༄༅།། བོད་ཀྱི་རྩོམ་རིག་ལ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་ཤན་ཐེབས་པ།

རྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-24


 རྒྱ་ཡེ་བཀྲ་བྷོ།
             དེ་ཡང་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལས་བོད་ལ་གྲགས་ཆེ་བ་ནི 《རཱ་མཱ་ཡ་ཎ》ལས་བྱུང་བའི་གཏམ་རྒྱུད་ཡིན་ཏེ།   སྤྱི་ལོ1439ལོར།  རྗེ་ཙོང་ཁ་པ་ཆེན་པོའི་སློབ་མ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་གྲགས་པའི་ཡ་གྱལ་ཞང་ཞུང་པ་ཆོས་དབང་གྲགས་པས《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས》བྱ་བ་མཛད། འདིའི་བརྗོད་བྱའི་ཁུངས་ནི《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས་བྱུང་བའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ཡིན་ངེས་ལ།   
གྲོགས་དག་ཕུགས་ཀྱི་ར་བར་ནི།།      གསེར་གྱི་འཁྲི་ཤིང་འདི་སྐྱེས་ཏེ།།   
མིག་དག་དོན་ཡོད་བྱེད་པ་དག །    དལ་བར་འདུག་པ་མི་རིགས་སོ །།
             ཞེས་རྩོམ་མཁན་རང་གིས་སྙན་ངག་འདི་གསེར་གྱི་འཁྲི་ཤིང་ལྟ་བུ་ཡིན་པར་ཁས་འཆེས་པ་ལྟར། མཁས་པ་རྣམས་ཀྱི་ཡིད་རང་དབང་མེད་པར་འཕྲོག་པའི་ཚིག་སྦྱོར་ངོ་མཚར་རྨད་དུ་བྱུང་བར་འདུག་པས། བོད་ཀྱི་མཁས་པས་མཛད་པའི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་རྣམས་ཀྱི་རབ་དང་རྩེ་མོར་གྱུར།  དཔལ་ཞང་ཞུང་པ་ཆོས་དབང་གྲགས་པ་ཞེས་མཚན་སྙན་གྱི་འབྲུག་སྒྲ་ཀུན་ཏུ་ལྡིར་བའང་གཙོ་བོ《རཱ་མ་ཎའི་རྟོགས་བརྗོད》འདི་མཛད་པའི་དབང་གིས་ཡིན་ལ།  བརྗོད་བྱ་ངོ་མཚར་བ་རྒྱ་གར་པའི་སྒྲུང་རབས་ཆེན་མོ《རཱ་མཱ་ཡ་ཎའི》གཏམ་རྒྱུད་ལས་བརྩམས་ཤིང་།  རྗོད་བྱེད་ངོ་མཚར་བ་མཁས་མཆོག་དཎྜིའི་སྙན་ངག་གི་གཞུང་མེ་ལོང་མའི་ལམ་སྲོལ་ལ་བརྟེན་པ་ལས། རྟོགས་བརྗོད་ངོ་མཚར་བ་ཀུན་གྱི་རྣ་བའི་བདུད་རྩི་འདི་ལྟ་བུ་འཁྲུངས། དེ་བས་རི་བོ་དགེ་ལྡན་པ་ལ་འདི་པ་ལས་ལྷག་པའི་སྙན་ངག་མཁན་མ་བྱུང་སྐད། སྙན་ངག་འདི་ལ་སྔོན་བྲིས་མ་ཡོད་པ་ཕུད། བཀྲ་ཤིས་ལྷུན་པོའི་དཔར་ཞིག་ཀྱང་ཡོད་པར་བཤད་མོད། ད་ལྟ་ནི་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་ཞུ་དག་གནང་ཞིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ1981ལོར་དཔེ་སྐྲུན་བྱས་པའི་ལྕགས་དཔར་དེ་མ་གཏོགས། སྔོན་གྱི་བྲིས་དཔར་གང་ཡང་མཐོང་དཀའ་སྟེ།  སྤྱིར་འདི་པའི་གསུང་འབུམ་ལ་པོད་གཅིག་ལས་ལྷག་མེད་ཅིང་། དེ་ཡང་བྲིས་མ་ལས་དཔར་མ་ཡོད་ཚོད་མི་འདུག་ལ། པེ་ཅིན་མི་རིགས་དཔེ་མཛོད་ཁང་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཉར་བའི་གསུང་འབུམ་ལ《རཱ་མ་ཎའི་རྟོགས་བརྗོད》བཞུགས་ཀྱང་།  ས་ཆ་གཞན་མ་འགར་ཉར་བའི་གསུང་འབུམ་དུ་རྟོགས་བརྗོད་དེ་མི་བཞུགས་སོ ། ། ཞང་ཞུང་པས་མཛད་པའི་སྙན་ངག་དེ་ཁ་ཤིན་ཏུ་དམ་པས་གོ་དཀའ་ཞིང་། དཔེ་རྣམས་ལ་མ་དག་རྒྱུན་འབྱམས་ཀྱི་ནོར་འཕྱུག་ཀྱང་མང་མོད། དུས་རབས་ཉི་ཤུ་པར།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པ་ཆེན་པོ་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོས་རྟོགས་བརྗོད་འདི་ལ《དྲི་མེད་ཤེལ་གྱི་འབབ་སྟེགས》ཞེས་པའི་འགྲེལ་བ་རྨད་དུ་བྱུང་བ་ཞིག་མཛད་དེ་སྐྱོན་སེལ་དག་བཅོས་དང་དཀའ་གནད་ཀྱི་མདུད་པ་བཀྲོལ་བས། རྟོགས་བརྗོད་འདིའི་ཞལ་རས་སྔར་བས་མཛེས་ཤིང་། དགྱེས་འཛུམ་ལྷུག་པོར་གྲོལ་ཏེ།  