༄༅།།རྩོམ་རིག་ནི་བདག་གི་ཚེ་སྲོག་གི་གྲུབ་ཆ་ཞིག་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 05-28


ནག་པོ་སྐལ་བཟང་།

        1955ལོར་རེབ་གོང་གླང་རྒྱ་ནས་སྐྱེས་ཤིང་། 1982ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་ནས་བཟུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ཕྱག་ལས་མཛད། 《བོད་ཀྱི་བྱུང་བ་བརྗོད་པ》《བོད་ཀྱི་མི་གྲངས》སོགས་རྒྱ་ཡིག་གིས་བྲིས་པའི་དཔྱད་རྩོམ་བཅུ་ལྷག་སྤེལ་བ་ལས《གླིང་གེ་སར་རྒྱལ་པོའི་སྒྲུང་དང་གེ་སར་རྒྱལ་པོ》ཞེས་པའི་དཔྱད་རྩོམ་ལ1986ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། བོད་རྩོམ་ལ《བྲེད་ཤ་ལངས་པའི་མཚར་གཏམ》སོགས་བརྩམས་སྒྲུང་དང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་བ་མ་ཟད། པར་དུ་བཏབ་ཟིན་པའི་དཔེ་ཆ《ཀླུ་འབུམ་མི་རྒོད》《དམྱལ་ཟངས་ནང་ན་ཀུ་རེ་མེད》སོགས་པོད་བཅུ་གསུམ་ཡོད།《ཀླུ་འབུམ་མི་རྒོད》ལ་2015ལོར་སྐབས་གསུམ་པའི་གངས་ཅན་བུམ་པའི་རྟགས་མའི་བྱ་དགའ་ཐོབ། 
        ཕུན་སུམ་ཚོགས་པའི་ལས་བསོད་དང་ཚོགས་བསགས་ཀྱི་དབང་གིས་ང་རང་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་གཡང་སྡེ་ཕྱུག་མོ་གླིང་རྒྱ་སྡེ་བའི་སྔགས་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་རྨང་མཐུག་པའི་བོད་ཀྱི་རིག་གནས་བདུད་རྩིའི་དངོས་གྲུབ་མྱངས་པ་དང་། ཟི་ལིང་ནས་རྒྱ་ཡིག་གི་སློབ་གྲྭར་འགྲིམས་ཏེ་རྒྱ་ཡིག་ལའང་བྱང་བར་གྱུར། བདག་ལ་བྱིས་དུས་ནས་རྩོམ་རིག(བྱིས་སྒྲུང་དང་བྱིས་གླུ་བཅས་ལ་སྙིང་ཐག་པ་ནས་དགའ་བ)ལ་མོས་པའི་རང་གཤིས་བརྟན་པོ་ཞིག་མཆིས་ལ། ཞིང་ས་དེར་རྩོམ་རིག་གི་ས་བོན་དང་ཐོག་འདེབས་མཁན་ནི་བདག་གི་རྨོ་མོ་ཡིན། དེ་ནས་རིམ་བཞིན་དུ་ནར་སོན་པ་དང་རྩོམ་རིག་གི་མྱུ་གུ་འབུས་ཤིང་། ཆུང་འབྲིང་སློབ་གྲྭ་འགྲིམ་སྐབས་ནམ་ཡང་རང་གི་རྩོམ་རིག་གི་ཞིང་ཁམས་སུ་མྱུལ་བ་ཡིན། སློབ་ཆེན་འགྲིམ་པ་ན་རང་གི་དགའ་ཁ་འཁྱེར་སོ་དེ་རང་གི་སྦྱང་བྱ་དང་མཐུན་པས་རྒྱ་ཡིག་གི་ལམ་ནས《ལ་གཞས་ལ་དཔྱད་པ》དང《བོད་ཀྱི་བྱིས་པའི་རྩོམ་རིག་ལ་དཔྱད་པ》ཞེས་རྩོམ་རིག་གི་དཔྱད་རྩོམ་རིང་མོ་གཉིས་བྲིས་པ་དང་། སྐབས་ཐོག་དེར་དཔྱད་རྩོམ་དེ་གཉིས་ཀར་གྲགས་སྐད་ཅུང་ཆེ་བས། སློབ་གྲྭས་ང་རང་བསྟུད་མར་ལོ་གཉིས་ལ་མཚོ་སྔོན་རྩོམ་རིག་ལྷན་ཚོགས་ཀྱི་འཐུས་མིར་མངགས་ཤིང་། ངས་ཀྱང་སྐབས་ཐོག་དེར་རྒྱ་ཡིག་གི་གླུ་གར་འཁྲབ་གཞུང་ཞིག་བརྩམས་ཏེ་ཚོགས་ཐོག་ཏུ་བཀྲམ་པ་དང་། ཚོགས་ཐོག་དེར་ཞུགས་པའི་བོད་ཀྱི་མཁས་པ་རྒན་པ་གཉིས་ཀྱིས་ང་ལ"ཁྱེད་རང་བོད་མི་ཞིག་ཡིན་པར་བརྟེན། བོད་ལ་རྩོམ་རིག་ཐད་ཀྱི་མཁས་པ་ཉུང་བས་ཁྱེད་ཀྱིས་བོད་ཡིག་གི་ལམ་ནས་རྩོམ་རེ་བྲིས་ཏེ་བོད་མི་དམངས་ལ་ཞབས་ཞུ་བསྒྲུབས་ན་མི་ཆོག་གམ"ཞེས་དྲིས་བྱུང་། སྐད་ཆ་དེས་བདག་ལ་གཉིད་ལས་སད་པ་ལྟ་བུའི་སེམས་ཁ་བསྒྱུར་བྱུང་། རེད་ལགས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཡིག་གི་ལམ་ནས་བོད་ལ་ཞབས་ཞུ་བསྒྲུབ་དགོས་སྙམ།
        རྩོམ་རིག་ནི་ཤེས་བྱ་སྣ་ཚོགས་ལས་གྲུབ་པ་ཞིག་ཡིན་པས། བདག་གིས་རྩོམ་རིག་གི་བྱ་བ་གཉེར་ན་དེ་བསྟུན་གྱི་ཤེས་བྱ་སྣ་ཚོགས་འཛོམ་དགོས། ཤེས་བྱ་དེ་དག་གཏིང་དཔག་པ་ཞིག་ཤེས་མི་ཐུབ་རུང་། མ་མཐར་གཅིག་ཀྱང་མི་ཤེས་པ་ལས་དགའ་བ་དང་། རྩོམ་རིག་གསར་རྩོམ་བྱེད་སྐབས་ཤེས་བྱའི་ཐད་ཉོག་བཤད་དམ་རྫུན་བཤད་མི་རྒྱག་པར་ཕན་ཁོ་ཐག་ཡིན་སྙམ་སྟེ། ང་རེབ་གོང་སེང་གེ་གཤོང་གི་ལྷ་བཟོ་གྲགས་ཅན་ཨ་ཁུ་སྐལ་བཟང་གི་སྐུ་མདུན་དུ་ཟླ་ངོ་གཅིག་གི་རིང་ལ་ལྷ་རིས་སྦྱང་དུ་སོང་མྱོང་ཞིང་། གཙང་དགོན་པའི་ཨ་ཁུ་རྒྱ་བྷོའི་སྐུ་མདུན་དུ་བོད་སྨན(གཙོ་བོ་སྨན་རྩྭ་ངོས་འཛིན་སྦྱངས་པ་ཡིན)སྦྱང་དུ་སོང་མྱོང་བར་མ་ཟད། མཚོ་སྔོན་པོ་རྟ་ནག་མ་རྒྱབ་ལུང་སྡེ་བར་སོང་སྟེ་ཟླ་ངོ་དྲུག་གི་རིང་ལ་ཨ་ཁུ་སྙིང་པོའི(དྷི་ཚ་དགོན་པའི་དགེ་བཤེས་ཤིག་ཡིན)སྐུ་མདུན་དུ་སྔགས་ཀྱི་བཀླག་ཐབས་དང་སྐུང་ཡིག