དམངས་གླུ། རྟ་ཆད་སྐྱོ་གླུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-26


ང་རྟ་ནག་བྱ་ནག་དོང་ལྡན།། ཁོ་སྔ་དྲོ་དར་གི་དུས་ན།། ཕ་བཟང་དཔོན་པོའི་བཅིབས་པ།། སྐེ་རྩིད་ལྡོམ་གསུམ་རེ་འདོགས་ཀི། དབྱར་ཟླ་གསུམ་སེར་ལ་ཕུད་ཐལ།། དགུན་ཟླ་གསུམ་ཆས་ཀྱིས་གསོས་ཐལ།། ངའི་ཟ་རྒྱུ་གྲོ་དང་ནས་རེད།། མགོ་འཇོག་རྒྱུ་དངུལ་དཀར་སྲབ་རེད།། རྟ་འདོ་བ་གྱ་ཅུའི་ནང་ན།། ངའི་སྐྱིད་ཀི་རྟ་ཞིག་མེད་ཀི། ཁོ་ཕྱི་དྲོ་བཀུག་ཀི་དུས་ན།། སྡུག་མི་ངན་ལག་ལ་ལྷུང་ཐལ།། ཁོའི་མགོ་ལ་སྲབ་ཐུར་བཞག་ཐལ།། ཁོའི་རྒྱབ་ལ་ཀོ་སྒ་བསྟད་ནི།། ས་ཐང་ཆེན་བྷ་ཡུལ་ཐང་གི། དབྱར་ཟླ་གསུམ་བུ་མོས་རྫི་རྟ།། དགུན་ཟླ་གསུམ་མཁོ་མེད་ལྡོམ་པོ།། རྩྭ་ཁམ་གང་མེད་ས་ཞིག་ནས།། ཉྭ་གུག་གུག་ས་ནག་ལྡག་ནི།། ང་ལས་ངན་དུད་འགྲོའི་ལུས་ལངས།། ཚིག་བཤད་འདོད་སྨྲ་མེད་ལྐུགས་པ།། ངའི་ལས་སྡུག་རི་མོ་ཕྲ་མོ།། ངའི་ཡ་ཁོ་སེམས་ཆུང་དཀྱིལ་ནས།། བསུབ་དང་ན་འཇིག་རྒྱུ་མེད་ཀི། ངའི་ལས་དབང་ཁབ་རྩེ་འདྲ་བོ།། ངས་ཚེ་འདིར་མ་མྱོང་ནི་མེད།། གོམས་འཕྲེད་ལ་སྤོ་རྒྱུ་མེད་ཀི། ཆུ་ཧུབ་གང་ཁ་ལ་མ་རེག། ས་འགག་དོག་འགག་འཕྲང་ནང་ནས།། བྱ་ལྟོགས་སྡུག་ཤར་བའི་ཁྱུ་ལ།། ངའི་ལུས་སྐམ་རུས་པ་སྤར་གང་།། གནང་སྦྱིན་པའི་ལས་ཤིག་བསྒྲུབ་རྒྱུ།། འཕྲོ་ཡང་ཡང་རྟ་ལུས་མི་ལེན།། རིགས་ང་འདྲ་དག་ལ་མ་ཎི།། ལམ་དཀར་པོའི་ཆོས་ལ་གསོལ་འདེབས།། སྐྱིད་བར་དོར་མཇལ་གི་སྨོན་ལམ།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1