༄༅།། པི་ཝང་ལས་ཐོབ་པའི་བློ་སྐྱེད་།

ཁུ་བྱུག་སྔོན་མོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-04


རྨ་ལྷོ། ཁུ་བྱུག་སྔོན་མོ།
    ང་ནི་པི་ཝང་ལ་དགའ་ཞིང་། པི་ཝང་དཀྲོལ་བར་དེ་ལས་ཀྱང་དགའ།
    པི་ཝང་ལ་རིགས་ཧ་ཅང་མང་ནའང་ཆེས་རིན་ཐང་ཆེ་བ་ནི་པི་ཝང་འབྲུག་མགོ་མ་དང་རྟ་མགོ་མ་གཉིས་ཡིན་ཞིང་། དེ་བཞིན་དུ་པི་ཝང་གི་རྒྱུ་ལའང་རབ་འབྲིང་ཐ་གསུམ་ཅི་རིགས་ཤིག་ཡོད་པ་རེད།
    དེ་ནི་ངོ་བོའམ་གྲུབ་ཚུལ་གྱི་སྟེང་ནས་བཤད་པ་སྟེ། མིག་གི་མཐོང་སྣང་དུ་མངོན་པའམ་ལག་ཏུ་བཟུང་བའི་སྐབས་སུ་མི་སུ་ཡིན་ཡང་དེ་ལ་དང་དོད་ཆེར་བྱེད་ངེས་ཀྱང་། སྤྱིར་བཏང་དུ་འཇིག་རྟེན་གྱི་དངོས་པོ་གང་དང་གང་ཞིག་ཡིན་ཡང་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོ་ནི་ངོ་བོའམ་གྲུབ་ཚུལ་གྱི་སྟེང་ན་མེད་པར་བྱེད་ནུས་ཀྱི་སྟེང་ན་ཡོད་པ་ནི་ཀུན་གྱིས་ཤེས་སོ། །
    པི་ཝང་ལ་མཚོན་ནའང་དེ་ལྟར་ངོ་བོའམ་གྲུབ་ཚུལ་དེ་འདྲའི་གལ་མི་ཆེ་བར། ཆེས་གཙོ་བོར་གྱུར་པ་ནི་སྒྲ་སྙན་མོ་ཞིག་གྲག་རྒྱུ་དེ་ཡིན། སྒྲ་སྙན་མོ་ཞིག་གྲག་མིན་ཐད་ཀར་དུ་འབྲེལ་བ་ཡོད་པ་ནི་རྒྱུད་སྐུད་རེད། རྒྱུད་སྐུད་ཀྱི་སྒྲ་ལས་ད་གཟོད་པི་ཝང་གི་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོ་མངོན་གྱིན་ཡོད།
    དེ་བས། ངས་རྒྱུན་དུ་པི་ཝང་གང་ཞིག་ཡིན་ཡང་དེའི་ངོ་བོའམ་གྲུབ་ཚུལ་ལ་དོ་སྣང་ཆེར་མ་བྱས་པར་གཙོ་བོ་རྒྱུད་སྐུད་ལས་བྱུང་བའི་སྒྲ་ལ་མཉམ་བཞག་པ་ཡིན།
    པི་ཝང་གི་རྒྱུད་སྐུད་ལས་བྱུང་བའི་སྒྲ་ནི་ངེས་པར་སྙན་མོ་ཞིག་ཡིན་དགོས་རྒྱུ་ནི་ཀུན་ལ་མཐུན་ཆོས་སུ་གྲུབ་ལ། དོན་དུའང་སྙན་མོ་ཞིག་མིན་ཚེ་པི་ཝང་གི་མིང་ལ་སྒྲ་སྙན་ཞེས་བཏགས་པ་འགལ་བར་གྱུར་པ་རེད། ཡིན་ནའང་། ལྟོས་འཇོག་གིས་བཤད་ན། པི་ཝང་གི་སྒྲ་ལ་སྙན་པོ་མིན་པའང་ཡོད། སྙན་དང་མི་སྙན་གྱི་ཁྱད་པར་ནི་གང་ལས་བྱུང་བ་ཡིན་ཟེར་ན། དེ་ནི་རྒྱུད་སྐུད་ལས་བྱུང་བ་ཡིན་ཞིང་། དེ་ཡང་གསལ་པོར་བཤད་ན་རྒྱུད་སྐུད་ཀྱི་སྙོམ་སྒྲིག་ལས་བྱུང་བ་ཡིན་ནོ། །