ཨ་ཁུ་བྱང་ཆུབ(ཇོ་སྐོར་དགོན་པའི་གྲྭ་པ་རྒན་པ་ཞིག་ཡིན)ཀྱི་སྐུ་མདུན་དུ་སྐར་རྩིས། ཨ་ཁུ་དཔོན་རྒན(རྟ་ནག་མའི་ལབ་རྩེ་བསྟོད་མཁན་གྱི་རྣལ་འབྱོར་བ་གྲུབ་པ་ཐོབ་འདུག་པ་ཞིག་ཡིན)གྱི་སྐུ་མདུན་དུ་རྣལ་འབྱོར་བའི་ཆོ་ག་ཕྱག་ལེན་བཅས་སྦྱངས། ཡང་རེབ་གོང་གི་སྔགས་འཆང་དམ་པ་ཞིག་གི་སྐུ་མདུན་དུ་མོ་རྩིས་སྦྱང་དུ་སོང་སྐབས། སྔགས་འཆང་དམ་པ་དེས་བདག་ལ་མོ་རྩིས་ཀྱི་ལས་ཀ་འཇུ་མི་རུང་། མོ་རྩིས་ཀྱི་ལས་ཀར་འཇུས་ན་ཁ་བྱད་ཀྱིས་ཁྲིད་དེ་ཅི་བཤད་ཁ་ཐོག་ལ་འགྲོ་བ་ཞིག་ཏུ་འགྱུར་ཉེན་ཡོད་ཟེར། བདག་གིས་མོ་རྩིས་སྦྱངས་ཏེ་མོ་རྩིས་ཀྱི་ལས་ཀ་མི་བསྒྲུབ་ཁོ་ཐག་ཡིན་ཞེས་དམ་བཅས། དམིགས་ཡུལ་ཡོད་པ་ན་རྩམ་པ་ཟོས་ཤིང་ཇ་རྐྱང་འཐུང་བ། མཚམས་ལན་རེར་བྲོ་ག་ཆད་པ་སོགས་ཀྱི་དཀའ་བ་མྱངས་ཀྱང་སྡུག་སྣང་ཡོད་མ་མྱོང་། 
        བོད་ཁ་བ་ཅན་གྱི་ས་ཆ་སོ་སོར་འགྲོ་གང་ཐུབ་བྱས་པ་དང་། ས་ཆ་རེར་སོང་ན་ས་ཆ་དེའི་རྒན་པ་རྣམས་དང་ཁ་བརྡ་བྱས་ཤིང་། ས་མིང་ཆུ་མིང་དང་ཡུལ་སྲོལ་གོམས་འདྲིས། མཐོང་མ་མྱོང་བའི་དངོས་པོ་བཅས་རྒྱུས་ལོན་བྱས་ཏེ་རང་གི་འཚོ་བའི་ཤེས་བྱའི་བང་མཛོད་དུ་ཉར་བ་ཡིན། མི་རྣམས་ཀྱིས་བདག་ལ"ཁྱོད་ཀྱིས་སྐོམ་པས་ཆུ་འདོད་པ་ལྟར་ཤེས་བྱ་འདི་དག་སྦྱང་དོན་ཅི་ཡིན"ཞེས་པ་ན། བདག་གིས"སྐར་རྩིས་སྦྱང་པ་ནི་སྐྱེ་བ་རྗེས་མར་སྡེར་མོ་ཅན་དུ་མི་སྐྱེ་བར་ཕན་པ་དང་། ཤེས་བྱ་གཞན་དག་ནི་སྐྱེ་བ་འདིར་བག་ཆགས་ཙམ་འཇོག་ཐུབ་ན་ཅི་མ་རུང་སྙམ་ནས་སྦྱངས་པ་ཡིན"ཞེས་ལན་བཏབ། རྒྱུ་མཚན་ནི་རང་གི་དམིགས་ཡུལ་དངོས་བཤད་ན་གཞན་གྱིས་རྟོགས་མི་ཐུབ་པས་ཡིན། 
        དེ་ནས་སློབ་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་བྱ་བ་གཉེར་སྐབས་བོད་ཡིག་གི་ལམ་ནས《བོད་ཀྱི་བྱིས་པའི་རྩོམ་རིག་ལ་དཔྱད་པ》ཞེས་དཔྱད་རྩོམ་ཞིག་བྲིས་ཤིང《སྦྲང་ཆར》དུས་དེབ་ཏུ་བཀོད། འཇིག་རྟེན་གྱི་ཆོས་ཉིད་ལྟར་ན་ནམ་ཡང་བསམ་ཐོག་ལ་རྟ་རྒྱུག་པའི་བྱ་བ་ཞིག་གང་ན་ཡོད། སྐབས་དེའི་མགོ་ཁྲིད་ཀྱིས་བདག་གིས་རྩོམ་ཡིག་བྲི་བ་ནི་ཞོར་ལས་གཉེར་བ་ཡིན་པས། དེ་ནི་མ་རྩ་རིང་ལུགས་ཀྱི་རྔ་མ་སྐྱེ་བ་རེད་ཅེས་རྩོམ་ཡིག་བྲི་བར་གཏན་འགོག་བྱས་པ་དང་མཉམ་དུ་ང་ལ"ཁྱོད་རང་རྩོམ་རིག་ལ་དགའ་ན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ལས་ཁུངས་སུ་བྱ་བ་བསྒྲུབ་ཏུ་སོང་ན་འགྲིག"ཅེས་ཟུར་ཟ་དང་སྙིང་འཕྱས་བཏང་བྱུང་། བདག་གིས་ཀྱང་དེ་ལ་དེ་བསྟུན་གྱིས་རྩོམ་ཡིག་བྲི་མཚམས་བཞག་ཅིང་། རྒྱ་ཡིག་གི་ལམ་ནས་རྩོམ་རིག་གི་གཞུང་ལུགས་ལ་རང་སྦྱོང་བྱེད་གང་ཐུབ་བྱས་པ་ཡིན། 
