༄༅།། “ གཡག”དང་འབྲེལ་བའི་སློབ་གསོའི་ཐབས་བཀོད་ཅིག

རྨ་ལྷོ། ཁུ་བྱུག་སྔོན་མོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-04


       རྨ་ལྷོ། ཁུ་བྱུག་སྔོན་མོ།

        ངས་རང་ཉིད་དགེ་རྒན་ཞིག་ཏུ་གྱུར་པ་ནི་སྐྱེ་བ་འདིའི་བསོད་ནམས་སུ་རློམ་ཡོད། དགེ་རྒན་གྱི་བྱ་བར་ཞུགས་ཏེ་ད་རག་བར་མི་ལོ་དྲུག་ཙམ་འགོར་ཟིན། དེའི་རིང་ལ་འབྲས་བུ་འདི་དང་གན་ཞེས་ཆེན་པོ་ཞིག་སྟོན་རྒྱུ་མེད་ཀྱང་རང་གི་ནུས་ཚོད་ཀྱིས་མི་རིགས་སློབ་གསོའི་ལས་དོན་ལ་འབད་ཁུལ་བྱས་པ་ཡིན།

        མི་ཚེ་གཅིག་ལ་མཚོན་ན་མི་ལོ་དྲུག་ནི་ཧ་ཅང་ཐུང་ནའང་དེའི་རིང་ལ་ཁོ་བོར་ཐོབ་པའི་སློབ་གསོའི་སྐོར་གྱི་དྲན་སྣང་ནི་ཧ་ཅང་མང་། དེ་དག་ལས་ཆེས་བརྗེད་དུ་མེད་པ་ནི་རང་གི་སློབ་མ་ཞིག་དང་འབྲེལ་བའི་དོན་དག་ཅིག་སྟེ། དེ་ནི་དམའ་འབྲིང་དུས་སྐབས་ཀྱི་རང་གི་དོན་དག་ཅིག་ལ་འབྲེལ་བ་དམ་པོ་ཡོད།
        དེ་ཡང་ལོ་སྔོན་མའི་དགུན་ཁའི་ཉིན་ཞིག་ལ། ངས་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ། སློབ་ཁྲིད་སྟེགས་བུའི་སྟེང་གི་ཅོག་ཙེའི་ཉེ་གན་ཏེ། སློབ་ཁང་གི་གྲལ་མགོ་ན་ཙོག་ཡོད་པའི་སློབ་མ་ཞིག་ལ་གཡག་པུར་སེ་ཤོར་བས། སློབ་མ་ཚོས་གཡག་དེ་སུས་བཏང་མིན་མ་ཤེས་ཀྱང་ཚང་མ་ཧབ་ཆ་དིར་རེར་སོང་ལ། སློབ་མ་དེའི་ངོ་གདོང་བལྟས་བལྟས་རིག་རིག་ལ་དམར་པོར་གྱུར་པས། ངས་དེ་མ་ཐག་སློབ་མ་ཚོར་གཡག་དེ་ངས་བཏང་ནི་ཡིན། དགོད་རྒྱུ་ཅི་ཡོད་དམ། ཞེས་བཤད་པ་ན་སློབ་མ་ཚང་མ་ཁ་རོག་གེར་བསྡད་བྱུང་། ངས་དེ་ལྟར་བཤད་པས་གཡག་ཤོར་སོང་བའི་སློབ་མ་དེའི་ངོ་གདོང་ཡང་སྔར་དང་འདྲ་བར་རྒྱུན་ལྡན་དུ་གྱུར་སོང་། སྤྱིར་ཡིན་ན་ངས་ཀྱང་དགུན་ཁར་ཡང་འབྲུག་གྲག་གི་ཞེས་རྩེད་མཚར་ཞིག་བཤད་ན་ཆོག་མོད། གཡག་ཤོར་སོང་བའི་སློབ་མ་དེས་མགོ་འགྱོག་སྲོལ་མེད་པའི་ངོ་ཚ་ཆེན་པོ་ཞིག་ཉོས་སོང་སྙམ་ངེས་ཡིན་པའི་སེམས་ཁམས་ལ་དམིགས་ཏེ། སློབ་མ་ཚོའི་མདུན་ནས་གཡག་ཤོར་སོང་བའི་ངོ་ཚ་ནི་རང་ཉིད་ཀྱི་མགོར་བླངས་པ་ཡིན།

