༄༅།། ཏུན་ཧོང་གཏེར་ཡིག་གི་ཡིག་ཆ་དང་རྡོ་རིང་ཁ་ཤས་ལས་ཞེ་ཚིག་གི་ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་པ།

དཔལ་ལྡན་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-01


དཔལ་ལྡན་རྣམ་རྒྱལ།
གནད་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཆ་དང་བོད་ཀྱི་རྡོ་རིང་ཡི་གེ་ཁ་ཤས་གཞིར་བཟུང་ནས་ཞེ་ཚིག་གི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དང་དབྱེ་བ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་འབའ་ཞིག་ཡོད་པ་སོགས་རྒྱུ་ཆ་ཁུངས་དག་རྣམས་གཞིར་བཟུང་ནས་དཔྱད་པ་བཏང་ཡོད། 
བརྡ་ཆད་གཙོ་བོ།  ཏུན་ཧོང་གཏེར་ཡིག   ཞེ་ཚིག   ཁྱད་ཆོས།
དང་པོ།  ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་ཞེ་ཚིག
           ཞེ་ཚིག་ནི་བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཡང་སྒོས་སུ་ཞེ་ཚིག་ལས་མཚོན་པའི་བོད་མི་ཕན་ཚུན་དབར་གུས་ཞབས་ཤུགས་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་སོགས་ཀྱང་བོད་ཀྱི་སྐད་དང་ཡིག་གེ་ལས་མངོན་པའི་རིག་གནས་ཀྱི་རྣམ་པ་ཐུན་མིན་ཞིག་ཡིན།  ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་ཞེ་ཚིག་འདི་དག་ལས་མཐོ་རིམ་མི་སྣ་ཁག་བར་གྱི་འབྲེལ་བ་དང། ཁོ་ཚོའི་བྱ་བྱེད་ལས་གསུམ་ཐད་ཀྱི་ཞེ་ཚིག་སྤྱོད་ཚུལ་ཅི་རིགས་གསལ་པོར་མངོན་བཞིན་འདུག དེ་ཙམ་མ་ཟད་ཞེ་ཚིག་འདི་དག་ལས་བོད་དང་བོད་ཀྱི་མཐའ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་དང་། བོད་ཀྱི་བཙན་པོའམ་བཙན་མོ།  བློན་ཆེ་ཆུང་།  རྒྱལ་རྒྱུད་སོགས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་པ་དང་།  དེ་མིན་སྤྱིར་བཏང་གི་མང་ཚོགས་བར་གྱི་འབྲེལ་བ་ཅི་འདྲ་ཡིན་པ་མཚོན་ནུས།  དེ་བས་གོང་རིམ་དང་འོག་རིམ་བར་གྱི་འབྲེལ་བ་ཐད་ལ་ཞེ་ཚིག་གི་ཁྱད་ནུས་རྩལ་དུ་འདོན་ཐུབ།  ཏུན་ཧོང་གཏེར་ཡིག་གི་ལོ་རྒྱུས་ཡིག་ཆ་འདི་དག་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་སྐོར་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“རྒྱལ་རབས་དངོས་ལ་དཔྱོད་ན།  གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་གྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཅིང་། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ”ཞེས་ཏུན་ཧོང་གཏེར་ཡིག་གི་རིན་ཐང་འདི་ལྟར་གསུངས་པ་ལས་ཀྱང་ཤེས་ཐུབ། འོག་ཏུ་ང་ཚོས་ཏུན་ཧོང་གཏེར་ཡིག་ལས་ཐོན་པའི་ཞེ་ཚིག་འགའ་དྲངས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་གོང་འོག་བར་གསུམ་གྱི་འབྲེལ་བར་འཚོལ་ཞིབ་ཅུང་ཙམ་བྱ་རྒྱུ་ཡིན།《བཙན་པོ་རིམ་བྱུང་གི་ལོ་རྒྱུས》ནང་དུ“དྲྀ་གུམ་བཙན་པོ་སྐུ་ཆུང་བའི་ཚེ་མཚན་ཇྀར་གདགས་ཤེས།......