དམངས་གླུ། ཆུང་མས་དཔོན་ཕྲུག་ལ་བླངས་པའི་སྐྱོ་གླུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-27


རྒྱལ་ཕྲུག་རྒྱ་ཞྭ་ཅན་པོ།། སྒའི་ཨ་འཇོག་ཐིག་ལེ་ཅན་པོ།། ཁྱོད་ཨ་སྐྱིད་སྡེ་བརྒྱའི་དཔོན་རེད།།

མ་འབྲུག་མོ་རང་གི་རོགས་རེད།། ཕུག་གི་ཁང་རྒན་ཟེར་དུས།། འདུ་ཁང་ཀ་བརྒྱ་ཞིག་རེད།།

རྩིག་གི་དོ་རྒན་ཟེར་དུས།། བྲག་དམར་རང་བྱུང་ཞིག་རེད།། ཕུག་གི་ཁང་རྒན་ནང་ནས།།

རྩིག་གི་དོ་རྒན་རྩིབ་ན།། ལུས་གདན་ཐོག་གཅིག་ལ་ཉལ་ནས།། མགོ་སྔས་ཐོག་གཅིག་ལ་བཞག་ནས།།

རོགས་འུ་གཉིས་མ་བཤད་ནི་མེད།། གཅིག་བཤད་ལ་མ་དྲན་ནི་མེད།། སྐྱ་གསལ་ལེ་ནམ་མཁའ་སངས་དུས།།

ངས་ཟུང་དཀར་ཟེའུ་ཏོ་འཁུར་ནས།། འབྲི་བརྒྱའི་ལྷས་ལ་སོང་ནི།། འབྲི་གཡང་མོའི་སྤྲིས་དཀར་བཞོས་ནས།།

གནག་ནོར་མོ་རི་ལ་བརྒྱབ་ནི།། ཁྱིམ་སྐྱིད་ཁྱིམ་ནང་ལ་ལོག་ནས།། འབྲིའི་འོ་མས་ཇ་འཐུང་བསམ་གི།།

ཐབ་ཀ་རིག་གསུམ་ཟེར་དུས།། མདའ་དམར་ཟུར་གསུམ་ཟིག་རེད།། ཟུར་གཅིག་གི་མ་རྒྱུའི་ཕྱོགས་ནས།།

མགོ་མཁར་ཟངས་ཕྱོགས་དྲུག་བསྐྱོན་ནས།། ཇ་རྒྱ་གཡུ་དམར་བསྐོལ་ནས།། གངས་དཀར་དཀར་ཡོལ་ནང་ལ།།

ཇ་རྒྱ་གཡུ་དམར་བླུག་ནི།། ཁ་འབྲི་མར་སེར་པོས་རྒྱན་ནི།། ལག་གཡས་པས་མ་བྱིན་གོང་ལ།།

ལག་གཡོན་པས་མ་བརྙབ་གོང་ལ།། ཕྱིའི་རུ་སྡེས་ཀི་ཞིག་འདེབས་ཀི། རྟ་འདེད་ཀི་ར་མདའ་རྒྱུག་ཟེར།།

ཇག་ཡིན་གི་རྐུན་མ་སོད་ཟེར།། མོའི་མི་བོ་རྒྱུག་དགའ་ཆེ་གི། ཕ་ཨ་ཁུ་སྔོན་མའི་རིང་ནས།།

ཕ་གྲགས་ལོ་ཅན་གི་བུ་རེད།། ཞང་མི་རྒྱུད་ཅན་གི་ཚོའུ་རེད། དམག་རུ་དར་ཁྱོས་བཟུང་ཟེར་ཀི།

དཔུང་དམག་དཔོན་ཁྱོས་བྱེད་ཟེར་ཀི། དམག་ཕར་འགྲོ་སྔ་བ་བྱོས་ཟེར།། དམག་ཚུར་ཡོང་གཞུག་མ་བྱོས་ཟེར།།

ཁྱོད་སྲུང་རྟ་འགྲོ་མེད་ཞོན་ཟེར།། ཁྱོད་ཁྲ་རིང་འབབ་མེད་འཁུར་ཟེར།། མོའི་སེམས་རྩ་སྡུག་གིས་བཀང་ཐལ།།

མོའི་མིག་མཐའ་མཆི་མས་བཅད་ད།། ཚིག་འདར་འདར་སྐད་ཆ་བཤད་ནི།། དམག་ཕར་འགྲོ་སྔུན་མ་མ་བྱེད།

སྐྱ་ལྔ་བཅུ་སྔོན་ལ་མངགས་དགོས།། དམག་ཚུར་ཡོང་གཞུག་མ་མ་བྱེད།། སྐྱ་དྲུག་ཅུ་ཕྱི་ནས་ལྷག་དགོས།།

