གཙོ་ངོས།>> དེང་རབས་མི་སྣ།>>རྩོམ་པ་པོ།

ཀུན་དགའ་བསམ་གཏན། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༣༠ཉིན།

༄༅།། ཨ་སྐྱབས་དར་རྒྱས།

ཕ་སྐད་གསར་རྩོམ་གྱི་རིག་པའི་དཔའ་བོ།
        ཀུན་དགའ་བསམ་གཏན།  
   རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ནི་སྤྱི་ལོ1985ལོའི་དབྱར་དུས་ཤིག་ལ་ཨ་ཕ་སྐྱབས་བཀྲ་ཕྲུག་དང་མ་རྫི་བཟའ་ཁྱུག་ལོ་གཉིས་ཀྱི་བུ་སྐལ་དུ་གསེར་ཐར་རྫོང་ནས་སྐོང་ལུང་ལེབ་ཅེས་པའི་ས་ཆར་སྐྱེས། སྔ་གཞུག་ཏུ་མཁན་ལེབ་སློབ་ཆུང་དང་། གསེར་ཐར་རྫོང་མི་རིགས་སློབ་འབྲིང་། ཀྲུང་དབྱང་མི་རིགས་སློབ་ཆེན་བཅས་སུ་སློབ་གཉེར་བྱས་ཡོད་ཅིང་། ཁོང་ནི་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ་ལུའུ་ཞུན་རྩོམ་རིག་གླིང་སྐབས25པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་འཛིན་གྲྭའི་སློབ་མའང་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་གསེར་ཐར་རྫོང་སྟག་རྩེ་ཤང་དུ་ཤང་ཀྲང་གི་འགན་བཞེས་བཞིན་མཆིས།
   ཨ་སྐྱབས་དར་རྒྱས་ཀྱིས་བོད་ཡིག་འབྲི་ཀློག་བྱེད་ཤེས་པ་ནས་བཟུང་གླིང་སྒྲུང་ཀློག་འདོན་བྱེད་པར་ཤིན་ཏུ་སྤྲོ་ཞིང་། རྗེས་སུ་སློབ་གཉེར་གྱི་འགྲོས་དང་བསྟུན་ཏེ་རིམ་བཞིན་རྩོམ་རིག་ལ་དུངས་པར་གྱུར། སྔ་གཞུག་ཏུ《གཡག་རོག་རོག》དང《བཀྲ་ཤིས་སྒྲོལ་མ》《ཟླ་བ་གསུམ་པའི་ཁ་བ》《2020ལོའི་ཕུགས་འདུན》《ང་རང་དར་རྩེ་མདོ་ནས་ཁྱེད་དང་འཕྲད》ཞེས་པའི་སྒྲུང་གཏམ་དང་སྙན་ངག འབོལ་རྩོམ་སོགས་བརྩམས་ཆོས50ལྷག་བོད་ཁུལ་གྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་ཐོག་བཀོད་ཡོད་པས་མ་ཚད་སྒྲུང་རིང《ལམ་འགྲོ་བ》དང་སྒྲུང་ཐུང་ཕྱོགས་བསྒྲིགས《མཆོད་མེ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད། ལྷག་པར་དུ་ཁོའི་སྒྲུང་ཐུང《མཆོད་མེ》ཞེས་པར་དཀར་མཛེས་ཁུལ་སྐབས་གཉིས་པའི་རྩོམ་རིག་བྱ་དགའ་ཐོབ་པ་དང《གཡག་རོག་རོག》ཅེས་པར་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་གསར་རྩོམ་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