ཐུགས་སུ་ཡང་བཞུགས།.......ཁྱོད་ཀྱི་ཇོ་བོ་བཙན་པོ་ནི།  ལོ་ངམ་རྟ་རྫིས་བཀྲོང་སྟེ།.......རྐོང་ཡུལ་བྲེ་སྣར་དུ་སྲས་ཤ་ཁྱྀ་ཉ་ཁྱི་དང་ཡང་མཇལ་ལོ།......ཉ་ལྷག་གཉྀས་ཀྱིས་བཙན་པོའི་སྤུར་བཟུང་ངོ།  གྱོང་ཏོ་བླ་འབུབའ་ཀྱི་མགུར་དུ་བང་སོ་བརྩིག་སོ།”①ཞེས་པ་དང་། ཡང་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས། “བཙན་མོ: མུན་ཆང: ཀོང་ཅོ། མགར: སྟོང་རྩན་ཡུལ་ཟུང་གྱིས་: སྤྱན་དྲང་སྟེ: བོད་ཡུལ་དུ་གཤེགསོ།  བལ: ་པོ: ཡུ: སྣ: ཀུག་ཏི་བཀུམ།“....དེ་ནས་ལོ་དྲུག་ནའ།  བཙན: པོ: ཁྲི་སྲོང་རྩན་: དགུང་དུ་གཤེགསོ།”②ཞེས་གསལ།  བོད་བཙན་པོའི་གདུང་ཁུངས་ཞེས་པའི་ནང་དུ། “......མངའ་མཛད་བཅུ་གཉིས།  ཁྲི་བར་ལ་བདུན་ཚིག   ཤེས་བ་གྱྀ།  གནམ་གྀ་ལྷ་ལས།  ས་ག་དོག་དྲུག་ཏུ། འགྲེང་འགོ་ནག་གི་རྗེ་མྱེད་གི་རྗེ། དུད་རྔོག་ཆག་མྱེད་ཀྱི་བླར།  འདི་ནི་བོད་ཀྱི་སྤྱི་ཚོགས་ཀྱི་མངའ་མཛད་བཅུ་གཉིས་སྐབས་ཀྱི་ལོ་རྒྱུས་ཡིན་པས། ད་བར་ལོ་ངོ་སྟོང་ཚོ་གཉིས་ལྷག་གི་ལོ་རྒྱུས་ལྡན། ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བཞེངས་པའི་ཞོལ་རྡོ་རིང་ཕྱི་མའི་བྱང་ངོས་གྱི་ཐིག་ཕྲེང་6.11.12.ནང་གི“ཐིག་ཕྲེང་6གྱི་ཞ་སྔ་ནས་དབུ་སྙུང་གནང་།། ཐིག་ཕྲེང་11དུ་སྩལད་ཕར་གནང་ངོ་།། ཐིག་ཕྲེང་12བརྩན་པོ་སྲས་དབོན་སྐུ་ཚེ་རབས་།།  .....”③ཞེས་སོགས་འཁོད་པའི་ཞ་སྔ་དང་དབུ་སྙུང་། སྩལད་།  གནང་ངོ་ལྟ་བུ་ཞེ་ཚིག་དང་ཞོལ་རྡོ་རིང་ཕྱི་མའི་ཤར་ངོས་ཀྱི་ཐིག་ཕྲེང4.5.6ནང་གི་“ཐིག་ཕྲེང་4པ་ཆེན་པོར།  བཀའ། ཐིག་ཕྲེང་5སྩལད་ཀྱིས་ཀྱང་།། ཐིག་ཕྲེང་6བཀའ་ལུང་དང་འདྲ།།......④ཞེས་སོགས་འདིར་འཁོད་པའི་བཀལསྩལད་དང་།  བཀའ་ལུང་ལྟ་བུ་ཞེ་ཚིག་བཀོལ་ཡོད་པ་དང་། ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ནང་གི་“ཐིག་ཕྲེང་9གཙུག་རྩན་གྱི་སྐུ་ལ་དརད་ཏེ།། ཐིག་ཕྲེང་10དགོང་དུ་གཤགས་སོ།  ཐིག་ཕྲེང་17ལྡེ་བརྩན་ཀྱི་སྙན་དུ་གསོལད་ནས་།། ......”①ཞེས་སོགས་འདིར་འཁོད་པའི་སྐུ། གཤེགས། སྙན། གསོལད། ལྟ་བུ་ནི་ཡིག་ཆ་འདིའི་ནང་དུ་ཞེ་ཚིག་མང་པོ་གསལ་བ་ལས་ཆ་ཤས་ཙམ་མོ།། ཞེ་ཚིག་འདི་དག་ལ་རྣམ་པ་མི་འདྲ་བའི་ཁྱད་ཆོས་དང་གོ་བདེ་བའི་ཁྱད་ཆོས་སོགས་གསལ་པོར་སྣང་། གཤམ་དུ་དཔེར་བརྗོད་འདི་དག་ལ་ཞིབ་ཏུ་དཔྱད་པར་བྱ།      
གཉིས་པ།   ཏུན་ཧོང་གཏེར་ཡིག་ལས་ཐོན་པའི་ཞེ་ཚིག་གི་དབྱེ་བ།
