ཞིང་ལས་ལྗོངས་སྐོར་ཟུང་དུ་སྦྲེལ། ཕྱུག་པོའི་ཕུགས་འདུན་རྒྱང་མི་རིང་།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-25



     ཉེ་ལམ་གསར་འགོད་པ་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོའི་ཤི་མདའ་སྡེ་བར་ཐོན་པ་ན། ལ་ལས་སློག་རྒྱག་པ་དང་། ལ་ལས་འཕྲུལ་ཆས་ཀྱིས་སོན་འདེབས་པ་སོགས་ཡུལ་མི་ཚང་མ་ཞིང་ཁ་རུ་བྲེལ་བས་ཁེངས་འདུག
     ཞིང་ཁའི་སྤྱིའི་བཀོད་འདོམས་པ་ནི་འཛམ་ཐང་རྫོང་ཕྱུག་སྒྱུར་འཇོན་ལྡན་པ་ལི་ཞའོ་ཀང་ཟེར་བ་དེ་རེད། ལི་ཞའོ་ཀང་གིས་ཤི་མདའ་རུ་ས་མུའུ་རེར་སྒོར300བྱིན་ནས་ས་མུའུ500ལྷག་གླས་ཏེ། འདེབས་འཛུགས་རྟེན་གཞི་བཙུགས་ཤིང་མཐོ་སྒང་གི་སྔོ་ཚལ་དང་སིལ་ཏོག་བཏབ་ཡོད། གྲོང་སྡེའི་རང་དགར་བསྐྱུར་བའི་ས་སྟོང་རིན་ཐང་ལྡན་པར་བསྒྱུར་བ་མ་ཟད་གླ་ལོན་གྱི་ཡོད།
     ད་ལོར་ཚོད་ལྟའི་འདེབས་འཛུགས་ཐོག་མ་ཡིན་ལ། སྲིད་གཞུང་གིས་ཀྱང་སྒོར་ཁྲི10ལྷག་གིས་རོགས་དངུལ་སྟེར་བས། ང་རང་གིས་སྒོར་ཁྲི3ཙམ་ལས་བཏང་མེད། སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་འདེབས་འཛུགས་ལས་རིགས་གོང་དུ་སྤེལ་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་ལི་ཞའོ་ཀང་གིས་གསར་འགོད་པར་བཤད། ས་གནས་མང་ཚོགས་དུས་རྟག་པར་འདེབས་འཛུགས་རྟེན་གཞི་རུ་ལས་ཀ་ལས་ཀྱི་ཡོད་ལ། གླ་ཕོག་གི་ཡོང་སྒོ་ལོན་གྱི་ཡོད་པ་མ་ཟད་འདེབས་འཛུགས་ལག་རྩལ་ཡང་ཇེ་མཐོར་འགྲོ་བཞིན་ཡོད། དེ་བཞིན་དུ་རྟེན་གཞི་འདི་བརྒྱུད་ནས་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་ཏེ་ཞིང་ལས་ཐོན་ལས་ཏེ་རྣམ་པ་གསར་པའི་གོང་འཕེལ་གྱི་ལམ་དུ་ཞུགས་ཡོད།
       ལི་ཞའོ་ཀང་ནི་ཉི་འོད་ཚོ་བའི་སྤྱི་གཉེར་བ་ཡང་ཡིན། ཉི་འོད་ཚོ་བ་ཟེར་བ་ནི་ས་གནས་ཀྱི་གདོད་མའི་བོད་གྲོང་གི་མཛེས་ལྗོངས་དང་། རང་བྱུང་སྐྱེ་ཁམས། མི་རིགས་ཀྱི་སྲོལ་རྒྱུན་བཅས་གཅིག་འདུས་ཀྱི་སྐྱེ་ཁམས་གླིང་ག་ཞིག་ཡིན་ལ། དེར་ཟ་མ་དང་། སྡོད་ཁང་། ཁྱད་ལྡན་ཐོན་རྫས་སོགས་མ་ཚང་བ་མེད་པའི་ཞབས་ཞུ་སྣ་ཚོགས་ཡོད།
