད་རིགས་ཡོད་པ་སོགས་གཉེན་སྒྲིག་བྱེད་མི་ཆོག་པའི་གནས་ཚུལ་ཡོད་ཚེ་གཉེན་སྒྲིག་བྱས་མི་ཆོག དུས་མཚུངས་སུ། རང་རྒྱལ་གྱིས་ཁྱོ་གཅིག་ཤུག་གཅིག་གི་སྒྲིག་ལམ་ལག་བསྟར་བྱེད་བཞིན་ཡོད། གལ་ཏེ་སྤྱི་དམངས་སུ་ཞིག་ཡིན་རུང་གོང་གི་གཏན་ཁེལ་འདི་དག་དང་འགལ་ནས་གཉེན་སྒྲིག་བྱས་ན། དེ་གཉེན་སྒྲིག་འབྲེལ་བ་ནུས་མེད་ཡིན་པར་མ་ཟད། འོས་འཚམས་ཀྱི་ཉེས་དོན་འགན་འཁྲི་འཁུར་དགོས།
    ངེས་པར་དུ་ཤ་ཉེ་དང་གྲོགས་པོ་ཚང་མ་ལྷན་གཅིག་ཏུ་འཛོམས་ནས་གཉེན་སྒྲིག་གནད་དོན་ལ་ཡར་སེམས་ཀྱིས་ཁ་ཏ་སློབ་གསོ་གཏོང་བའམ་ཁྲིམས་འགལ་གྱིས་གཉེན་སྒྲིག་བྱེད་པར་བཀག་འགོག་དང་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་མི་ཆོག ཡིན་ཡང་ཤ་ཉེ་དང་གྲོགས་པོ་ཚོས་གཉེན་སྒྲིག་གནད་དོན་ལ་བསམ་འཆར་དང་ངོ་རྒོལ་བྱས་ཆོག་མོད། འོན་ཀྱང་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་དང་བར་ཆད་བཏང་མི་ཆོག
    རྒན་པར་བརྩི་བཀུར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་ཞིག་ཡིན་ལ། ཕ་མ་དང་བྱིས་པའི་བར་དུ་གཅོད་ཐབས་བྲལ་བའི་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པས། ཕ་མ་བྱིས་པའི་གཉེན་སྒྲིག་ལ་མི་འཐད་པའམ་སྤྱིར་བཏང་དུ་བསམ་པ་བཟང་པོའི་ངང་ནས་མ་འོངས་པའི་འཚོ་བར་སེམས་ཁྲེལ་བྱེད་པའི་རྟགས་ཤིག་ཡིན། དེ་བས་ཕ་མ་བྱིས་པའི་གཉེན་སྒྲིག་ལ་མི་འཐད་ཚེ་ཕ་མ་དང་ཁ་བརྡ་སྣ་ཚོགས་བྱས་ཏེ་ཡིད་འཐད་འབྱུང་བར་བརྩོན་ལེན་བྱས་ན་བཟང་། དགོས་མཁོ་ཡོད་དུས་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། བུད་མེད་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་འདུམ་སྒྲིག་དང་སློབ་གསོ་གཏོང་བར་རེ་འདུན་ཡང་ཞུས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1