           དེའང “མིང་གི་རིགས་ལ་དངོས་པོའི་ཁྱད་གཞི་དང་། ཁྱད་ཆོས་དང་ནི་གྲངས་ཀ་དང་། བྱ་བ་དང་བཅས་བཞི་རུ་དྲིལ།”②ཞེས་གསལ་བ་ནང་བཞིན་མིང་ལ་དབྱེ་ན་དངོས་པོའི་མིང་། ཁྱད་ཆོས་བརྗོད་པའི་མིང་། གྲངས་ཀ་དང་བྱ་བའི་མིང་བཅས་ལ་དབྱེ་ཡོད་པས། འདིའི་ནང་གསེས་སུ་གྱུར་བའི་དངོས་པོའི་ཁྱད་གཞིའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་། བྱ་བའི་མིང་སོགས་ཏུན་ཧོང་གཏེར་ཡིག་ལས་མཐོང་ཐུབ་སྟེ།  
གཅིག   དངོས་པོའི་ཁྱད་གཞིའི་མིང་གི་ཞེ་ཚིག  
           དངོས་པོའི་ཁྱད་གཞིའི་མིང་ནི། “སེམས་ཅན་དང་།  བེམ་པོ་དང་།  བྱས་པ་དང་།  འདུ་ཤེས་ལ་སོགས་པ་སྤྱི་དང་བྱེ་བྲག་ངོ་བོ་ཙམ་སྟོན་པའི་ཐ་སྙད་ཡོད་ཅོག་སྟེ།”③དངོས་པོའི་ཁྱད་གཞིའི་མིང་གི་ཞེ་ཚིག་དེ་དག་མང་ཆེ་ཤོས་ནི་མི་དང་འབྲེལ་བ་ཡོད་པ། དཔེར་ན། མིའི་ཡན་ལག་གི་མིང་དང་ཟས་གོས་གནས་མལ། སེམས་ཀྱི་འགྱུར་ལྡོག་བརྗོད་པའི་དངོས་པོའི་ཁྱད་གཞིའི་མིང་སོགས།  གོང་ལས་དྲངས་པའི་གཏེར་ཡིག་གི་ཡིག་ཆ་ལ་བལྟས་ན། དེའང་ “......སྤད་མཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ། དབུ་སྙུང་གནང་བའི་གོར་མ་(པྱག)་ཏུ་རོག་པ་ནི” དང་ “....བཙན་པའོ་(ཞལ)་སྔ་ནས་བཀལསྩལད་པའ”④ཞེས་པའི་ནང་དུ་སོ་སོའི་མིང་ཚིག་སྟོན་པ། ལག་པའི་ཞེ་ཚིག་ཕྱག་ཅེས་བརྗོད་པ་། གདོང་གི་ཞེ་ཚིག་ཞལ་ལྟར་བཀོད་པའོ།  དེ་བཞིན་དུ“.....རྒྱལ་པོ་ཁབ་གཉིས་ཀ་དང་།(གཟྀམས)པའི་དུསུ ......(གསོལ)་བ་མ་གནང་ངོ......ངའི་(ཐུགས་ལ་དགོངས)་ཏེ” ①ལྟ་བུའི་དངོས་པོའི་ཁྱད་གཞིའི་མིང་གི་ཞེ་ཚིག་གསལ་པོར་མཐོང་ཐུབ་སྟེ། གཟིམས་དང་གསོལ། ཐུགས་སོགས་ངོ་བོ་ཙམ་སྟོན་པའི་མིང་གི་ཞེ་ཚིག་ཡིན་ནོ། དེ་མིན།《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས  ནད་འབྲུམ་བུས་(བསྙེངས)་པར་ལོ་གཆྀག  ......”②དང་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་དེ་ནི་བོད་ལྗོངས་ཀོང་པོ་དེ་མོ་ས་ཁུལ་དུ་བྲག་ངོས་སུ་ཕལ་ཆེར་སྤྱི་ལོ798་ལོ་ནས་སྤྱི་ལོ་815ལོ་བར་ལ་བརྐོས་པ་འདྲ་ཞིང་། དེའི་ནང་གི་ཐིག་ཕྲེང་8.13.20ནང་གི་“ཐིག་ཕྲེང་8སྲྀད་འདྀ་ལྟར་མཐོ།  དབུ་རྨོག་བརྩནད།  ཡོང་ལྷ་སྲས་གནམ་དང་འདྲ་བའྀ་ཆགས་འོག་ན།  གནམ་ཀོལ་དུ་གནང་བའང་ཅྀས་བས་ཞྀག་མཆིས་ན། བདགཐིག་ཕྲེང་13ལྷ་སྲས་ལྡེ་སྲོང་གྀ་སྐུ་རིང་ལ། གཙྀགས་སྔ་མ་བས་བསྐྱེད་པར།  བཀའས།  གནང་བཱ། ཐིག་ཕྲེང་20ཡབ་ཀྱི་བཀའས། གནང་བ་བཞི།  ན་བཞིན་དུ། ལྷ་སྲས་ལྡེ་སྲོང་གོ་སྐུ་རིང་ལ།།  རྗེ་།། བློན་མོལ་ཏེ།། ..... ③ཞེས་སོགས་འདིར་འཁོད་པའི་དབུ་རྨོག ལྷ་སྲས། གནང་། སྐུ་རིང་།  བཀའས།  གནང་། ཡབ། ལྟ་བུ་སོགས་ཀྱང་ཁྱད་གཞིའི་དངོས་མིང་དང་ཚབ་མིང་དུ་མཐོང་ངོ། །