དོན་གཉེར་ཅན་གྱི་སྐྱེ་བོ་མང་པོའི་ཡིད་ཀྱི་དགའ་སྟོན་བླ་ན་མེད་པར་གྱུར། ད་ལྟ་བོད་ཀྱི་ཤེས་ཡོན་ཅན་ལ《རཱ་མ་ཎའི་རྟོགས་བརྗོད》མི་ཤེས་པ་མེད་ཅིང་། དེ་ཡང《རཱ་མ་ཎའི་རྟོགས་བརྗོད》ཅེས་བརྗོད་ཚེ་ཞང་ཞུང་པས་མཛད་པའི《རཱ་མ་ཎའི་རྟོགས་བརྗོད》ལ་གོ་དགོས་པ་ལྟ་བུ་ཞིག་ཆགས་འདུག།  དེ་ཡང་སྟོད་ཀྱི་ཞང་ཞུང་པས་ལེགས་པར་མཛད་པ་དང་། སྨད་ཀྱི་ཞལ་ཤུལ་པས་ལེགས་པར་བཀྲལ་བ་སྟེ།  ཞ་ཡིག་གཉིས་ཟུང་དུ་འབྲེལ་བ་ལས།   རྟོགས་བརྗོད་དེའི་འཕྲིན་ལས་དེ་ལྟར་དུ་རྒྱས་པར་གྱུར་སྙམ།  ཞང་ཞུང་པ་ཆོས་དབང་གྲགས་པ་ནི་བོད་ཀྱི་མཁས་པ་ལས་རྒྱ་གར་གྱི་སྒྲུང་རབས་ཆེན་མོ《རཱ་མཱ་ཡ་ཎའི》གཏམ་རྒྱུད་ལ་སྦྱར་ཏེ་སྙན་ངག་གི་བསྟན་བཅོས་གསར་རྩོམ་བྱེད་མཁན་རྣམས་ཀྱི་གཙོ་བོ་སྟེ། ཁོང་གིས་རྨད་དུ་བྱུང་བའི་ཚིག་སྦྱོར་ལ་བརྟེན་ནས་བོད་ཀྱི་ཡུལ་དུ་རྒྱ་གར་པ་རྣམས་ཀྱི《རཱ་མཱ་ཡ་ཎའི》གཏམ་རྒྱུད་ལ་གཟི་བྱིན་འབར་བར་བྱས་ལ།  མཆོག་གི་སྤོབས་པ་ལ་བརྟེན་ནས་བོད་ཀྱི་ངག་རིག་སྨྲ་བ་རྣམས་ལ་བརྫོད་བྱའི་གཏམ་གྱི་གཏེར་སྒོ་གསར་དུ་ཕྱེ་བས། མཁས་པ་རྣམས་རྗེས་སུ་འཇུག་པའི་བརྩམས་ཆོས་རྩོམ་པ་ལ་ཞུགས།  དེ་ཡང་ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པ་ཆེན་པོ་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོས 《དགའ་བྱེད་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན་དྲི་ཟའི་འཕང་འགྲོའི་རྒྱུད་ཀྱི་སྒྲ་དབྱངས》བྱ་བ་ཡན་ལག་དུ་མར་བཅད་ཀྱང་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་ལ་ཟློས་གར་གྱི་མཚན་ཉིད་ཚང་བའི་བརྩམས་ཆོས་དེ་མཛད། མཁས་པ་རཀ་ར་བཀྲས་མཐོང་གིས་དུས་ཕྱིས་གཙང་ནས་སྨན་རི་བ་ཞེས་པས་རཱ་མ་ཡ་ཎའི་གཏམ་རྒྱུད་ཚིགས་བཅད་ཤིན་ཏུ་ལེགས་པ་ཞིག་མཛད་ཡོད་གསུངས་ལ། སྨན་རི་བ་ཞེས་པ་ནི་དུས་རབས་བཅུ་དགུ་པར་གཙང་ཐོབ་རྒྱལ་སྨན་རིར་འཁྲུངས་ཤིང་།  ཕྱིས་སུ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད་དེ་མཁས་པར་གྱུར་པ 《ཆོས་རྒྱལ་དྲི་མེད་ཀུན་ལྡན་ལེགས་པའི་བློ་གྲོས་ཀྱི་རྟོགས་བརྗོད་བསྔགས་འོས་བསྔགས་པ》མཛད་མཁན་སྐྱབས་དབྱིངས་སྨན་རི་བ་བློ་བཟང་རྣམ་རྒྱལ་ཞུ་བ་དེ་ཡིན་སྙམ། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ཞེས་པར《རཱ་མ་ཎའི་རྟོགས་བརྗོད》ཀྱི་འགྱུར་མི་འདྲ་བ་བཞི་བཀོད་འདུག་པ་དེའི་མགོའི་ངོ་སྤྲོད་ཀྱི་ཡི་གེར་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཀྱང《རཱ་མཱ་ཡ་ཎའི》གཏམ་རྒྱུད་ལ་སྦྱར་བའི་སྙན་ངག་གི་བསྟན་བཅོས་ཤིག་བརྩམས་ཡོད་འདྲ་བ་ཞིག་བཤད་འདུག་མོད། བདེན་མིན་མ་ཤེས།  གང་ལྟར་དེ་གཉིས་ནི་ད་དུང་མིག་གི་སྤྱོད་ཡུལ་དུ་མ་གྱུར་ལ།  དེ་འདྲའི་གྲགས་ཀྱང་མི་ཆེ།   
             དུས་རབས་ཉི་ཤུ་པར།  བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས 《རྒྱལ་པོ་དགའ་བྱེད་རཱ་མའི་གཏམ་རྒྱུད་རཱ་མ་ཡ་ཎའི་མེ་ལོང》ཞེས་པ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ《རཱ་མཱ་ཡ་ཎའི》དོན་འདུས་པ་ཞིག་ཚིག་ལྷུག་གིས་བསྒྱུར།  དེ་རྒྱ་དཔེ་ལ་གཞི་བྱས་ནས་བསྒྱུར་པར་སྣང་ཞིང་། དོན་ཆ་ཚང་ལ། ཚིག་སྦྱོར་རྨད་དུ་བྱུང་བས་མཁས་པའི་ཡིད་དབང་འཕྲོག་པ་སྐབས་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་མོད། ཕྱིས་སུ་རྐྱེན་དབང་གིས་ལེའུ་བརྒྱད་པའི་མཚམས་ཤིག་ནས་མཇུག་རྫོགས་པའི་བར་གྱི་ཆ་རྣམས་གཏན་བརླག་ཏུ་སོང་བ་ཁོང་གི་སློབ་མ་མཁས་པ་རཀ་ར་བཀྲས་མཐོང་གིས་ཁ་རྫོགས་པར་བསྐངས་ཏེ་ད་ལྟ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་འདུག    