    དར་རྒྱས་ནི་ནམ་རྒྱུན་བརྩམས་སྒྲུང་ཐུང་གྲས་འབྲི་བར་དགའ་ཞེན་ཧ་ཅང་ཆེ། ཁོང་གིས་བརྩམས་སྒྲུང་ཐུང་གྲས་ནི་དོན་བརྗོད་སྒྱུ་རྩལ་ཁྲོད་དུ་རྩོམ་པ་པོའི་སྒྱུ་རྩལ་གྱི་གསར་གཏོད་ནུས་པ་མཚོན་ཐུབ་པའི་རྩོམ་ལུས་ཤིག་ཡིན་ཞིང་། རྩོམ་གྱི་བྱུང་རིམ་ཡིན་ནའང་འདྲ། གྲུབ་གཞི་ཡིན་ནའང་ཐང་། དེ་མིན་གྱི་སྐད་ཆ་སོགས་གང་ཞིག་ཡིན་རུང་ཟབ་གསལ་སྙན་གསུམ་ལྡན་པ་ཞིག་ཡིན། ཁོང་གིས་རང་གི་རྩོལ་སྲོལ་སྐོར་གླེང་བའི་ཚེ། སྒྲུང་རྩོམ་བྲིས་པའི་མཐར་ཐུག་གི་དམིགས་ཡུལ་ནི་ཀློག་པ་པོར་བལྟ་རྒྱུ་ཡིན་ལ་རང་སྣང་སྐྱིད་པོ་ཡོང་ཆེད་མ་རེད། དེས་ན་བདེན་པ་ནི་རྩོམ་གྱི་སྲོག་ལྟ་བུ་ཡིན་ཞིང་། གསར་རྩོམ་གྱི་གཞི་ཚུགས་ས་ནི་དངོས་ཡོད་འཚོ་བ་ཡིན་ཞིང་གཏམ་རྒྱུད་ནི་ནམ་རྒྱུན་འཚོ་བའི་ཁྲོད་དུ་གནས་པ་རེད། སྒྲུང་རྩོམ་གྱི་འཚོ་བཅུད་ཆེས་བཟང་ཤོས་ནི་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་བོད་རིགས་མི་སེར་དཀྱུས་མའི་སྲོལ་རྒྱུན་སྤྱོད་བཟང་། ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་སོགས་ཀྱི་ཁྲོད་ནས་བྱུང་བ་ཡིན་ལ། གསོན་ཉམས་ལྡན་པའི་མི་དང་བྱ་བའི་བདེན་པའི་ཁུངས་སྣེ་ཡོད་ཚེ་གཞི་ནས་རྩོམ་ལ་བླ་སྲོག་ཞུགས་པ་དང་། བླ་སྲོག་དེ་ལྡན་པའི་རྩོམ་གྱིས་ད་གཟོད་ཀློག་པ་པོའི་ཡིད་ཀྱི་དྭངས་མ་འདྲེན་ནུས་ཞེས་བཤད་པ་རེད།
སྒྲུང་ཐུང་འབྲི་བའི་ཆེད་དུ་ཁོང་གིས་གསེར་ཐར་རྩྭ་ཐང་དང་ཞིང་པའི་ཁྱིམ་ཚང་། དགོན་པ་དང་ཇ་ཁང་། ཁྲོམ་ལམ་དང་སྲང་ལམ་སོགས་གང་སར་མྱུལ་བའི་གོམ་པའི་འདེགས་འཇོག་རྒྱུན་ཆད་མ་མྱོང་ཞིང་། ཉམས་མྱོང་ཅན་གྱི་རྒན་རྒོན་དང་རིག་པ་ལྡན་པའི་ཤེས་ཡོན་པ། བསམ་བློ་ཡོད་པའི་རྣམ་དཔྱོད་པ་སོགས་ནི་ཁོང་གིས་ནམ་རྒྱུན་བསྟེན་པའི་དགེ་རྒན་ཡིན། ཁོང་གི་གསར་རྩོམ་ལ་ཞུགས་པའི་སྙིང་སྟོབས་གནམ་ལྕགས་ཐོག་ལས་ཀྱང་སྲ་ཞིང་སྒྲུང་རྩོམ་ལ་བརྟེན་ནས་མི་རྣམས་ལ་གོ་བསྐོན་བློ་འགུགས་བྱས་པའི་ཐོག་མའི་བསམ་འདུན་ནམ་ཡང་བརྗེད་དུ་མེད།
རང་གི་མཐའ་འཁོར་གྱི་མི་ཚོགས་ལས་སྒྲུང་རྩོམ་ནང་གི་མི་སྣ་དེ་རྙེད་ཐུབ་པས་ཨ་སྐྱབས་དར་རྒྱས་ཀྱིས་དུས་རྒྱུན་མཐའ་འཁོར་གྱི་མི་ཚོགས་ལ་ལྟ་ཞིབ་བྱེད་པར་ཤིན་ཏུ་སྤྲོ་བ་རེད། དཔེར་ན། སྒྲུང་ཐུང《གཡག་རོག་རོག》ནང་གི་དགེ་འདུན་དང《ཚེ་སྲོག》 ནང་གི་བཀྲ་ཁོ།    《གྲོགས་པོ》ནང་གི་བྱམས་པ་བཅས་ཁྲོད་ཀྱི་མི་སྣ་ཚང་མ་ནི་མཐའ་འཁོར་གྱི་གསོན་པོར་གནས་པའི་མི་སྣའི་མ་གཟུགས་རྙེད་ཐུབ། ཁོང་གིས་ཉེ་འགྲམ་དུ་ཡོད་པའི་མི་རྣམས་ལ་ནམ་རྒྱུན་རང་ཉིད་ཀྱིས་བརྩམས་པའི་བརྩམས་སྒྲུང་ཀློག་དུས་ཉན་མཁན་རྣམ་པས་ལམ་སང་རྨོངས་གཉིད་ལས་སད་པར་ལྟར། ཨོ། ང་འབྲི་ཡོད་ས་རེད། ཁོ་བྲིས་ཡོད་ས་རེད་ཅེས་བརྩམས་སྒྲུང་ནང་གི་མི་སྣ་དེ་དེ་མ་ཐག་ཏུ་ཤེས་ཐུབ་ཀྱི་ཡོད། རྩོམ་པ་པོ་རང་ཉིད་ལ་མཚོན་ན་བརྩམས་སྒྲུང་ཐུང་གྲས《གཡག་རོག་རོག》ཅེས་པ་ནི་ཆེས་བློར་བབས་པའི་བརྩམས་སྒྲུང་ཞིག་ཡིན་ཞིང་། བརྩམས་སྒྲུང་འདི2013ལོར་བརྩམས་ནས་མཚོ་སྔོན་བོད་ཡིག་རྩོམ་རིག་དུས་དེབ་ཆེ་གྲས《སྦྲང་ཆར》ཐོག་ཏུ་བཀོད་ཡོད་ཅིང་། དེའི་རྗེས་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་སྐབས་དྲུག་པའི་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ་པ་རེད། བྱ་དགའ་ཐོབ་པའི་རྒྱུ་མཚན་ནི་བརྩམས་སྒྲུང་ཐུང་གྲས་འདི་ནི་བོད་ཁུལ་གྱི་གཞི་རིམ་འབྲོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དོན་དག་ཕྲ་མོར་དམིགས་ཏེ་ཉམ་ཐག་རིགས་ལ་གཅེས་སྐྱོང་དང་རྗེས་དཔག་དང་ཚན་རིག་གི་རང་བཞིན་ཡོད་པའི་དད་མོས་ལ་བརྟེན་ནས་མི་སོ་སོའི་བྱ་སྤྱོད་ཚད་ལྡན་གཏོང་ནུས་པ་དང་དངོས་པོ་དང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གལ་ཆེ་བའི་རང་བཞིན་དང་དགོས་ངེས་རང་བཞིན་བསྟན་ཡོད་པའི་རྩོམ་ཞིག་ཡིན་པས་སོ།།
    བརྩམས་སྒྲུང་ཐུང་གྲས《མཆོད་མེ》ཞེས་པ་དཔེ་སྐྲུན་བྱས་རྗེས་དར་རྒྱས་ཀྱིས་ཕ་སྐད་ལམ་ནས་གསར་རྩོམ་བྱེད་པར་ཆར་པ་ཆུའི་གྲོགས་སུ་གྱུར། ཁོང་གིས་ཕ་སྐད་གསར་རྩོམ་གྱི་བྱ་གཞག་ལ་བརྟེན་ནས་མི་རིགས་ཡུན་རིང་འཚོ་གནས་ཀྱི་སྲོག་རྩའི་རྒྱུན་མཐུད་ཐབས་བྱས་པ་དང་མཉམ་དུ་རང་སེམས་ཞེན་པ་དཀར་པོའི་མཆོད་མེ་རང་མདངས་ནམ་ཡང་གངས་ཅན་ཨ་མའི་སྙིང་གར་འཕྲོ་རུ་བཅུག རང་གི་བརྩམས་ཆོས་ཀྱིས་ཁམས་པའི་ཕུན་སུམ་ཚོགས་པའི་མིའི་རིག་གནས་མཚོན་པ་དང་གསར་རྩོམ་གྱི་ཁ་ཕྱོགས་མི་ཚེ་དང་འཚོ་བར་ཕྱོགས་ཏེ་བོད་ཀྱི་དུས་རབས་འཕོ་འགྱུར་གྱི་བདེན་ལུགས་སྐྱོང་བ་ནི་དར་རྒྱས་ཀྱིས་ནམ་ཡང་སེམས་ཁོང་དུ་བཅངས་པའི་རེ་བ་དམ་པ་ལགས་སོ།།
    དར་རྒྱས་ཀྱིས་འབད་པའི་ལས་ལ་གྲུབ་པའི་འབྲས་ཐོབ་པར་ཡིད་ཚིམ་ནས་མི་བསྡད་པར་ད་དུང་མུ་མཐུད་ནས་གསར་རྩོམ་གྱི་ལམ་བུར་ཞུམ་མེད་མདུན་སྐྱོད་བྱ་རྒྱུ་ནི་ཁོང་རང་ཉིད་ཀྱི་ལས་འགན་ཞིག་དང་བསམ་འདུན་ཞིག་ཡིན་ཞིང་། ཡངས་པའི་གསེར་ཐར་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་རྩོམ་པ་པོ་དར་རྒྱས་ལགས་ཀྱིས་ས་གཞི་འདིའི་ཆེད་དང་། ས་གཞི་འདིའི་སྟེང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱི་ཆེད་དུ་སྨྱུག་ཁའི་བྲིས་མཚམས་མ་འཇོག་པར་མུ་མཐུད་ནས་འབད་བརྩོན་བྱེད་བཞིན་མཆིས་སོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1