གཉིས།  བྱ་བའི་མིང་གི་ཞེ་ཚིག  
           བྱ་བའི་མིང་ནི“སེམས་ཅན་གྱི་རྩོལ་བ་དང་། བེམ་པོའི་འགྱུར་བ་སོགས་མཚོན་བྱེད་ཀྱི་ཐ་སྙད་པ་སྟེ།”④བྱ་བའི་མིང་གི་ཞེ་ཚིག་ནི་སེམས་ཅན་གྱི་བྱ་བ་བྱེད་པ་སྟོན་དགོས་པ་ཞིག་ཡིན་ལ། བྱ་བའི་མིང་ཕལ་ཆེར་ལ་ནང་དོན་གོ་བདེ་བ་དང་ཚིག་གི་ཐ་སྙད་ཕུན་སུམ་ཚོགས་པའི་ཁྱད་ཆོས་མངོན། ཏུན་ཧོང་གཏེར་ཡིག་གི་ཁྲོད་དུ་འདི་འདྲའི་དཔེར་བརྗོད་མང་དུ་མཐོང་ཐུབ་སྟེ།  དཔེར་ན།《ར་མ་ཎའི་རྟོགས་བརྗོད》ལས“.......གཙོ་མཆོག་ཁྱེད་ཀྱིས།  བདག་ཆག་རྣམས་ལ་(སྩོལ)⑤”དང་བཙན་པོའི་གདུང་ཁུངས་ལས“......འུང་གྀ་འོག་ཏུ་བཙན་པི་(ཞབས་ཀྱིས་བཙུགས)་སྟེ་.....གཡག་དུ་དྲུང་ཕོད་དམ་ཞེས་ (བཀལསྩལ)་ན། སོ་སོ་ནས་ཀུན་གྱིས་མི་ཕོད་ཆེས་(གསོལ)་ཏེ ....ལ་ཕྱི་ནི་གདངས་སུ་དྲོ། ཞེས་མཆེན་(བླངས)......བཙན་པོ་དང་ནི་མྱི་(མནལ)་བར།⑥ཞེས་པ་ལས། སྩོལ་དང་། ཞབས་ཀྱིས་བཙུགས། བཀལསྩལ། གསོལ། བླངས། མནལ་སོགས་བྱ་བ་བྱེད་པ་སྟོན་པའི་བྱ་བའི་མིང་གི་ཞེ་ཚིག་ཡིན་པ་མཐོང་ཐུབ་སྟེ། ཡང《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས་....གླང་གྱྀ་ལོ་ལ་665བཙན་པོ་ཟུད་ཀྱི་ལྡུ་ནག་ན་(བཞུགས)་ཤིང་། བློན་ཆེ་སྟོང་བཙན་འ་ཞ་ཡུལ་ན་འཆྀས་པར་ལོ་གཆིག……བཙན་པོ་སྲས་ཁྲི་འདུས་སྲོང་།  སྒྲེགས་གྱྀ་ལྷ་ལུང་དུ་(བལྟམ)……⑦འདི་ལས་ཀྱང་བྱ་བའི་མིང་གི་རང་བཞིན་ལྡན་པའི་བཞུགས་དང་བལྟམ་གཉིས་འདུག  ཞེ་ཚིག་འདི་དག་མིང་རང་སྟེང་གི་གོ་བ་ཙམ་ལས་མེད་པ་ཞིག་མ་ཡིན་པར། སྐབས་དེའི་སྤྱི་ཚོགས་ཀྱི་གོ་རིམ་དང་། སྤྱི་ཚོགས་གནས་བབ་ཁྲོད་གོང་འོག་འབྲེལ་བ་ཡང་གསལ་པོར་མཚོན་གྱི་འདུག 
གསུམ་པ།  ཁྱད་ཆོས་བརྗོད་པའི་མིང་གི་ཞེ་ཚིག  
           ཁྱད་ཆོས་བརྗོད་པའི་མིང་ནི“སེམས་ཅན་དང་བེམ་པོའི་རང་གཞིན་དང་རྣམ་པ་སོགས་སྟོན་པའི་ཐ་སྙད་དེ”⑧ཏུན་ཧོང་གཏེར་ཡིན་ནང་ཁྱད་ཆོས་བརྗོད་པའི་ཞེ་ཚིག་ཀྱང་མང་ཙམ་འདུག་སྟེ།  
           ①བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས“མཚན་བཏགས་ནོར་སྟེ།(ཐུགས་སུ་ཡང་ཞུགས)”⑨འདིའི་ཤུགས་ནས་བཙན་པོ་འཚིག་པ་ཟ་བཞིན་ཡོད་པའི་གནས་སྐབས་ཀྱང་ཤེས་ཐུབ།  
           ②“ཡོས་བུའི་ལོ་ལ (སྤྱི་ལོ679) །པྱིང་བར་བཙན་པོ་ཡབ་གྱི་(མདད་བཏང)་བར་ལོ་ཅིག”⑩བཙན་པོ་འདས་པའི་ལོ་ཕྱི་མའི་ལོ་ལ་འདས་ཆོས་སྤེལ་ཏེ་འཕོ་བ་འདེབས་པའི་ཆ་ག་ལ་མདད་བཏང་ཞེས་ཟེར།  
           ③“གང་རིང་ནི་གང་ཐུང་བ། ཐང་ལྷ་ནི་ཡ་བཞུར་(མཁྱེན)”⑾།འདི་ལས་རང་བཞིན་དང་རྣམ་པ་གསལ་པོ་མཚོན་ཡོད་དེ། གོང་དུ་བརྗོད་པའི་ཁྱད་ཆོས་བརྗོད་པའི་མིང་ལྟར་མཐོང་ཐུབ་བོ།  
གསུམ་པ། ཏུན་ཧོང་གཏེར་ཡིག་ལས་ཞེ་ཚིག་གི་ཁྱད་ཆོས་གཞན་དག་ལ་དཔྱད་པ།