    པི་ཝང་གི་རྒྱུད་སྐུད་སྙོམ་སྒྲིག་བྱ་བ་ནི་རྒྱུད་སྐུད་འཐེན་ལྷོད་རན་པར་བྱེད་པ་དེ་ཡིན་ཏེ། རྒྱུད་སྐུད་འཐེན་རྒྱུ་མང་དྲགས་ཚེ་རྒྱུད་སྐུད་དུམ་སེ་ཆད་འགྲོ་ལ། རྒྱུད་སྐུད་ལྷོད་རྒྱུ་མང་དྲགས་ཚེ་སྟོང་སྐད་སྟོང་རྐྱང་གི་སྒྲ་མི་སྙན་པ་ཞིག་ལས་གྲག་མི་སྲིད། སྒྲ་སྙན་མོ་ཞིག་གྲག་དགོས་ན་ངེས་པར་རྒྱུད་སྐུད་ཀྱི་འཐེན་ལྷོད་རན་པ་ཞིག་བྱ་དགོས་སོ། ། དེ་ནི་ངས་པི་ཝང་དཀྲོལ་དུས་དེའི་རྒྱུད་སྐུད་ལས་བྱུང་བའི་སྒྲ་ལ་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ཡིན།
    ཁྱོད་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་རྒྱུད་སྐུད་ལས་བྱུང་བའི་པི་ཝང་གི་སྒྲ་ལ་མཉམ་འཇོག་བྱས་མྱོང་ངམ། ཕལ་ཆེར་ཤེས་རྟོགས་དེ་ཏན་ཏན་ཁྱོད་ལའང་བྱུང་ཡོད་ངེས།
    པི་ཝང་གི་རྒྱུད་སྐུད་ལས་བྱུང་བའི་སྒྲ་ལ་ཞིབ་འཇུག་བྱས་པའི་ཤེས་རྟོགས་དེ་ལས་ང་ལ་དགོས་ངེས་ཀྱི་བློ་སྐྱེད་གཞན་ཞིག་ཐོབ་བྱུང་། ཉིའུ་ཏུན་གྱིས་ཀུ་ཤུ་སར་ལྷུང་བའི་སྣང་ཚུལ་ལས་ཀུན་ལྡན་འཐེན་ཤུགས་རྙེད་པ་དང་། ཝ་ཐེ་ཡིས་དེམ་གྱི་ཁ་ལེབ་འགུལ་བའི་སྣང་ཚུལ་ལས་རླངས་སྒུལ་འཕྲུལ་འཁོར་གསར་གཏོད་བྱེད་པའི་བློ་རྙེད་པ་ལྟ་བུར་བསྡུར་ན་རང་ཉིད་ཀྱི་ཤེས་རྟོགས་དེ་ནི་གླེང་རིན་མེད་པ་ཞིག་ཡིན་ཡང་། རང་གི་ཚོད་ཀྱིས་དེ་ནི་རང་གི་བློ་སྐྱེད་ཡག་པོ་ཞིག་ཏུ་བརྩིས་ཡོད། དེ་ནི་ངས་འདིར་ཁྱོད་ལ་བརྗོད་པར་བྱ་བའི་གནད་གཙོ་བོ་ཡིན། གང་ཡིན་ཞེ་ན། དེ་ནི་བདག་གིས་རང་གི་འཛིན་གྲྭའི་ནང་ལ་རྒྱུད་སྐུད་སྙོམ་སྒྲིག་གི་ཐབས་ལམ་དེ་ཉིད་བཀོལ་བ་དེའོ། ། ལར་བདག་གི་འཛིན་གྲྭ་ལ་མཚོན་ན། དེའི་ནང་དུ་སློབ་མ་འདྲ་མིན་སྣ་ཚོགས་ཤིག་ཡོད་ནའང་། ངས་སློབ་མ་རེ་རེ་ཅི་འདྲ་ཞིག་ཡིན་པར་དང་དོད་ཆེར་མ་བྱས་པར། སློབ་མ་རེ་རེའི་སློབ་སྦྱོང་གི་ནུས་པའི་འཕེལ་རྒྱས་གཙོར་བཟུང་བ་ཡིན། སློབ་མ་རེ་རེའི་སློབ་སྦྱོང་གི་ནུས་པའི་འཕེལ་རྒྱས་ནི་གཞི་ནས་སློབ་མ་རེ་རེའི་ཡོན་ཏན་ནམ་ཁྱད་ཆོས་ཡིན། དེ་འདྲའི་ཡོན་ཏན་ནམ་ཁྱད་ཆོས་སྔོག་འདོན་བྱ་དགོས་ན། སློབ་མ་ཚོ་རྒྱུན་དུ་བསྡམ་རྒྱུ་མང་དྲགས་ཚེ་སློབ་སྦྱོང་གི་ལས་ཀ་ནི་སྡུག་བསྔལ་དང་སུན་སྣང་སྐྱེ་ཡུལ་ཞིག་ཏུ་འགྱུར་འགྲོ་བས། སློབ་མ་རེ་རེའི་སློབ་སྦྱོང་གི་ནུས་པའི་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐེབས་འགྲོ་ལ། ཡང་སློབ་མ་ཚོ་རྒྱུན་དུ་ལྷོད་རྒྱུ་མང་དྲགས་ཚེ་སློབ་སྦྱོང་གི་ལས་ཀར་ནན་ཏན་མི་བྱེད་པར་སྒྱིད་ལུག་ཅན་དུ་འགྱུར་འགྲོ་བས། སློབ་མ་རེ་རེའི་སློབ་སྦྱོང་གི་ནུས་པའི་འཕེལ་རྒྱས་ལ་དེས་ཀྱང་ལྡོག་ཕྱོགས་ཀྱི་ནུས་པ་ཐེབས་འགྲོ་བ་བཤད་མ་དགོས། དེ་བས། ཐབས་མཆོག་ཉིད་ནི་སློབ་མ་ཚོ་བསྡམ་ལྷོད་རན་པར་བྱེད་རྒྱུ་དེ་ཡིན་ཏེ། དེ་ཡིས་ད་གཟོད་སློབ་མ་རེ་རེའི་ནུས་པའི་འཕེལ་རྒྱས་གོང་འཕེལ་དུ་གཏོང་ཐུབ་བོ། །
    བདག་གིས་སློབ་གསོའི་ཐབས་ལམ་དེའི་མིང་ལ་པི་ཝང་གི་རྒྱུད་སྐུད་སྙོམ་སྒྲིག་བྱེད་པའི་ཐབས་ལམ་ཞེས་བཏགས་ཡོད་དེ། བདག་གི་བསམ་པར་མི་སུ་དང་གང་ཡིན་རུང་རང་དང་འབྲེལ་ཞིང་ཉེ་བའི་བྱ་བ་སྒྲུབ་དུས་པི་ཝང་གི་རྒྱུད་སྐུད་སྙོམ་སྒྲིག་བྱེད་པའི་ཐབས་ལམ་སྤྱོད་རྒྱུ་ཧ་ཅང་གལ་ཆེ་སྙམ་ཞིང་། དེ་ལྟར་བྱས་ན་དགེ་མཚན་མང་པོ་ཞིག་འབྱུང་ངེས་ལ། དེ་ལས་ལྡོག་ན་ཉེས་སྐྱོན་མང་པོ་ཞིག་འབྱུང་ངེས་པ་ནི་གདོན་མི་ཟའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1