《རཱ་མཱ་ཡ་ཎའི》རྒྱ་དཔེ་ལ་སྐབས་བདུན་ལས་མི་འདུག་མོད།   མཁས་དབང་དགེ་ཆོས་ཀྱིས 《རཱ་མ་ཡ་ཎའི་མེ་ལོང》དུ་སྐབས་དང་པོ་ལ་བླ་མའི་ཀཎྜ་བྱ་བ་ཞིག་མུ་སྟེགས་ལ་གྲགས་པའི་ཉི་མའི་རིགས་རྒྱུད་ཤེས་པའི་ཕྱིར་བཀོད་པས་སྐབས་བརྒྱད་དུ་གྱུར།   ཞང་ཞུང་པའི《རཱ་མ་ཎའི་རྟོགས་བརྗོད》དུ《རཱ་མཱ་ཡ་ཎའི》གཏམ་རྒྱུད་ཀྱི་གཞུང་རྐང་ཙམ་དང་མི་སྣ་གཙོ་བོ་ཁ་ཅིག་ལས་མི་འབྱུང་མོད། 《རཱ་མཱ་ཡ་ཎའི་མེ་ལོང》དུ《རཱ་མཱ་ཡ་ཎའི》གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣ་དང་ས་ཆ་ཕལ་ཆེ་བ་ཐོན་འདུག་ལ།    དེ་ནི་ཏུན་ཧོང་ནས་ཐོན་པའི《རཱ་མ་ཎའི་རྟོགས་བརྗོད》ལས་ཀྱང་ལྡབ་དུ་མ་ཞིག་གིས་རྒྱས་པས།  རང་རེས་དེའི་སྐོར་གྱི་དཔེ་ཁྲིད་དང་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་བརྩམས་ཆོས་ཤིན་ཏུ་རྩ་ཆེན་ཞིག་ཏུ་གྱུར་འདུག   
             《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་གཏམ་རྒྱུད་ནི་རང་རེ་བོད་ལ 《རཱ་མཱ་ཡ་ཎའི》གཏམ་རྒྱུད་ཙམ་ཞིག་གྲགས་མི་ཆེ་མོད། གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོ་ནི་སྔར་བཤད་པ་ལྟར《བསྟོད་འགྲེལ》དང་། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》སོགས་བརྒྱུད་ནས་སྔ་མོ་ནས་བོད་ལ་ངོ་སྤྲོད་བྱས་འདུག།  བོད་ཀྱི་མཁས་པས《མ་ཧཱ་བྷཱ་ར་ཏའི》གཏམ་རྒྱུད་ལ་སྦྱར་ཏེ་གསར་རྩོམ་བྱས་པའི་བརྩམས་ཆོས་ལ།  དུས་རབས་ཉི་ཤུ་པར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མའི་ནང་སྒང་གི་ཛ་སག་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་སྦྱར་བའི《སྐྱ་སེང་བུ་ལྔའི་བྱུང་བ་བརྗོད་པ་བློ་ལྡན་ཡིད་དབང་འདྲེན་བྱེད་རྨད་བྱུང་འཕྲུལ་གྱི་ཤིང་རྟ》བྱ་བ་དེ་གྲགས་ཆེ།   རྟོགས་བརྗོད་འདིའི་བརྫོད་བྱ་ནི《མ་ཧཱ་བྷཱ་ར་ཏ》ལས་བྱུང་བའི་གཡུལ་ངོར་བརྟན་པ་སོགས་སྐྱ་བསེང་བུ་ལྔ་དང་།  འཐབ་དཀའ་སོགས་སྒྲ་ངན་དཔུང་ཚོགས་བཅུ་གཉིས་ཀྱིས་རྒྱལ་སྲིད་ཀྱི་དོན་དུ་དྲག་པོ་གཡུལ་གྱི་སྦྱོར་བས་ཕན་ཚུན་དྲག་ཏུ་འཐབ་སྟེ།  ཕུ་ནུ་ནང་དམེ་ཡ་ང་བ་བྱས་པ་ལ་སྦྱར་འདུག་ལ།  དེ་ཡང་བྱེ་བྲག་ཏུ《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས་བྱུང་བའི་སྐྱ་བསེང་བུ་ལྔའི་གཏམ་རྒྱུད་དང་མཐུན་པར་སྦྱར་འདུག་པ་ཤིན་ཏུ་གསལ། འདིའི་མཛད་པ་པོ་ནི་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས“ལྔ་རིག་སྨྲ་བའི་དབང་པོ་མཚན་ཞབས་པ་ཡེ་ཤེས་ཚུལ་ཁྲིམས་ནས་ངོ་མཚར་བའི་སྙན་འཕྲིན་སྤྱི་བོར་བསྩལ་བ་ལས”ཞེས་ཡོངས་སུ་བསྔགས་པ་ལྟར་རིག་པའི་གནས་ཀུན་ལ་མཁྱེན་པ་རྣམ་པར་བཀྲ་ཞིང་།  ལྷག་པར“་རིག་པ་སྙན་ངག་གི་གཞུང་ལ་ལྟ་བའི་རྣམ་དཔྱོད་ཀྱི་མིག་རས་ཅུང་ཟད་གཡོ་བ”ཞེས་རང་ཉིད་ཀྱིས་ཀྱང་ཁས་འཆེས་པ་དོན་ལ་གནས་པས། རྟོགས་བརྗོད་འདིའི་ཚིག་སྦྱོར་ཡང་ཆེས་ཤིན་ཏུ་ངོ་མཚར་བ་མཁས་པའི་ཡིད་དབང་འགུག་པ་ཤ་སྟག་ཏུ་སྣང་ན།  བོད་ཀྱི་མཁས་པས་མཛད་པའི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཕུལ་དུ་བྱུང་བའི་གྲས་སུ་བགྲང་འོས། འདིའང་བརྗོད་བྱ་ངོ་མཚར་བ《མ་ཧཱ་བྷཱ་ར་ཏ》ཞེས་པའི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་ལས་བྱུང་ཞིང་། རྗོད་བྱེད་རྒྱ་གར་གྱི་སློབ་དཔོན་ཆེན་མོ་དཎྜིས་བསྟན་པའི་སྙན་ངག་གི་ལམ་སྲོལ་དང་མཐུན་པར་སྦྱར་བ་ཞིག་གོ །   