           ཏུན་ཧོང་གཏེར་ཡིག་ལ་ཕུན་སུམ་ཚོགས་པའི་ནང་དོན་ལྡན་པར་མ་ཟད། ཐ་སྙད་ཀྱི་ནང་དོན་གོ་བདེ་བ་དང་ཚགས་དམ་པོའི་ཁྱད་ཆོས་ཀྱང་གསལ་པོར་འདུག  མིང་དང་ཚིག་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་འདི་དག་ལས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་ཀྱང་དཔག་ནུས་ཏེ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ་བོད་ཀྱི་སྐད་དང་ཡི་གེ་ལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་འདུག་པ་ཤེས་ཐུབ།  ལྷག་པར་དུ་ཏུན་ཧོང་གཏེར་ཡིག་ལས་མཐོང་ཐུབ་པའི་ཞེ་ཚིག་ཕུན་སུམ་ཚོགས་པ་འདི་དག་གིས་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ནུས།  དཔེར་ན་མིང་གཅིག་དོན་གྱི་རྣམ་གྲངས་སམ་དོན་གཅིག་མིང་གི་མིང་གྲངས་ཀྱི་དབྱེ་བའི་ཞེ་ཚིག་གི་རྣམ་པ།  ད་དུང་ཚད་གཞི་མི་འདྲ་བའམ་ཕ་རོལ་པོ་ལ་སྦྱར་ནས་བྱུང་བའི་མིང་གི་ཞེ་ཚིག་ཀྱང་མང་པོ་འདུག
གཅིག     འཇུག་ཡུལ་སྣ་ཚོགས་པའི་ཞེ་ཚིག་སྐོར།  
           བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ཡིག་ཆ་སྟེ《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ནང་དུ་བཀོད་པའི་“ར་མ་ཎའི་རྟོགས་བརྗོད”སོགས་གཞིར་བཟུང་ནས་དཔྱད་ན།  ཞེ་ཚིག་གཅིག་དོན་གཉིས་སམ་གསུམ་ཡན་ལ་འཇུག་པའི་དོན་ལྡན་པའི་ཁྱད་ཆོས་ཡོད་ལ།  མིང་གཅིག་དོན་མང་ལ་འཇུག་པའི་ཁྱད་ཆོས་ཀྱང་མཐོང་ཐུབ་སྟེ། དཔེར་བརྗོད་དང་སྦྲགས་བཤད་ན།  
1 གཤེགས།  
           ①བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ①། (ཕེབས་པའི་དོན།)  
           ②བཙན་པོ་ཡབ་ཁྲི་སློན་བཙན།  དགུང་དུ་གཤེགས②། (འདས་པའི་དོན།)  
           ③གླང་གྱྀ་ལོ་ལ་སྤྱི་ལོ་664བཙན་པོ་བྱང་རོལ་དུ་གཤེགས་ཤིང་③།བློན་ཆེ་སྟོན་བཙན་འ་ཞ་ཡུལ་ན་འཆོས་པར་ལོ་ཆིག (བཞུགས་པའི་དོན།)
 འདི་ལས་གཤེགས་ཞེས་པའི་ཞེ་ཚིག་གི་མིང་གཅིག་ལ་དོན་གྱི་རྣམ་གྲངས་མི་འདྲ་བ་ཁ་ཤས་སྟོན་ནུས་པ་མཐོང་།  
2གསོལ།  
           ①མཉན་འཛི་ཟུང་ནག་པོས།  རྗེ་བོ་ལ་གསོལ་པཱ། (ཞུ་བའི་དོན།)  
           ②བཙན་པོ་ཁྲི་སྲོང་བཙན་གྱིས་ཀྱང་། ངག་རེ་ཁྱུང་གིས་གསོལ་བཞིན་གནང་སྟེ། སྲིང་མ་བརླག་གོ (བཤད་པ། )  
           ③ཚངས་པ་ལ། དངོས་གྲུབ་གསོལ་བའི་ཚིག་ལ། (གསུངས་པའི་དོན།)  
           ④སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ (བཏགས།)  
           གསོལ་ཞེས་པའི་མིང་གཅིག་ལ་དོན་གྱི་རྣམ་གྲངས་ཞུ་བ་དང་། བཤད་པ། བཏགས་པ་སོགས་གོ་དོན་མང་པོ་ལ་འཇུག་པ་ཤེས་ཐུབ།   