      ལྗོངས་རྒྱུ་བ་རྣམས་ཀྱིས་གནས་འདི་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་དང་། བོད་ཁུལ་གྱི་ཟས་མཆོག་ལ་རོལ་ཆོག་པ་མ་ཟད། བོད་རིགས་ཀྱི་ཁྱད་ལྡན་ལྗོངས་སྐོར་དྲན་རྟེན་ཉོ་ཆོག་ཅེས་ལི་ཞའོ་ཀང་གིས་བཤད། ན་ནིང་ནི་སྐྱེ་ཁམས་གླིང་གའི་གཉེར་སྐྱོང་གི་ལོ་ཐོག་མ་ཡིན་ལ། ལྗོངས་སྐོར་གྱི་ཡོང་སྒོར་སྒོར་ཁྲི50ལྷག་ཡོད་ལ། ཉི་འོད་ཚོ་བ་སྐྱེ་ཁམས་གླིང་ག་ལམ་ལྷོང་བྱུང་བས། ལི་ཞའོ་ཀང་ནི་སྐད་གྲགས་ཆོད་པའི་ཕྱུག་སྒྱུར་འཇོན་ལྡན་པ་ཞིག་ཏུ་གྱུར།
      ལས་གཏོད་ཕྱུག་སྒྱུར་ནི་ལི་ཞའོ་ཀང་གིས་ས་གནས་མང་ཚོགས་དབུལ་སྒྲོལ་གྱི་ལས་འགན་ལྕི་མོ་དང་འབྲེལ་ཞིང་། སྐྱེ་ཁམས་གླིང་གའི་ཚོང་ལས་ཡར་ཡར་སོང་བ་དང་། ཤི་མདའ་སྡེ་བར་སྔོ་ཚལ་འདེབས་འཛུགས་སོགས་ཀྱིས་ཕྱོགས་གཅིག་ནས་སྐྱེ་ཁམས་གླིང་གའི་དགོས་མཁོ་བསྐང་བ་དང་། ཕྱོགས་གཞན་ཞིག་ནས་ས་གནས་མང་ཚོགས་ཀྱི་ས་ཞིང་སྤོར་གླ་དང་། ལས་ཞུགས། ལག་རྩལ་སློབ་སྦྱོང་། ཕྱུག་སྒྱུར་སོགས་ལ་ཕན་པ་རྒྱ་ཆེན་ཐོགས་ཡོད།
     དབང་ཕྱུག་སྐྱིད་ནི་ཤི་མདའ་སྡེ་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་བ་ཞིག་ཡིན་ལ། ན་ནིང་ཉི་འོད་ཚོ་བའི་གླིང་གའི་སྒོ་འབྱེད་སྐབས་མོས་རང་ཡུལ་ནས་གཙང་སྦྲ་བའི་ལས་ཀ་རེག་ཅིང་། ལོ་གཅིག་ལ་ཡོང་སྒོ་སྒོར་ཁྲི2ལྷག་ཡོད། ད་ལྟ་ཉི་འོད་ཚོ་བ་སྐྱེ་ཁམས་གླིང་གར་གད་ཐོག་ཡུལ་ཚོའི་དབུལ་ཕོངས་བ10ལས་ཀར་ཞུགས་ཡོད་ལ། དབང་ཕྱུག་སྐྱིད་ཀྱིས་བཤད་རྒྱུར། ང་ཚོས་རང་ཡུལ་ནས་ལས་ཀ་རེག་པས་འཚོ་བ་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།
     ད་ལྟ་ཤི་མདའ་སྡེ་བ་ཕྱུག་སྒྱུར་འཇོན་ལྡན་པས་སྣེ་ཁྲིད་ཀྱིས་ལྗོངས་སྐོར་དང་ཞིང་ལས་ཟུང་འབྲེལ་གྱི་རྣམ་པ་གསར་བའི་ཡུལ་གྲོང་གོང་འཕེལ་གྱི་ལམ་དུ་ཞུགས་པས། གྲོང་སྡེའི་རྣམ་པ་གསར་བ་གསར་རྐྱང་དུ་བསྒྱུར་ཞིང་གྲོང་བ་རྣམས་ཕྱུག་པོར་ཆགས་ཡོད། ཀ་ཐོག་ཡུལ་ཚོར་ཐོན་ལས་ཕྱུག་སྒྱུར་གྱི་ཚ་རླབས་འཕྱུར་གྱིན་འདུག
     རབ་ཁ་ཡུལ་ཚོ་ནི་ཀ་ཐོག་ཡུལ་ཚོའི་སྡེ་བ་གཞན་ཞིག་ཡིན་ལ། སྡེ་བའི་ཕུན་སུམ་ཚོགས་པའི་ཞིང་སའི་ཐོན་ཁུངས་བེད་སྤྱད་དེ་གྲོང་བའི་ཡོང་སྒོ་གོང་དུ་འཕར་བ་བྱས། 2013ལོ་ནས་བཟུང་འཛམ་ཐང་རྫོང་གིས་དཔེ་སྟོན་གླིང་གཙོ་བོས་སྣེ་ཁྲིད་དེ་སྡེ་བའི་ཞིང་ས་རབ་ཁ་སྡེ་བའི་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་གླས་ཤིང་། རྒྱ་ཁྱོན་ཆེ་བའི་སྔོ་ཚལ་འདེབས་འཛུགས་ལས་རིགས་གོང་དུ་སྤེལ་བ་དང་། གཙོ་བོ་གླང་རྔ་དང་། ཚོད་དཀར་སོགས་བཏབ་ཡོད། ད་ལོར་རབ་ཁ་སྡེ་བའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ975རུ་རྒྱ་བསྐྱེད་ཐུབ་པ་བྱུང་ཡོད།