        ངས་དེ་ལྟར་དེ་ནི་རང་ཉིད་ཀྱི་མགོར་བླངས་ཏེ་སློབ་མ་དེའི་ངོ་ཚ་བཀབ་པ་ནི་ང་རང་ཉིད་ཀྱི་ཐབས་བཀོད་ཅིག་གཏན་ནས་མིན་ཏེ། དེ་ནི་ང་རང་ཉིད་སྔོན་ཆད་དམའ་འབྲིང་གཉིས་པའི་སློབ་མ་ཡིན་དུས་ང་ཡང་སློབ་ཁྲིད་སྟེགས་བུའི་གན་གྱི་གྲལ་མགོ་ན་ཙོག་ཡོད་ལ། ཉིན་ཞིག་སྐད་ཡིག་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པའི་སྐབས་སུ། ངའི་གཡག་ཀྱང་གོང་གི་སློབ་མ་དེའི་གཡག་དང་འདྲ་བར་ཤོར་སོང་བ་དང་། དེའི་མུར་སློབ་ཁང་ནང་ཧྲིལ་པོ་དགོད་སྒྲས་ཁེངས་སོང་བས། ངོ་ཚ་བའི་འཚུབ་སྣང་གིས་སེམས་ཁམས་གློ་བུར་དུ་འཁྲུགས་ཤིང་། ངའི་ངོ་ནི་ཅི་ཞིག་གིས་འཐེན་བཞིན་པ་དང་འདྲ་བར་ཚ་བེར་བེར་བྱེད་དུས། སྐད་ཡིག་དགེ་རྒན་གྱིས་འཛུམ་དང་བཅས་ཏེ་གཡག་དེ་ངའི་གཡག་ཡིན། དེ་འདྲའི་དགོད་དོན་ཅི་ཡོད། གད་པ་འཕྱུར་ན་རྡུལ། རྩམ་པ་ཟོས་ན་གཡག གཡག་མི་གཏོང་ན་ལྟེ་ལེ་དཀར་ལྡང་ཡིན་ནི་མིན་ན་ཞེས་བཤད་བྱུང་བས། སློབ་མ་ཚང་མ་བདེན་ཅོག་ཅོག་གིས་ཁ་རོག་གེར་བསྡད་བྱུང་།

        དེའི་མུར་ངའི་སེམས་ཀྱང་བདེ་ལ་བབས་བྱུང་བར་མ་ཟད། སློབ་མ་ཚོ་ཡང་གཡག་དེ་ཤོར་མཁན་ནི་ང་ཡིན་པར་དོགས་པ་ཅུང་ཙམ་སྐྱེས་མ་བྱུང་བས། མགོ་འགྱོག་སྲོལ་མེད་པའི་ངོ་ཚ་ཞིག་སྐད་ཡིག་དགེ་རྒན་གྱིས་རང་ཉིད་ཀྱི་མགོར་བླངས་ཏེ་མེད་པར་བྱས་སོང་།
        འུ་ཅག་བོད་ལ་མཚོན་ན་མི་ཚོགས་མང་ས་ནས་གཡག་ཤོར་སོང་ཚེ་ངོ་ཚ་ཆེན་པོ་ཞིག་ཡིན་ལ། སྔོན་ཆད་མི་ཚོགས་མང་ས་ནས་གཡག་ཤོར་སོང་བའི་མི་རེ་གཉིས་ཀྱིས་ངོ་ཚའི་གནོན་ཤུགས་མ་ཐེག་པར་རང་སྲོག་གཅོད་དུ་སོང་བའི་གཏམ་རྒྱུད་དགོད་བྲོ་བོ་རེ་ཡང་བཤད་རྒྱུ་ཡོད། དེ་བས། དམའ་འབྲིང་གི་སློབ་མ་ཞིག་ཡིན་ཚེ་སློབ་ཁྲིད་ཀྱི་སྐབས་སུ་གཡག་ཤོར་སོང་ཚེ་ངོ་ཚ་ཆེན་པོ་ཞིག་ཡིན་ཡང་། དགེ་རྒན་ཐབས་བཀོད་ཅན་ཞིག་ཡིན་ན་དེ་ཡང་ཐག་གཅོད་ཡག་པོ་ཞིག་བྱས་འགྲོ།
        ངས་རང་གི་དམའ་འབྲིང་སྐབས་ཀྱི་སྐད་ཡིག་དགེ་རྒན་གྱི་ཐབས་བཀོད་བཟང་པོ་དེ་དེ་ལྟར་ང་དང་འདྲ་བར་སློབ་ཁྲིད་ཀྱི་སྐབས་སུ་གཡག་ཤོར་སོང་བའི་ང་ལྟ་བུའི་སློབ་མ་དེའི་གཡག་ཤོར་སོང་བའི་སྐབས་སུ་བཀོལ་བ་ཡིན།
        འུ་ཅག་བོད་ལ་ཐབས་བཀོད་འདི་འདྲར་མཁས་པའི་ངའི་དམའ་འབྲིང་གི་སྐད་ཡིག་དགེ་རྒན་འདྲ་བ་ཅི་འདྲའི་མཁོ་ཨང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1