           གོང་གི་དཔེར་བརྗོད་འདི་དག་ནི་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》①ལ་གཞིགས་ནས་དྲངས་པ་ཡིན།  
3དགོངས།  
           ①བཙན་པོ་དགོངས་དགོངས་ནས། (བསམ་བློ་བཏང་བ།)  
           ②ལྷ་མོ་ཁྲོ་སྟེ། རྗེ་བོ་མྱེད་ན། ངན་བུ་སྲུང་སྟེ་ཆ་ཇི་མཆིས། གཅུང་གི་ཐུགས་ལ་མནའ་གཅེན་མྱེད་བཏང་། བདག་དང་ལྷན་ཆིག་བཞུགས་པར་དགོངས་པ་འདྲ་སྟེ། (དེ་འདྲ་ཡིན་པར་འདོད་པའི་དོན།)  
           ③རྨ་སྟེ་སླར་བྱོན་ནས།  སྙུང་ཚབས་ཆེ་སྟེ། རྒྱལ་པོ་དགོངས་པ། བདག་ནི། ནས་ནས་པའི་སྟེང་དུ་ནང་ཚབས་ཆེ་སྟེ། (གསུངས་པ།)  
           ④ལྷ་མྱྀ་ཡོངས་ལ་བརྩེ་དགོངས་བསྲོབ་བའི་རིགས། (ཐུགས་རྗེའི་བའི་དོན།)  
           དགོངས་ཞེས་པའི་ཞེ་ཚིག་གི་རྣམ་པ་གཅིག་ལས་དོན་མི་འདྲ་མ་མང་དུ་སྟོན་ནུས་པ་གསལ་བོར་མཐོང་ཐུབ། དཔེ་བརྗོད་འདི་དག་ནི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ལས་དྲངས་པ་ཡིན།②  
གཉིས།  དོན་གཅིག་མིང་གི་རྣམ་གྲངས་ཅན་གྱི་ཞེ་ཚིག་སྐོར།
  ང་ཚོར་ཆེས་རྒྱུས་མངའ་ཆེ་བ་ཁ་ཤོས་དྲངས་ན།  
           ①ཁྱོ་མོ་ལ-ཆུང་མ།-བཙུན་མོ།  
           ②གཤེགས་ལ-ཕེབས།-བཞུགས།-ཞབས་གཅིག་བཙུགས།  
           ③ཤི་སོང་བ་ལ-གྲོངས།-བགུམ།-གཤེགས།-དགུང་དུ་གཤེགས།  
           ④མནའ་བོར་ལ-དབུ་སྙུང་བ།-མནའ་བོར་བ།-བྲོ་སྩལ།  
           ⑤ཉལ་ལ-མནལ།-གཟྀམས།  
           གོང་དུ་གསལ་བ་ལྟར། ཏུན་ཧོང་གཏེར་ཡིག་ལས་མཐོང་པའི་ཞེ་ཚིག་གི་རྣམ་པ་ཕུན་སུམ་ཚོགས་པ་འདི་དག་གིས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་སྤྱི་ཚོགས་གནས་བབ་གསལ་པོར་མཚོན་ཡོད། ཞེ་ཚིག་གི་རྣམ་པ་དང་ཁྱད་ཆོས་འདི་དག་ལས་སྐབས་དེའི་རིག་གནས་དང་བསམ་བློའི་ཆུ་ཚོད་ཀྱང་མངོན་འདུག  
གསུམ།     རིམ་ཚད་ཀྱི་ཐོག་ནས་ཁྱད་པར་ཡོད་པའི་ཞེ་ཚིག་སྐོར།  
           གཤམ་གྱི་རེའུ་མིག་ནང་གི་ཞེ་ཚིག་འདི་དག་གཙོ་བོ་ནུས་པ་སོགས་ཀྱི་ཐད་ནས་སྤྱིར་བཏང་གི་ཞེ་ཚིག་ལས་ནང་དོན་གཏིང་ཟབ་པོ་ཡོད་པའི་རྐྱེན་གྱིས། དེ་ལ་ཞེ་ཚིག་མཐོ་ཤོས་ཞེས་མིང་བཏགས་པ་ཡིན།  དཔེར་ན་། “...ང་འྀ་རྟ་རྫིས་ཁྱི་འི་སྤུ་ལ་དུག་བསྐུས་པས་ལག་པ་བྱུགསྟེ་བསད་དེ།  ......བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས”①དང་“……དགུན་བཙན་ཕོ་ཆབ་སྲྀད་ལ་མྱ་ལ་གཤེགས་པ་ལས། དགུང་དུ་གཤེགས” ②དེ་བཞིན་དུ“......དབྱི་ཚབ་སྔུན་ན་འགྲོ་བ་འྀ་རྣ་བར་ལྷངས་ཤེས་སྟེ། དབྱི་ཚབ་ཀྱིས་ཚིག་དེ་ཏོག་ཅེས་བླངས་ནས། ཙེང་སྐུ་ཀྱོད་ཟེར་བ་ལས་བདེན་པ་མྱེད་དོ། ཁོ་བོ་ཡང་འདི་ལས་མ་རངས་པ་མྱེད་ཀྱིས། ཁྱོད་སེམས་དང་མྱི་འདྲའ་རེ་ཞེས་མནའ་བོར་རོ།……བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེར་བར་བྱས་ནས།  མནའ་མཐོའ་ཡང་ཆེར་བཆད་དོ།”③དང་“......