གསེར་ཐང་ཁུག་གང་།

རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18




སྔར་རྨོ་བོ་ཞིག་དང་སྤོ་བོ་ཞིག་ཡོད་པ་དང་ཁོ་གཉིས་ཀྱི་ཁྱིམ་མཚེས་སུ་དགེ་སློང་ཞིག་ཡོད། དགེ་སློང་དེས་ལོ་གཉིས་གསུམ་ཙམ་གནས་སྐོར་ལ་འགྲོ་རྒྱུའི་གྲབས་བྱས།  ཁོ་ལ་གསེར་ཐང་ཁུག་གང་ཡོད་ཅིང་།  ཁོ་པའི་བསམ་པར་གལ་ཏེ་གསེར་དེ་འཁྱེར་ནས་ཕྱིན་ན་འགྲུལ་བཅོམ་ཇག་པས་འཕྲོག་ཉེན་ཡོད་པ་དང་ཁྱིམ་དུ་བཞག་ན་རྐུན་མས་རྐུ་བའི་ཉེན་ཁ་ཡོད་སྙམ་སྟེ་དེ་ལས་ཁྱིམ་མཚེས་སྤོ་བོ་རྨོ་བོ་གཉིས་ལ་བཅོལ་ན་ལེགས་བསམས་ནས་བཅོལ་བར་ཕྱིན།ཡིན་ནའི་ཁོས་སྤོ་བོ་དང་རྨོ་བོ་གཉིས་ལ་དྲང་པོ་མ་བཤད་པར་བདག་ལ་ཚྭ་ཐང་ཁུག་གང་ཡོད་པས་ཁྱེད་གཉིས་ཀྱིས་ལོ་གཉིས་གསུམ་ཙམ་ཉར་རོགས་ཞེས་བཤད་དེ་གནས་སྐོར་ལ་བསྐྱོད།
    དུས་ཡུན་ལོ་གཅིག་ལྷག་ཙམ་སོང་རྗེས་སྤོ་བོ་རྨོ་བོ་གཉིས་ལ་ཚྭ་རྫོགས་ཏེ་དགེ་སློང་གིས་བཅོལ་བའི་ཚྭ་ཐང་ཁུག་གང་པོ་དེ་སྔ་རྟིང་དུ་བེད་སྤྱོད་བྱེད་དགོས་སྙམ་ནས་ཐང་ཁུག་དེ་ཁ་ཕྱེ་སྟེ་བལྟ་དུས་གསེར་ཡིན་པ་ཤེས་འཕྲལ་མ་རུང་པའི་བློ་ཞིག་འཆར།  ཁོ་གཉིས་ཀྱིས་གསེར་རྣམས་བེད་སྤྱོད་བྱས་ཏེ་ཐང་ཁུག་ནང་དུ་ཚྭ་གང་བླུགས་ཏེ་བཞག
     ལོ་གཉིས་ལྷག་ཙམ་སོང་རྗེས་དགེ་སློང་གནས་འཁོར་ཏེ་ཁྱིམ་དུ་ཕྱིར་ལོག་བྱས་པའི་ཉིན་གཉིས་པར་ཁྱིམ་མཚེས་སྤོ་བོ་རྨོ་བོའི་སརྭ་གསེར་ལེན་པ་ཕྱིན། སྤོ་བོ་དང་རྨོ་བོས་དགེ་སློང་མཐོང་མ་ཐག་དགའ་བའི་འཛུམ་གྱས་བསུས་ཏེ་ཁམས་བདེའི་ངང་གནས་འཁོར་བར་སྤྲོ་བ་ཆེ།  ཁྱེད་ཀྱི་ཚྭ་ཐང་ཁུག་གང་འདི་རུ་ཡོད་ཅེས་སྤྲད།  