ཞི་ཅིན་ཕིང་གིས་ཕྱི་རྒྱལ་སྐུ་ཚབ་ཚོཊ་པའི་ཚོཊ་གཙོར་མཇལ་འཛོམས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-23


        ཞི་ཅིན་ཕིང་གིས་མཉམ་སྡེབ་ཐོག་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཇལ་འཛོམས་གནང་བ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་མཉམ་སྡེབ་ཐོག་ཀྲུང་གོར་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་གྲོས་ཚོགས་ཐེངས་བཅུ་གསུམ་པར་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཇལ་འཛོམས་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་བཙུགས་ཚུན། ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་སྔོན་ཐོབ་ཁ་ཕྱོགས་ལ་རྩིས་ནས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་། མཉམ་ལས་ཀྱི་ལག་ལེན་ཕུན་སུམ་ཚོགས་པོ་སྤེལ་བ། ཤར་ཐུ་ཁེ་ཟེར་བ་སོགས་ངན་པའི་སྟོབས་ཤུགས་གསུམ་ལ་རྡུང་རྡེག་ཚ་ནན་བཏང་བ། དོ་ཁུར་ཆེ་བའི་གནད་དོན་གྱི་ཤུགས་རྐྱེན་ངན་པ་ཁྱབ་འགྱེད་འགྲོ་རྒྱུར་དོགས་ཟོན་ཧུར་ཐག་བྱས་པ་བཅས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་གོང་འཕེལ་དར་རྒྱས་ལ་འགན་སྲུང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོངས་གཏོགས་རྒྱ་སྐྱེད་བཏང་རྗེས། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་བདེ་འཇགས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བ་དང་། ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་བ། ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་འགུག་དེ་བས་ཆེ་བ་བྱེད་ཀྱི་ཡོད། བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་གྲོས་ཚོགས་སྒྲིག་གཞིས་དུས་བབ་ཀྱི་འགྱུར་ལྡོག་ལ་ཧུར་ཐག་བསྟུན་ནས། འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་བཞིན་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་ཆེད་རྒྱབ་སྐྱོར་དེ་བས་ཆེ་བ་བྱེད་བཞིན་ཡོད་ཅེས་བསྟན་པ་དང་།
        ཞི་ཅིན་ཕིང་གིས། མིག་སྔར། ས་ཁུལ་འདི་གའི་བདེ་འཇགས་གནས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་ཆབས་ཅིག སྔར་བཞིན་སྟོབས་ཤུགས་ངན་པ་གསུམ་དང་། དུག་རྫས་ལྐོག་ཚོང་། རྒྱལ་ཁོངས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་བསགས་སོགས་ཀྱི་འགྲན་རྩོད་དྲག་པོ་འཕྲད་ཡོད། འདི་ཐད་ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཡིད་སེམས་རྣལ་དུ་ཕབ་སྟེ་བསམས་གཞིགས་བྱེད་པ། ཡང་དག་པའི་བརྡར་ཤ་གཅོད་པ། ཁ་གཏད་འོས་འཚམ་གཅོག་པ་བཅས་བྱེད་དགོས་པ་དང་། བདེ་འཇགས་མཉམ་ལས་འཐབ་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། མུ་མཐུད་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། སྲིད་ཇུས་ཐད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་དང་དྲང་བདེན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཐུན་མོང་ཐོག་ཆབ་སྲིད་ཀྱི་ཕྱི་འབྲེལ་བྱ་ཐབས་ཐོག་ནས་དོ་ཁུར་ཆེ་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ཇུས་འདོན་དང་། རྩ་ལག་མཉམ་བཅོས་ཀྱི་བདེ་འཇགས་བཅོས་སྐྱོང་མ་དཔེ་ལག་བསྟར་བྱས་ནས། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་བདེ་འཇགས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་མཉམ་ལས་ཀྱི་བྱ་སྤྱོད་ནུས་པར་ཤུགས་སྣོན་རྒྱག་པ་དང་། དེ་བས་ཞིབ་ཚགས་ཤིང་འཐུས་སྒོ་ཚང་བ། ནུས་པ་ཆེ་བ་བཅས་ཀྱི་ཁྲིམས་འཛིན་མཉམ་ལས་དྲ་བ་འཛུགས་པ། མུ་མཐུད་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་མུ་མཐུད་རང་ངོས་བདེ་འཇགས་དང་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
        ཨུ་རུ་སུའི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐེ་ལུ་ཧྲེ་ཧྥུ་དང་། ཅིར་ཅི་སི་སི་ཐན་གྱི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ས་ཀན་པ་ཡེ་ཧྥུས་ཕྱི་རྒྱལ་གྱི་སྐུ་ཚབ་ཚོགས་པའི་ཚབ་ཞུས་ནས་སྔ་ཕྱིར་གཏམ་བཤད་སྤེལ་ཡོད། ཁོང་ཚོས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཞི་ཅིན་ཕིང་གིས་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཁོང་ཚོས། རྒྱལ་ཁབ་ཁག་གིས་ཀྲུང་གོ་དེ་ཉིད་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ཏེ་ཁོངས་གཏོགས་རྒྱལ་ཁབ་ལ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་གཅོག་པ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་ཐད་བཏོན་པའི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོའི་གཙོ་སྐྱོང་འོག ཐེངས་འདིའི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་གྲོས་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་དང་། སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་རྒྱུ་དང་། ཆ་འཕྲིན་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཡོད་ཅིང་། དེས་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཁ་ཕྱོགས་སྔར་བས་གསལ་བཏོན་བྱས་ཡོད་པ་དང་། ཆིང་ཏའོ་དབུ་ཚོགས་གྲ་སྒྲིག་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། དུས་བབ་གསར་པའི་འོག ཧྲང་ཧད་མཉམ་ལས་སྒྲིག་འཛུགས་བདེ་འཇགས་མཉམ་ལས་ཀྱིས་དེ་བས་ཆེ་བའི་གསོན་ཤུགས་མངོན་པ་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གིས་རྒྱ་ཆེ་ཞིང་འབྲེལ་བ་ཟབ་པའི་མཉམ་ལས་རྒྱ་སྐྱེད་བཏང་སྟེ། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བྱ་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།


  
 
 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1