མོས་ཕུག་གི་རྟ་རྡང་ནང་ནས།། རྟ་དཀར་ལི་སྒོ་ཁར་བླངས་ནས།། བོའུ་ཁྲ་རིང་ཁིས་ནས་བླངས་ནི།།

ཁ་དགད་ནི་གློ་ཐག་དགག་གི། མོ་རོགས་ལོ་བསམ་ནི་ལོས་ཡིན།། ངོ་ནག་ནི་གོང་ལ་འབུད་ཀི།

དགྲ་ནག་པོ་བསམ་ནི་ལོས་ཡིན།། སྨད་ཕ་རིའི་ལུང་ཡངས་མདོ་ན།། གན་བོའུ་དོ་ས་རྡུལ་འཐིབ་འཐིབ།།

བོའུ་རྡེའུ་སེར་བ་འབབ་འབབ།། དམག་ཁྲ་ཁྲ་གར་བདའ་བསྐོར་བདའ།། ཁོའི་སེམས་ལ་དགའ་བ་སྒོམ་ནི།།

ཁ་ཕྱིར་འཁོར་ཕྱིར་ལ་འཁོར་ཐལ།། མོའི་སེམས་ལ་དགའ་བ་ལོས་ཡོད།། མོས་ལྟ་དབང་མ་བྱིན་གོང་ལ།།

མིག་ཕྲ་མོས་མ་རིག་གོང་ལ།། མནར་གུག་གེ་སྟོད་ལ་བབས་ཐལ།། སྨད་ཕ་རིའི་ལུང་ཡངས་མདོ་ན།།

སྐད་གྲགས་གྲགས་བུ་མོས་འབོད་ཀི། མོ་ང་ཡང་སྒོ་ལ་བུད་ནི།། རྣ་གོར་མོས་ཚིག་ལ་ཉན་ནི།།

རོགས་མ་བདེ་ལོ་རབས་བཤད་ཀི། ཨ་རོགས་ལོ་སྙིང་རྗེ་ཅན་པོ།། ང་བསྐྱུར་ནས་གང་ལ་བུད་སོང་།།

ཁྱོད་རྣམ་ཤེས་སྦྲང་མ་རྩི་རྒུམ།། ངའི་ཕྱོགས་འཁོར་གི་མ་འདུག། སྟོད་ཡ་གའི་སྤང་དཀར་ཀླད་ན།།

དགོན་སྒར་ཆེན་སྒར་ཆུང་བླ་མ།། དཔོན་ཁྲིམས་ཆེན་ཁྲིམས་ཆུང་དཔོན་པོ།།

ཆོས་བསྐུར་བའི་བསྐུར་བཞུགས་ཐོན་ཐལ།། དཔོན་ཆེན་པོའི་བཀའ་ཡིག་ཐོན་ཐལ།།

ངའི་ཕྱོགས་ཀི་འབུལ་བ་བཤད་ན།། ཁྱོད་ཡ་རྒྱུའི་ཕ་ལོ་ཟེར་ལ།། རྟ་སྒ་སྲབ་ཐུར་གསུམ་ཚུར་ལོངས།།

རྟ་ཞོན་ནི་འགྲོ་ས་མེད་རུང་།། རྗེ་བླ་མའི་ཕྱག་ལ་འཇོག་རྒྱུ།། ངའི་ཤི་བོའི་རྣམ་ཤེས་འདྲེན་དགོས།།

རྐང་མི་འཁྱག་ཐབས་ལ་གན་མཁྱེན།། ངའི་གཅེས་པའི་ཕུ་བོ་ཟེར་ལ།། བོའུ་ཁྲ་རིང་རྭ་གཉིས་ཚུར་ལོངས།།

བོའུ་འཁུར་ནི་འགྲོ་ས་མེད་རུང་།། རྗེ་བླ་མའི་ཕྱག་ལ་འཇོག་རྒྱུ།། ཕྱི་དམྱལ་ཁམས་གཤིན་རྗེའི་ཡུལ་རེད།།

དགྲ་མི་སྐྲག་ཐབས་ལ་གན་མཁྱེན།། དྲིན་མ་རྒྱུའི་མ་ལོ་ཟེར་ལ།། རྫ་བ་ཆ་འཁོར་གསུམ་ཚུར་ལོངས།།

ཇ་བསྐོལ་ནི་འདུག་ཁོམ་མེད་རུང་།། རྗེ་བླ་མའི་ཕྱག་ལ་འཇོག་རྒྱུ།། ཕྱི་བར་དོ་ཚ་གྲང་ཡུལ་རེད།།

ཕོ་མི་ལྟོགས་ཐབས་ལ་གན་མཁྱེན།། མོ་བཞག་གི་འབུལ་བ་དུ་རེད།། ཁྱོད་ཤི་བོ་དགོས་རྒྱུ་དུ་རེད།།

ང་གསོན་པོས་ཐུབ་ནོ་དུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1