དགེ་སློང་གིས་ཐུགས་རྗེ་ཆེ།་ཞེས་ཐང་ཁུག་དེ་འཁྱེར་ནས་ཁྱིམ་དུ་ལོག་རྗེས་ཁ་ཕྱེ་ནས་བལྟ་དུས་གསེར་མིན་པར་ཚྭ་ཡིན་པ་མཐོང་རྗེས་དགེ་སློང་དེ་སྐད་ཅིག་ཉིད་དུ་དྲན་པ་ཐོར།  གང་ཙམ་སོང་རྗེས་འགྱོད་སེམས་དང་བཅས་ཏེ་སྤོ་བོ་རྨོ་བོའི་སར་སོང་ནས་བདག་གིས་བཅོལ་བའི་ཐང་ཁུག་དེའི་ནང་ཚྭ་ཡིན་ཁུལ་བྱས་པ་ལས་དོན་དུ་གསེར་ཡིན།  ཚྭ་རྩ་བ་ནས་མིན།  ཁྱེད་གཉིས་ཀྱིས་བརྗེས་འདུག་པས་སྤྲོད་རོགས་ཞེས་བརྗོད་ཀྱང་སྤོ་བོ་རྨོ་བོས་ཨུ་ཚུགས་མཐར་སྐྱེལ་གྱིས་ཁྱེད་ཀྱིས་བཅོལ་བའི་ཐང་ཁུག་དེ་ཚྭ་ཡིན་ནའང་འདྲ་གསེར་ཡིན་ནའང་འདྲ་གང་ལྟར་ངེད་གཉིས་ཀྱིས་ཁ་ཕྱེ་རྒྱུ་མ་བྱུང་ཞེས་བཤད།  དགེ་སློང་ཧང་སང་ནས་ཡུལ་དེའི་ཁྲིམས་དཔོན་ལ་སྙན་ཞུ་ཕུལ་བས་ཁྲིམས་དཔོན་གྱིས་ཁོ་ཚོ་གསུམ་ཀ་ཁྲིམས་རྭར་བསྐོངས་ནས་འདྲི་གཅོད་བྱས།  སྤོ་བོ་དང་རྨོ་བོས་ཟེར་ན་ཚྭ་དང་གསེར་གང་ཡིན་ཤེས་མ་བྱུང་ཞེས་མཐར་སྐྱེལ་བཏང་།  དགེ་སློང་གིས་ཟེར་ན་ངའི་བསམ་པར་གསེར་ཁོ་གཉིས་ལ་བཅོལ་སྐབས་འདི་གསེར་ཡིན་ཞེས་བརྗོད་ན་ཁོ་གཉིས་ཀྱིས་རྐུ་བར་དོགས་ཏེ་ཚྭ་ཡིན་ཁུལ་བྱས་པ་ལས་དོན་དུ་གསེར་ཡིན་ཐག་ཆོད་ཡིན་ཞེས་སྨྲས།  དེར་ཁྲིམས་དཔོན་གྱིས་དབྱེ་ཞིབ་བྱེད་མི་ཐྲབ་པར་ཡུད་ཙམ་བསམ་བློ་བཏང་ནས་དེ་འདྲ་ཡིན་ན་ཐབས་ཤེས་མེད་པས་སང་ཉིན་ཁྱིད་ཚོ་གསུམ་ཀ་ཤོག་དང་།  ཉེས་པ་གཅོད་ཀྱི་ཡིན་ཞེས་བཤད།སང་ཉིན་དེར་ཁྲིམས་དཔོན་གྱིས་ཁོ་ཚོ་གསུམ་སླེབས་རྗེས་དགེ་སློང་ལ་ཤིང་སྒམ་ཆེན་པོ་ཞིག་བསྐུར་ནས་ལུང་པའི་མདའ་ཡི་མཆོད་རྟེན་དེར་སྐོར་བ་བརྒྱབ་རྒྱུའི་ཉེསཔ་བཏང་།  