             རྟོགས་བརྗོད་འདི་ལ་པར་གཞི་མི་འདྲ་བ་གཉིས་ཡོད་ཅིང་། དེའི་གཅིག་ནི་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་མཛད་པའི《རྟོགས་བརྗོད་གསེར་གྱི་མེ་ཏོག》ཏུ་བཀོད་པ་ལྟར་ན།  པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་སྔོན་མ་རྒྱ་ནག་ནས་ཨ་མདོར་ཕེབས་སྐབས་ཁོང་གི་ཞབས་འབྲང་པའི་གྲས་ན《སྐྱ་སེང་བུ་ལྔའི་རྟོགས་བརྗོད》འདིའི་རྩོམ་པ་པོ་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་འདི་པའང་ཡོད་པས།རྟོགས་བརྗོད་འདིའི་སྦྱར་བྱང་དུའང་གསལ་བ་ལྟར་སྐུ་འབུམ་བྱམས་པ་གླིང་དུ་བརྩམས་པ་ཡིན། ལོ་དུས་ཀྱི་དབང་དུ་བྱས་ན་དེ་བརྩམས་པའི་དུས་ནི་སྤྱི་ལོ1936ལོ་ཡིན་སྙམ་སྟེ།  པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་ནི་ལོ་དེར་ཨ་མདོར་ཕེབས་པ་ཡིན་ལ། དེའི་ཕྱི་ལོ་སྟེ1937ལོར་ཁོང་ཉིད་སྐྱེ་དགུ་མདོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེས་ན་རྟོགས་བརྗོད་འདི་དང་པོ་བརྩམས་པའི་དུས་དེ་ཡིན་པར་ངེས། ཡང་འདི་ལ་པར་གཞི་གཞན་ཞིག་ཡོད་པ་ནི་སྦྱར་བྱང་དུ“སྔོན་ནས་སུག་བྲིས་སུ་བགྱིས་པར་ད་ལམ་གཙང་ལྗོངས་སུ་འབྱོར་རྗེས་སླར་ཡང་དབྲི་སྣོན་ལེགས་བཅོས་དང་བཅས་ཆུ་ཁམས་མིག་ཐོས་ཀྱི་ལོའི་དབོ་ཟླ་བའི་གྲལ་ཚེས༤དགེ་བའི་ཉིན་གཏན་ལ་ཕབ”ཅེས་འབྱུང་བ་ལྟར། རྩོམ་མཁན་གྱིས་རང་གིས་སྔོན1936ལོར་ཡུལ་མདོ་སྨད་དུ་མཛད་པའི་རྟོགས་བརྗོད་དེ་ཉིད་ལ1953ལོར་གཙང་དུ་སླར་ཡང་དབྲི་སྣོན་ལེགས་བཅོས་བྱས་ཏེ་གཏན་ལ་ཕབ་པ་དེའོ།། པར་གཞི་དང་པོ་ལ་བལྟས་ན་པར་གཞི་གཉིས་པར་དངོས་གནས་དབྲི་སྣོན་ལེགས་བཅོས་གང་མང་བྱས་ཡོད། རྟོགས་བརྗོད་ཀྱི་དབུའི་མཆོད་བརྗོད་དང་།  མཇུག་གི་སྨྲས་པ། སྦྱར་བྱང་སོགས་ལ་དབྲི་སྣོན་ལེགས་བཅོས་བྱས་པ་ལྷག་པར་མང་ཞིང་།  རྟོགས་བརྗོད་ཀྱི་དཀྱུས་རྣམས་སུའང་མགོ་མཇུག་གི་ཚད་ལ་མི་སླེབས་པ་ཙམ་གྱི་དབྲི་སྣོན་ལེགས་བཅོས་ཅི་རིགས་བྱས་ཡོད། སྤྱིར་ན་པར་གཞི་ཕྱི་མ་འདི་གཏན་ལ་ཕབ་པའི་པར་གཞིར་སོང་བས་པར་གཞི་སྔ་མ་ལས་བཟང་བར་སྣང་།   《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》རུ་བཀོད་པའི《སྐྱ་སེང་བུ་ལྔའི་རྟོགས་བརྗོད》ནི་པར་གཞི་དང་པོ་གཞི་བྱས་པ་ཡིན་ལ། དཔེ་ཤིན་ཏུ་མི་དག་པ་ཞིག་ལས་བཤུས་པས།  ཡི་གེ་མི་དག་པ་དང་།  ཕྲད་རྣམ་དབྱེ་དང་བདག་གཞན་དུས་གསུམ་གྱི་ཁྱད་པར་ནོར་བ། ཚིག་རྐང་སྔ་ཕྱིའི་གོ་རིམ་འཆོལ་བ་སོགས་སྐྱོན་གྱི་ཆ་མང་པོ་གཅིག་ཏུ་སྤུངས་པའི་ཕུང་པོ་ལྟ་བུར་འདུག་པས་ཤ་གཟུག་ཟ་རྐྱང་མིན་པ་ཤེས་རྒྱུ་གལ་ཆེ། ཡང་རྟོགས་བརྗོད་འདིར་སྐྱ་བསེང་ཕུ་བོ་དང་།  ཡུལ་འཁོར་སྐྱོང་ནུ་བོར་བྱས་འདུག་པ་དེ། 《མ་ཧཱ་བྷཱ་ར་ཏའི》གཞུང་དངོས་མར་བཤད་པའི་ཕུ་ནུའི་གོ་རིམ་དང་འགལ་བས་ནོར་འཁྲུལ་དུ་སྣང་ཡང་། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བར》ཡང་དེ་བཞིན་དུ་བྱུང་བས།  དེ་ནི་རྟོགས་བརྗོད་རྩོམ་མཁན་གྱི་སྐྱོན་དུ་བལྟ་བར་མི་བྱའོ།།  རྟོགས་བརྗོད་འདིར། ཀོན་ཏི་ཡིས་ཀྱང་སྐབས་གསུམ་པའི། འཚོ་བྱེད་ཐ་སྐར་སྤུན་གཉིས་དང་།།ཞེས་པའི་སྐབས་ཀོན་ཏི་ཞེས་བྱུང་བ་དེ་ཡང་ནོར་འདུག་སྟེ། དེ་མ་དྲི་ཡིན་དགོས་པ་རྟོགས་བརྗོད་འདིའི་སྐབས་དེའི་གོང་འོག་གི་ཚིག་དང་། 《མ་ཧཱ་བྷཱ་ར་ཏའི》གཞུང་དངོས་ལ་བལྟས་ནའང་ཤིན་ཏུ་གསལ་མོད། གང་ལྟར་ཀྱང་དེ་ནོར་འདུག་པས། རྩོམ་མཁན་ནམ། ཡིག་མཁན་ནམ། པར་རྐོན་གང་རུང་ཞིག་གི་སྐྱོན་དུ་ངེས་སོ། །   
             ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི《རཱ་མ་ཎའི་རྟོགས་བརྗོད》དང་། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མཛད་པའི《སྐྱ་སེང་བུ་ལྔའི་རྟོགས་བརྗོད》གཉིས་ནི་བོད་ཀྱི《རཱ་མཱ་ཡ་ཎ》དང 《མ་ཧཱ་བྷཱ་ར་ཏ》ཡིན་པར་བཤད་དུ་རུང་ཞིང་། བོད་ཀྱི་རྩོམ་རིག་གི་བྱུང་བ་ལས་དེ་གཉིས་ནི་ཉི་མ་དང་ཟླ་བ་ལྟ་བུའི་དོན་གྱི་བྱུང་བ་བརྫོད་པའི་སྙན་ངག་གི་བརྩམས་ཆོས་སུ་བསྔགས་པར་འོས།  དེ་ནི་བརྩམས་ཆོས་དེ་གཉིས་གནའ་བོའི་རྒྱ་གར་གྱི་ཉི་མའི་རིགས་དང་ཟླ་བའི་རིགས་ཀྱི་ལོ་རྒྱུས་ལ་སྦྱར་བ་ཙམ་གྱིས་མིན་ཏེ། དེ་གཉིས་ཀྱི་འབྱུང་ཁུངས་སུ་གྱུར་པའི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱང་ཉི་ཟླ་ལྟ་བུའི་བརྩམས་ཆོས་ཡིན་ལ། བོད་ཀྱི་སྙན་ངག་གི་བརྩམས་ཆོས་དེ་གཉིས་ཀྱི་གྲགས་པ་དང་འཕྲིན་ལས་ཀྱང་ཁ་བ་རི་བའི་ཁོངས་ལ་ཉི་ཟླ་ལྟར་ཁྱབ་པའི་ཕྱིར་རོ། །  
             བོད་ཀྱི་ཀློག་མཁན་རྣམས་ལ་སྙན་ངག་གི་སྐྱེས་ཆེན་པོ་དེ་འདྲ་བསྐྲུན་པའི་སླད་དུ་ངག་རིག་སྨྲ་བ་དེ་ཚོས་སྙིང་སྟོབས་དང་བློ་གྲོས་ཀྱི་གོ་ཆ་མཆོག་ཏུ་བགོས་པར་སྣང་སྟེ། ཕྱི་རོལ་པར་གྲགས་པའི་གཏམ་རྒྱུད་ཆེན་མོ་དེ་དག་སྟོན་པའི་རྗེས་འཇུག་རྣམས་ཀྱི་ངག་བརྒྱུད་ནས་བོད་ནང་པ་སངས་རྒྱས་པའི་རྒྱལ་ཁམས་འདིར་སྤེལ་བ་ལ། དོགས་འཚེར་གྱི་གནས་རྣམས་འཐད་ལྡན་གྱི་རྒྱུ་མཚན་བཀོད་ནས་ཤད་སྦྱངས་མ་བྱས་ན་ག་ལ་རུང་སྟེ། བཅོམ་ལྡན་འདས་ཀྱིས། རང་གི་རྗེས་འཇུག་རབ་ཏུ་བྱུང་བ་རྣམས་ཀྱིས་རྒྱལ་པོ་དང་བློན་པོ། དམག་དང་ཆོམ་རྐུན།  བུད་མེད་དང་འདོད་པ་ལ་སོགས་པའི་འདུ་འཛིའི་གཏམ་གྱི་སྦྱོར་བ་ལ་འཇུག་མི་རུང་བར་གསུངས་པའི་ཕྱིར་རོ།། དེ་བས་ཞང་ཞུང་པས་རང་ཉིད་དཀར་འདོན་དག་འབུད་ཀྱི་སླད་དུ།   
ངག་གི་ཟླ་བ་འདི་ཡིས་མ་བསྡམས་པའི། ། ཅ་ཅོའི་དྲི་མའི་ར་རི་འཛིན་ན་ཡང་། །   ལྷུན་གྲུབ་སྤོབས་པའི་འོད་རིགས་འབར་བ་ཡིས།།ཉེས་པའི་མུན་པས་ནམ་ཡང་བརྫི་མི་འགྱུར།།   
             ཞེས་བརྗོད་བྱ་ཆགས་སྡང་དང་འབྲེལ་བའི་ཕྱི་རོལ་པའི་གཏམ་ལ་སྦྱར་ཡང་།རྗོད་བྱེད་རྨད་དུ་བྱུང་བའི་མཐུ་ཡིས་རང་ལ་ཉེས་སྐྱོན་མེད་པར་བསྒྲུབས་ལ། 《སྐྱ་སེང་བུ་ལྔའི་རྟོགས་བརྗོད》 དུའང་།    
ཀུན་དཀྲིས་ནང་གི་དགྲ་འདིས་བྱིས་པ་རྣམས།།བགྲང་ཡས་བསྐལ་བར་འདི་བཞིན་བརླགས་པར་བྱས།།   
             ཞེས་ཕུང་ཁྲོལ་སྣ་ཚོགས་ཀྱི་གཞི་མ་ནི་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་ནང་གི་དགྲ་འདི་ཡིན་ཞིང་། དེ་ཡིས་འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་མཐའ་དག་ཉམས་ཉེས་ཆེན་པོའི་གནས་ལ་སྦྱར་དང་སྦྱོར་བཞིན་པས། ཉོན་མོངས་རྣམས་ས་བོན་དང་བཅས་ཏེ་དྲུང་ནས་འབྱིན་པའི་ཐབས་ལ་འབད་ན། འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མཐར་ཐུག་གི་བདེ་བ་ལ་རེག་པར་འགྱུར་བ་བརྫོད་ཡོད་པས། རྟོགས་བརྗོད་མཛད་པ་པོས་བསྲུབ་བྱ་ཕྱི་རོལ་པའི་གཏམ་རྒྱུད་ཀྱི་འོ་མ་བསྲུབས་ཀྱང་།  སྙིང་པོ་ནང་པའི་ཆོས་ཀྱི་བདེན་བཞིའི་གནས་ལུགས་ཀྱི་མར་ལོ་བཏོན། གལ་ཏེ་དེ་ལྟར་མ་ཡིན་པར་བརྗོད་བྱ་ཕྱི་རོལ་པའི་གཏམ་རྒྱུད་དེ་ལྟ་བུ་ལ་སྦྱར་ཞིང་། བསྟན་བྱའི་དོན་གྱི་སྙིང་པོའང་།  སྐྱ་བསེང་བུ་ནི་བརྗོད་བྱས་ན།།  བསོད་ནམས་འགྱུར་ཞེས་སོ་སོར་སྨྲ།།  ཞེས་པ་ལྟར་རམ།  