བཙན་པོས་བཀའ་ཇྀ་སྩའད་པ་གཟུངས་སུ་མྱྀ་འཛིན་རེ་ཞེས་བྲོ་སྩའད་ཏོ” ནས་“.....ངའི་ཞ་སྔ་ནས་ཀྱང་དབུ་སྙུང་གནང་།། གཅེན་མུ་རུག་བཙན་དྡ།④སོགས་བརྗོད་པ་དེ་དག་ཁྲོད་ཀྱི་ཞེ་ཚིག་རྣམས་ལོགས་སུ་བཏོན་ནས་བཀོད་བཀོད་དོ། 
           འདི་ལྟ་བུའི་ཞེ་ཚིག་དག་ཆེད་དུ་ཞིབ་ཕྲར་དགར་བའི་དམིགས་ཡུལ་ནི། ཞེ་ཚིག་འདི་རིགས་ཀྱིས་མི་དང་མའི་བར་གྱི་གོ་གནས་གསལ་པོར་མཚོན་ཐུབ་པར་སྙམ། ཞེ་ཚིག་འདི་དག་གི་ཐོག་ནས་སྐབས་དེའི་བོད་བཙན་པོའི་རྒྱལ་རབས་ཀྱི་སྤྱི་ཚོགས་ནང་སྐད་བརྡའི་ཐད་ལའང་ནང་དོན་དང་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡིན་པ་མངོན།

སྡོམ་བྱང་།
           ཏུན་ཧོང་གཏེར་ཡིག་གི་ཡིག་ཆ་སྣ་ཚོགས་ལས་ཞེ་ཚིག་མང་དུ་མཐོང་ཐུབ་པ་མ་ཟད། ཞེ་ཚིག་འདི་དག་ལ་ཁྱད་ཆོས་མི་འདྲ་བ་དང་བེད་སྤྱོད་སྟངས་མི་འདྲ་བ་ཡོད་པ་གཞིར་བཅས་གོ་དོན་ཀྱང་མི་འདྲ་བ་ཡོད། གོ་དོན་འདི་དག་བསྔོགས་པ་ལས་སྐབས་དེའི་རྒྱལ་བློན་འབངས་སོགས་བར་གྱི་འབྲེལ་བ་གང་འདྲ་ཡིན་མིན་ཀྱང་ཟུར་བསྟན་ལེབ་མཐོང་གིས་རྟོགས་ཡོང་། དེ་ཙམ་མ་ཟད། ཞེ་ཚིག་འདི་དག་ལ་སྐད་བརྡ་རིག་པའི་དོན་སྙིང་དང་། རྩོམ་རིག་གི་དོན་སྙིང་ངེས་ཅན་ཡོད་པས་མཐིལ་ཕྱིན་པ་ཞིག་དཔྱོད་རྒྱུ་གལ་ཆེན་པོ་རེད་སྙམ།
           (རྩོམ་པ་པོ་ངོ་སྤྲོད། དཔལ་ལྡན་རྣམ་རྒྱལ། ཕ་ཡུལ།  སི་ཁྲོན་དཀར་མཛེས།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2013ལོའི་ཤེས་རམས་པ།)
           (མཛུབ་སྟོན་དགེ་རྒན། ཞིས་ལིས་ཧྭ།)   
           ①ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008ལོར་པར། ཤོག་ངོས་8 
           ②གོང་དང་མཚུངས་སོ།  ཤོག་ངོས་3
           ③གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བསྒྲིགས།།《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》མི་རིགས་དཔེ་སྐྲུན་ཁང་།2001ལོའི་ཟླ་6པར་པར། ཤོག་ངོས12
           ④གོང་དང་མཚུངས་སོ།  ཤོག་ངོས་16
           ①གོང་དང་མཚུངས་སོ།  ཤོག་ངོས 17
           ②དཔའ་རིས་སངས་རྒྱས།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་79
           ③གོང་དང་མཚུངས་སོ། ཤོག་ངོས79
           ④གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2001ལོའི་ཟླ་དང་པོར་1པར།  ཤོག་ངོས་41
           ①གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2001.1  ཤོག་ངོས་383.24.158
