༄༅།། བཟའ་འཐོར་ཐོ་འགོད་བྱེད་སྐབས་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན་གང་དག་ཡོད།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-06



གྱོད་དཔེ།
     རིན་ཆེན་བཀྲ་ཤིས་བཟའ་ཟླ་གཉིས་ལ་མཚོན་ན་གཉེན་སྒྲིག་བྱས་ཏེ་ལོ་ངོ་བཅུ་གསུམ་འགོར་བ་དང་། བུ་བུ་མོ་གསུམ་ཡོད། ནོར་ལུག་གཉིས་བརྒྱ་ལྷག་དང་རྩྭ་ས་མུའུ་སྟོང་ཕྲག་གཅིག་ཙམ་ཡོད་པའི་ཁར་རྨོ་བསྐྱུར་ནགས་འདེབས་ཀྱི་ས་མུའུ་བརྒྱ་དང་ཞིང་ས་མུའུ་ཉིས་བརྒྱ་ལྷག་ཡོད། ཁྱིམ་ཚང་གི་ཆ་རྐྱེན་ཡང་གཡང་ལུང་སྡེ་བའི་དུད་ཁྱིམ་བརྒྱ་ལྷག་གི་ཁྲོད་ན་འབྲིང་ཙམ་དུ་སླེབས་ཡོད། རིན་ཆེན་བཀྲ་ཤིས་རྒྱུན་དུ་དབྱར་ས་དང་སྟོན་སའི་སྐབས་སུ་ནོར་ལུག་གི་རྗེས་ན་ཁོམ་ལོང་མེད་ལ་བྱིས་པ་གསུམ་ཞང་མི་རིགས་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་ཡོད། ཆུང་མ་དཔལ་མོ་སྐྱིད་ཀྱིས་ཁྱིམ་ལས་ཙག་ཙིག་རེ་ལས་བཞིན་ཡུལ་ན་བསྡད་ཡོད། ཁོ་མོ་ན་ནིང་གི་སྟོན་ཁ་ནས་བཟུང་གསེར་ལུང་སྡེ་བའི་སྐྱེས་པ་ཞིག་ལ་ཁ་འཕྲད་དེ་རྒྱུན་དུ་མཉམ་འགྲོ་མཉམ་འདུག་བྱས་ཏེ་བསྡད། རིན་ཆེན་བཀྲ་ཤིས་ཀྱི་སེམས་ལ་མི་ལོ་བཞི་བཅུའི་ཨ་ཡེ་རྒན་མོ་ཞིག་གིས་རང་གི་ཤ་ཁྲག་ལས་མཆེད་པའི་བྱིས་པ་གསུམ་ལ་འདང་མ་བརྒྱབ་པ་ཡིན་བསམ་ནས་ཡུན་རིང་ལ་བཟོད་བསྲན་མི་བྱེད་ཀ་མེད་བྱུང་། ཡིན་ནའང་བཟོད་བསྲན་བྱེད་དཀའ་བ་ཞིག་ནི། ད་ལོའི་དབྱར་ཟླ་བདུན་པའི་ནང་། བྱིས་པ་གསུམ་པོ་སློབ་གྲྭས་དབྱང་གནང་བཏང་སྟེ་ཕ་ཡུལ་དུ་ལོག་ཡོད་ལ། རིན་ཆེན་བཀྲ་ཤིས་དབྱར་སར་སོང་ཉིན་ནས་བཟུང་ཆུང་མ་དཔལ་མོ་སྐྱིད་དང་གསེར་ལུང་སྡེ་བའི་སྐྱེས་པ་དེ་གཉིས་ཁོ་ཚང་ནས་བྱིས་པ་གསུམ་དང་མཉམ་ཟ་མཉམ་འཐུང་དང་མཉམ་འདུག་མཉམ་ལངས་བྱས་ནས་བསྡད་ཡོད། ད་ནི་རང་ཁོ་མོ་དང་ལྷན་དུ་འཚོ་བ་རོལ་ཐབས་མེད་པས་ཅིས་ཀྱང་བཟའ་འཐོར་བྱེད་དགོས། བཟའ་འཐོར་ཐོ་འགོད་བྱེད་སྐབས་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན་གང་དག་ཡོད།


ཁྲིམས་བཤད།