དེ་ལས་གཞན་པའི་ཕྱི་རོལ་པའི་འདོད་ཚུལ་དང་མཐུན་པ་ཞིག་བསྟན་པ་ཡིན་ན། སངས་རྒྱས་ཆོས་ལུགས་ཀྱི་ཆ་ནས་བལྟས་ན་རྟོགས་བརྗོད་དེ་ནི་ངེས་པར་ངག་ཀྱལ་གྱི་ཕུང་པོ་ཆེན་པོ་ཞིག་ཏུ་འགྱུར་རོ། །ཡང་རྟོགས་བརྗོད་འདིར་སྐྱ་བསེང་གི་རིགས་དང་སྒྲ་ངན་གྱི་རིགས་ཕུ་ནུ་ནང་དམེ་ཉམ་ང་བ་བྱས་ཚུལ་བརྗོད་པའི་ཤུགས་ལ། རྒྱལ་དབང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ་རྣམ་གཉིས་དོན་དམ་དུ་དམ་ཚིག་གསེར་གྱི་མདུད་པ་ལྷོད་པ་མེད་ཀྱང་། སྐྱེ་འགྲོའི་ལས་དང་བསོད་རྣམས་དང་མ་རུང་བ་འགའི་དབྱེན་དང་ཕྲ་མའི་དབང་གིས་སྐབས་ཤིག་ཅུང་ཟད་ཐུགས་ནང་མ་གཤིན་པའི་ཚུལ་མཛད་པར་གྲགས་པ་དང་། བོད་བཀའ་ཤག་སྲིད་གཞུང་དང་པཎ་ཆེན་ནང་སྒང་བར་ལ་དངོས་གནས་མི་མཐུན་པ་ཆེན་པོ་བྱུང་བ་དེ་ནི་སྐྱ་བསེང་བུ་ལྔ་སོགས་ཀྱིས་ཕུ་ནུ་ནང་དམེ་བྱས་པ་དང་གཉིས་སུ་མ་མཆིས་པས།  ཕན་ཚུན་མི་མཐུན་པ་དང་།  དེ་ལ་བརྟེན་ནས་རང་གཞན་སྤྱི་སྒེར་གྱི་ལེགས་ཚོགས་མཐའ་དག་གཏན་བརླག་བྱེད་པ་མི་རིགས་ཚུལ་སྟོན་འདོད་པ་ཨེ་ཡིན་སྙམ། དེ་བཞིན་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོའི《དགའ་བྱེད་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན་དྲི་ཟའི་འཕང་འགྲོའི་རྒྱུད་ཀྱི་སྒྲ་དབྱངས》ལས་ཀྱང་།   
             “རྒྱལ་པོ་རཱ་མ་ཎས་རི་དྭགས་དེ་ཅི་ཙམ་བདས་ཀྱང་རྗེས་མ་ཟིན་པར་ངལ་བ་དོན་མེད་དུ་སོང་བ་དེས།   ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལ་ཚིག་སྤྱིའི་གོ་བ་ཙམ་ཆགས་པའི་རྗེས་སུ་འབྲང་མི་རིགས་པ་མཚོན་པར་བྱེད་པ་ཡིན།  སྤྲེའུ་ཧ་ནུ་མན་ཐས་ཐབས་མཁས་པའི་རྣམ་དཔྱོད་ཀྱི་སྒྱུ་རྩལ་ལ་བརྟེན་ནས་སྲིན་པོ་ཕྲ་རགས་མང་པོ་དང་། དེའི་རྗེ་དཔོན་འབོད་སྒྲོགས་སོགས་དངོས་དང་གཟུགས་བརྙན་མ་འཆུག་པར་སོ་སོར་གསལ་བར་རྟོགས་ཤིང་ཁྱད་པར་དུ་འབོད་སྒྲོགས་ཀྱི་མགྲིན་བཅུའི་སྟེང་མ་རྟ་གདོང་དེ་ནི་ཁོ་རང་གི་སྲོག་གི་གནད་ཡིན་ཕྱིར་དེ་བཅད་ན་སྲོག་དང་བྲལ་བར་ཤེས་པ་དེ་ནི། བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་དོན་ལ་བསམས་ཏེ་བདེན་འཛིན་ཕྲ་རགས་མང་པོ་དང་སྲིད་པའི་རྩ་བ་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་དེ་ཁོ་ན་ཡིན་པར་ངོས་ཟིན་དགོས་པ་དེ་གོ་དགོས། རྒྱཁ།་པོ་རཱ་མ་ཎའི་མདའ་གཞན་ལས་ཁྱད་པར་དུ་འཕགས་པ་འཕང་ན་ཕོག་པས་ཁྱབ་པ། ཕོག་ན་འཆི་བས་ཁྱབ་པ། ཤི་ན་མཐོ་རིས་སུ་སྐྱེ་བས་ཁྱབ་པ་སྟེ་དམ་བཅའ་གསུམ་ལྡན་གྱི་མདའ་སྟ་ཁ་མས་འབོད་སྒྲོགས་ཀྱི་མགྲིན་པ་སྟེང་མ་རྟ་མགོ་བཅད་དེ་སྲོག་དང་བྲལ་བར་བྱས་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ་པ་དེ་མཐའ་གཉིས་སྤངས་པའི་དབུ་མའི་ལྟ་བ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་རྣོན་པོས་བདག་འཛིན་རྩད་ནས་བཅད་དེ་ཟབ་མོའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བར་བྱེད་པའི་མཚོན་བྱེད་ཡིན་ནོ། །” 
             ཞེས་བརྗོད་བྱ་ཕྱི་རོལ་པའི་གཏམ་རྒྱུད་དེ་འདྲ་ལས་བསྟན་བྱ་ནང་པའི་ཆོས་ཀྱི་གནས་ལུགས་ཁྱད་པར་བ་དེ་འདྲ་བསྟན་པ་ནི“འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས”ཞེས་པ་སྟེ།  བརྗོད་བྱ་ཕྱི་རོལ་པའི་གཏམ་རྒྱུད་ཡིན་པ་དེས་སྒྲུང་རབས་ཆེན་མོ་གཉིས་སམ་གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་རིག་གནས་ནི་འགོག་མི་ནུས་པ་ཙམ་དུ་སྟོབས་ཤུགས་ཆེ་བ་དང་། བསྟན་བྱ་ནང་པའི་ཆོས་དང་མཐུན་པ་དེས་བོད་ཀྱི་སྙན་ངག་མཁན་རྣམས་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལ་མཁས་ཤིང་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ལ་རིག་གནས་གཞན་བསྒྱུར་བཟོ་བྱེད་པའི་ནུས་པ་ཆེན་པོ་དང་ལྡན་པ་ལེགས་པར་བསྟན། རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཧི་མ་ལ་ཡ་བརྒལ་ནས་བོད་དུ་སླེབས་པ་ནི་གཙང་མོས་གམ་པ་ལ་བརྒྱབ་པ་ལྟ་བུ་ཞིག་མིན་ཏེ། ཟུར་ཆག་པ་ཡོད་མོད་དེ་མདངས་ཕྱུངས་པའང་ཡོད། བོད་ཀྱི་ལོ་ཙཱ་བ་ཚོས་བསྣམས་ཕེབས་པའི་སྒྲུང་རབས་ཆེན་མོ་གཉིས་ཀྱི་གཏམ་རྒྱུད་དང་།  བོད་ཀྱི་སྙན་ངག་པས་དེ་ལ་སྦྱར་ནས་གསར་དུ་བརྩམས་པའི་རྟོགས་བརྗོད་དེ་དག་བརྗོད་བྱ་གཅིག་ཀྱང་བསྟན་བྱ་ཐ་དད་དུ་གྱུར་པ་དེས། རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལ་བོད་དུ་འཕོ་འགྱུར་བྱུང་བའི་རིམ་པ་གསལ་བར་བྱས་ཤིང་། བོད་ཀྱི་མཁས་པ་ཚོས་རིག་གནས་མཐུན་སྡེབ་བྱས་པའི་ཚུལ་ཞིག་ཀྱང་མངོན་པར་མཚོན།  
             རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཀྱི་གཞུང་དངོས་ནི་ཆ་ཚང་བ་ཞིག་ད་ལྟའི་བར་བོད་སྐད་དུ་མ་འགྱུར་མོད། བོད་ལ་རྣམ་པ་གཉིས་ཀྱི་སྒོ་ནས་དེའི་འཕྲིན་ལས་དར་བ་ནི་གོང་དུ་བཤད་པ་བཞིན་ཡིན་ལ། ད་ནི་བོད་ཀྱི་རྩོམ་རིག་དང་རིག་གནས་ལ་དེའི་ཤན་སྟོབས་ཞུགས་པའི་རྣམ་པ་གཞན་ཞིག་བརྗོད་པར་བྱའོ ། །
             ད་ལྟ་འཛམ་གླིང་ཀུན་ལ་གྲགས་ཆེ་བའི་བོད་ཀྱི་སྒྲུང་རབས་ཆེན་མོ《གེ་སར་རྒྱལ་པོའི་སྒྲུང》ཞེས་པ་ལས་རྒྱ་གར་གྱི《རཱ་མཱ་ཡ་ཎའི》གཟུགས་བརྙན་བསྙོན་མེད་དུ་མཐོང་ཐུབ་ཅེས་བདག་གིས་སྨྲ་བར་སྤོབས་ཏེ།  རཱ་མཱ་ནི་ལྷ་ཆེན་པོ་ཁྱབ་འཇུག་གི་སྤྲུལ་པ་ཡིན་པ་དང་།  གེ་སར་ནི་ལྷ་ཆེན་ཚངས་པའི་སྲས་ལྷ་ཕྲུག་ཐོས་པ་དགའ་བ་ཞེས་པ་སྟེ།  གཉི་གའང་ལྷའི་སྤྲུལ་བ་མ་རུང་བ་འདུལ་བའི་ཕྱིར་མི་ཡུལ་དུ་བབས་པ་དང་།  རཱ་མཱ་ནི་རང་གི་ཡབ་རྒྱལ་པོ་ཤིང་རྟ་བཅུ་པའི་ཆུང་མ་ཀེ་ཀེ་ཡ་བྱ་བའི་གཡོ་འཕྲུལ་གྱིས་སཱི་ཏཱ་དང་བཅས་ནགས་སུ་ལོ་བཅུ་བཞིར་སྤྱུགས་པ་དང་། གེ་སར་ཆུང་ངུའི་དུས་སུ་ཨ་ཁུ་ཁྲོ་ཐུང་གིས་ཡུམ་འགོག་བཟའ་དང་བཅས་རྨ་ཡུལ་དུ་སྤྱུགས། རཱ་མཱ་ནི་རྒྱལ་པོ་ཛ་ན་ཀའི་བུ་མོ་སཱི་ཏཱ་གྲོགས་གདམ་པའི་རྒྱལ་འགྲན་པ་ལ་ཞུགས་ཏེ། རྒྱལ་པོའི་མཛོད་ཀྱི་གནམ་རུ་སུས་ཀྱང་བདུངས་པར་མི་ནུས་པ་དེ་ལྟག་པའི་ཕྱོགས་སུ་བཀང་ནས་འབེན་གྱི་ཉ་ལ་བསྣུན་ཏེ་སཱི་ཏཱ་ཐོབ་པ་དང་། གེ་སར་ནི་གླིང་གི་རྟ་རྒྱུག་རྒྱལ་འཇོག་ལ་ཞུགས་ནས་རྐྱང་རྒོད་ཕེར་བས་མགྱོགས་དར་ཐོབ་པས་གསེར་ཁྲི་སེར་པོའི་གོང་གནོན་དང་སེང་ལྕམ་འབྲུག་མོའི་སྐྲ་བདག་ཏུ་གྱུར། རཱ་མཱའི་ཆུང་མ་སཱི་ཏཱ་ལདྒ་མགྲིན་བཅུས་འཕྲོག་པས་སྤྲེལ་དམག་སྲིན་པོའི་གླིང་དུ་དྲངས་ཏེ་མགྲིན་བཅུ་བསད་ཅིང་སཱི་ཏཱ་སླར་བཀུག་པ་དང་། གེ་སར་གྱི་ཆུང་མ་འབྲུག་མོ་གུར་དཀར་གྱིས་འཕྲོག་པས་གླིང་དམག་ཧོར་ལ་དྲངས་ཏེ་གུར་དཀར་ལ་གཉལ་སྒ་བསྟད་ཅིང་འབྲུག་མོ་སླར་བསུས། མཐར་མི་ཡུལ་གྱི་འཕྲིན་ལས་མཐའ་དག་གྲུབ་རྗེས་རཱ་མཱ་དང་གེ་སར་གཉི་ག་ཕྱིར་ལྷ་ཡུལ་དུ་བྱོན། དེས་ན་དེ་དག་ཐམས་ཅད་སྟེས་དབང་གིས་ཐོ་ཐུག་པ་ཡིན་ཞེས་སུ་ཞིག་གིས་ཀྱང་སྨྲ་བར་མི་ནུས་པས། གེ་སར་རྒྱལ་པོའི་སྒྲུང 《ལྷ་གླིང་གབ་ཙེ་དགུ་སྐོར》 དང་། 《འཁྲུངས་གླིང་མེ་ཏོག་ར་བ》 《རྟ་རྒྱུག་ནོར་བུ་ཆ་བདུན》བཅས་ཀྱི་ཁར《ཧོར་གླིང་གཡུལ་འགྱེད》བསྣན་ན(《བདུད་འདུལ》བསྣན་ཀྱང་རུང་སྟེ་བདུད་རྒན་ཀླུ་བཙན་གྱིས་མེ་བཟའ་འཁྱེར་ཚུལ་དང་ལད་མགྲིན་བཅུས་སྲི་ཏཱ་འཁྱེར་ཚུལ་སོགས་ཀྱང་ངོ་མཚར་བ་ཙམ་དུ་ཆ་མཚུངས)དེ་ནི་བོད་ཀྱི《རཱ་མཱ་ཡ་ཎ》སྟེ། དེ་དག་ཏུ 《རཱ་མཱ་ཡ་ཎའི》 སྒྲོམ་གཞི་ཆ་ཚང་བར་འདུས་འདུག །  