           ②ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》.ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008ལོའི་ཟླ་8པར་པར། ཤོག་ངོས5
           ③གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བསྒྲིགས།《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》མི་རིགས་དཔེ་སྐྲུན་ཁང་།2001ལོའི་ཟླ་6པར་པར། ཤོག་ངོས22
           ④དཔའ་རིས་སངས་རྒྱས།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》, མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་79
           ⑤གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2001ལོར་པར།  ཤོག་ངོས་5
           ⑥གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2001ལོའི་ཟླ་5པར་པར། ཤོག་ངོས་45. 14.34258
           ⑦ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》, ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008ལོའི་ཟླ་8པར་པར། ཤོག་ངོས4  
           ⑧དཔའ་རིས་སངས་རྒྱས།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས་79
           ⑨ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲེགས》, ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008ལོའི་ཟླ་8པར་པར།  ཤོག་ངོས13
           ⑩གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་གྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2001ལོའི་ཟླ་4པར་པར། ཤོག་ངོས་66
           ⑾གོང་དང་མཚུངས་སོ། །  ཤོག་ངོས་356
           ①གོང་དང་མཚུངས་སོ།
           ②གོང་དང་མཚུངས་གོ །
           ③ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008,8 ཤོག་ངོས4
           ①ཤོག་ངོས23.47.380.41
           ②གོང་དང་མཚུངས་སོ། ཤོག་ངོས40.390.384.375
           ①གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2007ལོའི་ཟླ་4པར་པར། ཤོག་ངོས་14-16
           ②ལྦང་ཡོན་དང་ཁྲན་ཅང་གཉིས་ཀྱིས་བསྒྱུར།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས》ཧྲང་ཧེ་གནའ་ཡིག་དཔེ་སྐྲུན་ཁང་།2008ལོའི་ཟླ་8པར་པར།   ཤོག་ངོས9
           ③གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས།《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2001ལོའི་ཟླ་4པར་པར། ཤོག་ངོས་26
           ④གོང་དང་མཚུངས་སོ།  ཤོག་ངོས་43.183


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1