     ཉེ་བའི་ལོ་ཤས་རིང་ནས་བཟུང་། མཉམ་ལས་ཁང་གིས་ཞིང་ས་འཁོར་རྒྱུག་གིས་སྔོ་ཚལ་འདེབས་འཛུགས་ལ་འབྲས་བཟང་སྨིན་པ་དང་། དཔེ་སྟོན་གླིང་གིས་ལག་རྩལ་གསོ་སྦྱོང་མང་དུ་སྤེལ་བས་ས་གནས་མང་ཚོགས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་དང་། ཁྲོམ་རའི་འདུ་ཤེས། རང་ནུས་འདོན་སྤེལ་གྱི་མཐོར་འདེགས་བྱུང་བ་མ་ཟད། སྡེ་དམངས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་ལ་བསྒྱུར་བཅོས་བཏང་ཡོད། དེ་བཞིན་དུ་ཐོན་ལས་སྙོམས་སྒྲིག་གིས་སྡེ་དམངས་རྣམས་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་ཞིང་། ས་མུའུ་རེར་སྐོར་གླ་སྒོར450ཡིན་ལ། སྡེ་དམངས་ཀྱི་ལོ་རེའི་ཞིང་ས་སྐོར་གླར་སྒོར་ཁྲི43ལྷག་ལོན་གྱི་ཡོད། སྡེ་མིས་མཉམ་ལས་ཁང་དུ་ལས་གླ་བྱེད་ཀྱི་ཡོད་ལ། མི་རེས་ཟླ་རེར་གླ་ཕོག་སྒོར2500ལོན་གྱི་ཡོད།
     ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བས་ང་ཚོ་རང་ཡུལ་ནས་ཕྱུག་པོར་ཆགས་ཐུབ་ལ། ད་ནི་ཞིང་ས་གླས་ཏེ་རྟེན་གཞི་རུ་གཙང་སྦྲའི་གླ་ཕོག་ལེན་གྱི་ཡོད་ཅེས་རབ་ཁ་སྡེ་བའི་དབུལ་ཕོངས་བ་གཡང་ལོས་གསར་འགོད་པར་བཤད། ཀ་ཐོག་ཡུལ་ཚོས་དབུལ་སྒྲོལ་གནད་འཁེལ་གྱི་ལམ་དུ་རང་དང་འཚམ་པའི་གོང་འཕེལ་གྱི་རྣམ་པ་བཙལ་ཞིང་། ཡུལ་དུས་དང་མཐུན་པའི་ཁྱད་ལྡན་ཐོན་ལས་གོང་དུ་སྤེལ་བས། སྐྱེ་ཁམས་ལྗོངས་སྐོར་དང་། སྔོ་ཚལ་འདེབས་འཛུགས་སོགས་ཀྱི་ཐད་ལ་འབད་པ་ཧུར་ཐག་བྱས་པས། ཕྱུག་སྒྱུར་གྱི་མིག་དཔེ་རུ་གྱུར་ཡོད་པས། ད་ལྟར་དབུལ་སྒྲོལ་གྱི་དཔེར་མཚོན་དུ་བརྩིས་ཏེ་ཡུལ་གཞན་གྱི་དབུལ་ཕོངས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཞིང་འབྲོག་ལས་རིགས་གོང་དུ་སྤེལ་བའི་སེམས་ཤུགས་བསྩལ་ཏེ། མང་ཚོགས་ཕྱུག་སྒྱུར་འབྱོར་འབྲིང་གི་ལམ་དུ་ཞུགས་པར་རམ་འདེགས་བྱས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1