གཞན་ཡང་བོད་ཀྱི་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་ཧ་ནུ་མནྠ་ལས་བྱུང་། བེ་རོ་ཙ་ན་ཟངས་ཀྱི་ག་འུར་བཅུག་ནས་ཆུ་ལ་བསྐྱུར་བ་སོགས་ཆུ་ལ་བསྐྱུར་བའི་གཏམ་རྒྱུད་མང་པོ་ཞིག་ཡོད་པ་དེ་དག་ནི་སཱི་ཏཱ་ཆུ་ལ་བསྐྱུར་བའི་གཏམ་རྒྱུད་ལས་བྱུང་། རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་བ་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་བོད་བྱུང་ཞེས་པ་དང་། བོད་ལ་ཡོངས་སུ་གྲགས་པའི་དཔུང་ཚོགས་ཡན་ལག་བཞི་ཞེས་པ་དང་། ཐ་ན་གདུགས་དང་། རྒྱལ་མཚན།  དུང་དཀར་སོགས་ཀྱང་ཡིག་ཆའི་ཁུངས་ནི 《མ་ཧཱ་བྷཱ་ར་ཏ》ལས་སྔ་བ་མེད་པར་བསམས།  གཞན་ཡང་རྒྱའི《ནུབ་ཕྱོགས་ཉུལ་བའི་ཟིན་ཐོ》རུ་བྱུང་བའི་སྤྲེའུ་ཨུ་གུང་ཡང་ཧ་ནུ་མནྠ་ལ་དཔེ་བལྟས་ནས་བཟོས་ཤིང་།  ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་གཞན་པ་འགའ་ཞིག་གི་སྒྲུང་རབས་ཆེན་མོའི(དཔེར་ན་ཏེ་རིགས་ཀྱི 《ལན་ཀ་ཞི་ཧོ》ལྟ་བུ)འབྱུང་ཁུངས་ཀྱང་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལ་ཐུག་ཡོད་མོད། སྐབས་དོན་དང་ཆེར་མ་འབྲེལ་བས་སྤྲོ་བར་མི་བྱའོ །།  
             དེ་ལྟར་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་བོད་ཀྱི་རྩོམ་རིག་རིག་གནས་ཀྱི་འབྲེལ་བ་ནི་ཤིན་ཏུ་ཟབ་པས།  རྒྱ་གར་པའི་རིག་གནས་ཀྱི་རིན་ཐང་ཤེས་པ་དང་།  བོད་ཀྱི་རྩོམ་རིག་རིག་གནས་ལ་ཞིབ་འཇུག་བྱས་ནས་དེའི་གཏིང་ལོན་པ་དང་།  རྒྱ་གར་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བ་ཡང་དག་པར་རྟོགས་པ་ལ། རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ཆ་ཚང་བར་བོད་སྐད་དུ་བསྒྱུར་པ་དང་།  རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ལ་ཞིབ་འཇུག་བྱེད་པ་དང་།   རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་གེ་སར་རྒྱལ་པོའི་སྒྲུང་སོགས་བོད་ཀྱི་རྩོམ་རིག་གི་བརྩམས་ཆོས་རྣམས་གཤིབ་བསྡུར་གྱིས་དཔྱད་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་མོད།   རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་ནི་བྲམ་ཟེའི་ཆོས་ལུགས་ཀྱི་རིག་གནས་ཀྱི་ཁོངས་སུ་གཏོགས་པས།   སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དེ་གཉིས་ཀྱི་རྒྱ་གཞུང་ཆ་ཚང་བོད་སྐད་དུ་མ་བསྒྱུར་བ་ཤིན་ཏུ་ཕངས་ཆེ། དེ་བས་སཾ་བོད་སྐད་ཡིག་གཉིས་ལ་མཁས་ཤིང་སྙིང་སྟོབས་དང་བློ་གྲོས་ཅན་དག་གིས་རང་རེ་ལ་ལས་སྐལ་དུ་བཞག་པའི་རིག་གནས་འཛུགས་སྐྲུན་གྱི་བྱ་བ་ཆེན་པོ་དེ་གང་མགྱོགས་ཀྱིས་ཕྲག་ཏུ་བླང་བར་འོས། སྒྲུང་རབས་ཆེན་མོ་གཉིས་དང་འབྲེལ་བའི་ཞིབ་འཇུག་ཀྱང་ཕལ་ཆེར་སྟོང་ཆ་རུ་ལུས་འདུག་སྟེ། སྔོན་གྱི་མཁས་པ་བཀའ་དྲིན་ཅན་རྣམས་ཀྱིས་ཅུང་ཟད་ཅིག་ངོ་སྤྲོད་བྱས་འདུག་པ་མ་གཏོགས།  ད་ལྟ་དེའི་སྐོར་གྱི་དཔྱད་རྩོམ་བྲིས་པ་དག་གིས་སྒྲུང་རབས་ཆེན་མོ་གཉིས་ལས་བྱུང་བའི་མིའི་མིང་སོགས་ལའང་མགོ་འཐོམས་ནས།  རྒྱལ་པོ་ཁྱབ་འཇུག་ཅེས་མེད་བཞིན་དུ་བཏགས་པ་དང་། བྷི་ཥ་མ་སྔངས་བྱེད་ཀྱི་དོན་ཡིན་པ་ཁྱབ་འཇུག་ཡིན་ཟེར་བ།  དུར་ཡོ་དྷ་ན་འཐབ་དཀའ་ཡིན་པ་ལ་དགྲ་ངན་ཡིན་ཟེར་བ།  བྷི་མ་འཇིགས་སྡེ་ཡིན་པ་ལ་སྲིད་སྒྲུབ་ཡིན་ཟེར་བ། ཨརྫུ་ན་སྲིད་སྒྲུབ་ཡིན་པ་ལ་འཇིགས་སྡེ་ཡིན་ཟེར་བ། 《དཔལ་ནག་པོའི་གླུ》ལ《ཁྱབ་བདག་ཚངས་པའི་བསྟོད་ཚོགས》ཟེར་བ་སོགས་མུན་ནག་ལ་ལག་ནོམ་མང་དུ་བྱས་འདུག་པ་རྒྱ་གར་གྱི་རིག་གནས་ལ་རྒྱུས་ཞིབ་པའི་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་རྣམས་ཀྱི་མདུན་སར་ཅུང་ཟད་ངོ་གནོང་དགོས་པ་ཞིག་ཡིན་ན།   རང་རེས་དེའི་ཕྱོགས་ལའང་འབད་བརྩོན་ཆེན་པོ་བྱེད་རིགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1