    བཟའ་འཐོར་ཐོ་འགོད་ཀྱི་རེ་འདུན་ཞུ་བའི་ཁྱོ་ཤུག་ཕྱོགས་གཉིས་ཀར་ཐོག་མར་ངེས་པར་དུ་ཁྲིམས་མཐུན་གྱི་ཁྱོ་ཤུག་འབྲེལ་བ་ལྡན་དགོས་ལ། ཁྱོ་ཤུག་འབྲེལ་བ་ཟེར་བ་ནི་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་གཉེན་སྒྲིག་ཡི་གེ་བླངས་ཡོད་མེད་ལ་ཟེར། གལ་ཏེ་ཁྱོ་ཤུག་གཉིས་ཀ་བཟའ་ཟླ་ལྟར་མཉམ་འདུག་བྱས་ཡོད་པ་མ་གཏོགས། གཉེན་སྒྲིག་ཡི་གེ་བླངས་མེད་ཚེ་ཁྲིམས་མཐུན་ཁྱོ་ཤུག་གི་འབྲེལ་བ་ཡོད་པའི་བཟའ་ཟླ་འདིའི་རིགས་ལ་མི་དམངས་ཁྲིམས་ཁང་དང་འབྲེལ་ཡོད་གཉེན་འཐོར་ཐོ་འགོད་ལས་ཁུངས་ཀྱིས་ཁོ་ཚོའི་བཟའ་འཐོར་ཐོ་འགོད་ཀྱི་རེ་འདུན་གཏན་ནས་བདག་སྤྲོད་བྱེད་མི་རུང་། ཁྲིམས་མཐུན་དང་ཁྱོ་ཤུག་འབྲེལ་བ་ཡོད་པའི་བཟའ་ཟླ་ལའང་བཟའ་འཐོར་རེ་འདུན་ཞེས་མ་ཐག་བཟའ་འཐོར་ཐོ་འགོད་བྱེད་དུ་བཅུག་མི་ཆོག་སྟེ། ངེས་པར་དུ་བཅའ་ཁྲིམས་ཀྱིས་ཐག་བཅད་པའི་བཟའ་འཐོར་ཐོ་འགོད་ཆ་རྐྱེན་དང་མཐུན་མིན་ལ་ལྟ་དགོས། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བཞི་བའི་ནང་ཐག་བཅད་པ་ལྟར། གཅིག ཕོ་མོ་ཕྱོགས་གཉིས་ཀ་རང་འཐད་སྒོས་བཟའ་ཚང་ཐོར་བ་དེ་ནི་བཟའ་ཚང་འཐོར་བྱེད་ཀྱི་རྩ་བའི་ཆ་རྐྱེན་ཡིན། གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པའི་སྐབས་སུ། ཁྱོ་ཤུག་ཕྱོགས་གཉིས་ཀའི་བཟའ་འཐོར་རེ་ཞུ་ལ་རང་དགར་དུ་ཡིད་ཆེས་བྱེད་མི་རུང་བར། ངེས་པར་དུ་འབྲེལ་ཡོད་གནས་ཚུལ་ལ་རྩད་གཅོད་ཞིབ་མོ་བྱས་དེ་བཟའ་འཐོར་རྫུན་མ་འབྱུང་བར་སྔོན་འགོག་བྱ་དགོས། གཉིས། བུ་དང་བུ་མོའི་ཕྱོགས་ལ་བཀོད་སྒྲིག་འོས་འཚམས་བྱེད་པ་དང་། ཅིག་ཤོས་ཀྱིས་གསོ་རྟེན་དོད་དངུལ་ཅི་ཙམ་སྟེར་རྒྱུ་དང་། གསོ་རྟེན་དོད་དངུལ་སྟེར་སྟངས་སོགས་བཀོད་སྒྲིག་བྱ་དགོས། གསུམ། རྒྱུ་ནོར་ཕྱོགས་ལ་འོས་འཚམས་ཀྱིས་ཐག་གཅོད་བྱེད་དགོས་པ་དང་། ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཇི་ལྟར་བགོ་བཤའ་བྱེད་རྒྱུ་དང་། བུ་ལོན་ཇི་ལྟར་འཇལ་རྒྱུ། བཟའ་ཚང་འཐོར་རྗེས་འདུག་ཁང་ཇི་ལྟར་བཀོད་སྒྲིག་བྱ་རྒྱུ་བཅས་ཡིན། གཉེན་སྒྲིག་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་རྩད་གཅོད་ཞིབ་མོ་བྱས་རྗེས། ད་གཟོད་བཟའ་འཐོར་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པ་རྣམས་ལ་བཟའ་འཐོར་ཐོ་འགོད་བྱེད་དུ་འཇུག་དགོས་ལ་བཟའ་འཐོར་ཡི་གེའང་སྟེར་དགོས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1