སྤོ་བོ་དང་རྨོ་བོར་ཤིང་སྒམ་གཅིག་བསྐུར་ནས་ལུང་པའི་ཕུ་ཡི་མཆོད་རྟེན་དེར་སྐོར་བ་ཞིག་བརྒྱབ་རྒྱུའི་ཉེས་པ་བཏང་། དེ་ནས་དགེ་སློང་གིས་ཤིང་སྒམ་འཁུར་ནས་མདའ་ཡི་མཆོད་རྟེན་འཁྲིས་སུ་ངལ་གསོས་ཏེ་དབུག་རིང་ཞིག་བཏང་ནས་ཡུལ་དེའི་ཁྲིམས་དཔོན་འདི་དྲང་བདེན་མི་འདུག  སྤོ་བོ་དང་རྨོ་བོ་གཉིས་ལ་གསེར་ཟ་རྒྱུ་བྱུང་ཡང་ད་དུང་ཁོ་གཉིས་མཉམ་དུ་ཉེས་པ་སྒམ་གཅིག་ལས་འཁུར་མི་དགོས་པ་དང་། ང་ལ་གསེར་མེད་པའི་ཁར་ད་དུང་ཉེས་པ་ཤིང་སྒམ་གཅིག་བསྐུར་བ་དེ་དྲང་བདེན་མ་རེད་ཅེས་གཅེག་ལབ་བརྒྱབ་སྡེ་ཤིང་སྒམ་འཁུར་ནས་ཚུར་ཡོང་།  སྤོ་བོ་དང་རྨོ་བོ་གཉིས་ནི་ཤིང་སྒམ་རེས་མོས་ཀྱིས་འཁུར་ཏེ་ཕུའི་མཆོད་རྟེན་འཁྲིས་སུ་སླེབས་རྗེས་ངལ་གསོས་ཏེ་ང་གཉིས་སྐྱིད་པོ་རེད།  གསེར་ཡོད་པའི་ཁར་ཉེས་པ་སྒམ་གཅིག་ལས་བསྐུར་མེད་ཙང་དེ་རེས་མོས་ཀྱིས་འཁུར་ན་ལས་སླ་ཞེས་བཤད་དེ་སྒམ་འཁུར་ནས་ཁྲིམས་དཔོན་སར་འཁོར་སྐབས་དེར་དགེ་སློང་ཡང་སླེབས་ཟིན་ཡོད།  དེ་ནས་ཁྲིམས་དཔོན་གྱིས་ཁོ་ཚོ་གསུམ་གྱི་མདུན་སར་ཤིང་སྒམ་དེ་གཉིས་ཁ་ཕྱེ་བས་ཤིང་སྒམ་ནང་ནས་མི་རེ་དོན་ཡོང་སྐབས་ཁོ་ཚོ་གསུམ་ཀ་ཧང་སང།  དགེ་སློང་གིས་འཁྱེར་བའི་ཤིང་སྒམ་ནང་གི་མི་དེས་གསེར་དེ་དགེ་སློང་གི་ཡིན་ལུགས་དགེ་སློང་གིས་གཅིག་ལབ་བརྒྱབ་པའི་སྐད་ཆ་རྣམས་ཁྲིམས་དཔོན་ལ་བཤད།  སྤོ་བོ་རྨོ་བོས་འཁུར་བའི་ཤིང་སྒམ་ནང་གི་མི་དེས་སྤོ་བོ་དང་རྨོ་བོ་གཉིས་ལ་གསེར་ཟ་རྒྱུ་བྱུང་ལུགས་ཀྱི་གླེང་མོལ་རྣམས་ཁྲིམས་དཔོན་ལ་ལན་བསྐྱལ་བས་དེ་མ་ཐག་ཁྲིམས་དཔོན་ནས་ཐག་གཅོད་བྱེད་རྒྱུའི་དཔང་རྟགས་བྱུང་སྟེ་ལོ་གསུམ་ནང་གསེར་ཚང་མ་སྤོ་བོ་དང་རྨོ་བོས་དགེ་སློང་ལ་སྐྱིན་ཚབ་སྤྲོད་དགོས་པའི་ཐག་གཅོད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1