        སྤྲིན་ནག་པོ་ཅི་ཙམ་འཁྲིགས་ནའང་སེར་གྱི་ལེར་ཉི་མ་འཆར་ཉིན་ཡོད་ཅེས་པ་ནང་བཞིན་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་སྐབས་སུ་སྲིད་ཇུས་ཇེ་ཡག་ལ་ཡོང་བ་དང་། ལས་ཁུངས་སུ་རྩོམ་སྒྲིག་པས་ཀྱང་རྩོམ་ཡིག་བྲིས་ཆོག་པར་གྱུར། སྐབས་དེར་བདག་གིས"རིག་གསར"ལ་མཚང་འབྱིན་བྱས་པའི་སྒྲུང་ཐུང《ཨ་ཁུ་ཐོད་པ》ཞེས་པ་བྲིས་ཤིང་། དེ་ནས་དྲག་རྩལ་གྱི་བརྩམས་སྒྲུང་རིང་མོ《ཀླུ་འབུམ་མི་རྒོད》དང་བོའུ་འཐབ་ཀྱི་བརྩམས་སྒྲུང་རིང་མོ《དམྱལ་ཁམས་ནང་ན་ཀུ་རེ་མེད》ཅེས་དང་།  འཇིགས་སྐུལ་སྒྲུང་ཐུང《བྲེད་ཤ་ལང་བའི་མཚར་གཏམ》བཅས་བྲིས། 
        བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་དེང་སང་གི་སྤྱི་ཚོགས་ཁོར་ཡུག་འོག་ཏུ་རང་མི་རིགས་ཀྱི་དཔངས་མཐུག་པའི་རིག་གནས་མི་རིགས་གཞན་ལ་དྲིལ་བསྒྲགས་བྱས་ཏེ་ཤེས་སུ་བཅུག་སྟེ།  འཛམ་བུ་གླིང་ལ་རང་མི་རིགས་འདིར་མཐོང་ཆེན་བྱེད་དུ་འཇུག་པའང་དོན་དག་གལ་ཆེན་ཞིག་ཡིན་པས། ངས《བོད་ཀྱི་ལྷ་རིས་སྒྱུ་རྩལ》དང《ལྷ་སྐུའི་ཐིག་རྩ》《ཐང་གའི་ཐིག་རྩ》སོགས་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་བྲིས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཡིན།
        ད་ཕྱིར་འདང་རེ་བརྒྱབ་ན་བདག་རྩོམ་རིག་ལ་ཞུགས་པའི་ལམ་བུ་ནི་ཀྱག་ཀྱོག་ཅིག་ཡིན་ལ། རྔུལ་ཆུའི་ཐིགས་པ་ས་ལ་ཟགས་ཏེ་འབད་པ་བྱས་ནས་བྱུང་བ་ཞིག་ཀྱང་ཡིན་པས། སང་ཕྱིན་ཆད་ཡིན་ནའང་བདག་གིས་རྩོམ་སྟངས་མི་གཅིག་པ་དང་བརྗོད་བྱ་མི་གཅིག་པའི་བརྩམས་ཆོས་བྲིས་ཏེ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལྡུམ་ར་འདི་ལྷའི་ཀུན་དགའ་ར་བ་ཇི་བཞིན་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་གཏོང་བར་འབད་པ་ལྷུར་ལེན་བྱ་རྩིས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1