ཀྲུང་གོའི་མི་རིགས་ཀྱི་དར་གོས་སྒྱུ་རྩལ་འགྲེམ་སྟོན།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-07


བོད་རིགས་ཀྱི་དར་གོས་འབྲུག་རིས་མ།
             ཉེ་ཆར། “དར་གོས་གྱིས་ཀྲུང་ཧྭ་བརྒྱན།——ཀྲུང་གོའི་མི་རིགས་ཀྱི་དར་གོས་སྒྱུ་རྩལ་སྤུས་དག་མཐོ་རིམ་སློབ་ཆེན་གྱི་ཆེད་དོན་འགྲེམས་སྟོན་”པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་སྒྱུ་རྩལ་ཁང་དུ་གཉེར་བ་རེད། ཐེངས་འདིར་ཁྱོན་བསྡོམས་མི་རིགས་16གྱི་དར་གོས་རིགས་18ཀྱི་དར་གོས་འཐག་རྫས་110འགྲེམས་སྟོན་བྱས་པ་ནི། ཀྲུང་གོའི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གིས་ལོ་ངོ་དུ་མའི་རིང་བསྡུ་རུབ་བྱས་པའི་མི་རིགས་ཀྱི་དར་གོས་500ལྷག་ཙམ་ཉར་ཚགས་བྱས་ཡོད་པ་ལས་བདམས་པའི་སྤུས་ཏག་འཐག་རྫས་ཡིན།
            རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་འགྲེམས་སྟོན་ཁྲོད་ཀྱི་གཙོ་གནད་རིག་དངོས་ནི་ཀྲུང་གོའི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གིས་མཚོ་བོད་མཐོ་སྒང་ནས་བསྡུ་རུབ་བྱས་པའི་ཐང་རྒྱལ་རབས་སྐབས་ཀྱི་དར་གོས་ཡིན། སྐྱོན་མེད་སྤུས་དག་ལོ་ངོ་སྟོང་ལྷག་འགོར་བའི་ཐང་རྒྱལ་རབས་ཀྱི་དར་གོས་འདི་དག་གིས་ཐང་ཆེན་པོའི་སྐབས་རྒྱ་བོད་མི་རིགས་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་གདན་དཔང་གནང་ཡོད།
བོད་རིགས་ཀྱི་པང་གདན་ཤད་རིས་མ།
            ཐང་རྒྱལ་རབས་ཀྱི་སྐབས་སུ། སྲོང་བཙན་སྒམ་པོས་འུན་ཤིང་ཀོང་ཇོ་དང་གཉེན་འབྲེལ་བས་དར་འབུའི་བཟོ་བོ་བོད་དུ་ཁྲིད་འོངས། མཚོ་བོད་མཐོ་སྒང་གི་ནོར་ལུག་གི་ཁྱུ་ཚོགས་ཀྱིས་བོད་ཀྱི་འཁལ་འཐག་བཟོ་རྩལ་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་བྱས། ཚོས་རྒྱག་ལུགས་ནི་བོད་རིགས་དམངས་ཁྲོད་ཀྱི་བཟོ་རྩལ་ཁྱད་ལྡན་སྤྱད་དེ་བསྲེས་སྦྱོར་བྱས་པའི་བྲག་རྡོ་དང་རྩི་ཤིང་གི་ཚོས་རྒྱུ་ཡིན། དར་ཐག་ནི་བོད་རིགས་བུད་མེད་ཀྱི་སྐེད་པ་དང་ལྷམ་ཡུ། གོན་པ་རྒྱན་བྱེད་ཀྱི་ཚོན་བཀྲའི་དར་གོས་ཡིན།  དུས་ཆེན་གྱི་སྐབས་སུ་བོད་རིགས་བུད་མེད་རྣམས་ཀྱིས་གཟབ་མཆོར་སྤྲས་པར་ཆེ་ཆུང་རིང་ཐུང་སྣ་ཚོགས་པའི་དར་ཐག་བཅུ་གྲངས་ལྷག་དགོས། པང་གདན་ནི་སྣམ་བུས་འཐག་པའི་ཚོན་མདོག་གི་ཤད་རིས་མའི་བོད་བཟོའི་སྨད་གཡོགས་ཏེ། བོད་རིགས་མེས་པོ་རྣམས་ཀྱིས་ཆར་རྗེས་འཇའ་ཚོན་གྱི་ཁ་དོག་ལྟར་འཐག་པ་ཡིན། ན་གཞོན་བུ་མོས་རྒྱུན་པར་ཚོན་མདངས་རྣམ་པར་བཀྲ་བའི་དར་ཐག་ཞེང་ཆེ་བས་བརྒྱན་པ་དང་། ལོ་ན་བགྲེས་པའི་ཨ་ཡེ་རྣམས་ཀྱིས་སྟབས་བདེའི་ཞེང་ཚད་དོག་པའི་ཚོན་མདོག་གི་དར་ཐག་འདོགས་པ་ཡིན།
མའོ་རིགས་ཀྱི་དར་གོས་བྱེའུ་བརྒྱ་མ།
            ཀྲུང་གོ་ནི་མི་རིགས་56ལས་གྲུབ་པའི་སྣ་མང་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཞིག་ཡིན། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། གོས་ཆེན་སྤྲིན་རིས་མ་དང་སི་ཁྲོན་ནས་ཐོན་པའི་དར་གོས། སུང་གི་དར་གོས། ཀྲོང་རིགས་ཀྱི་དར་གོས། བོད་རིགས་ཀྱི་དར་གོས། ཐུའུ་ཅཱ་རིགས་ཀྱི་དར་གོས། མའོ་རིགས་ཀྱི་དར་གོས། ཡའོ་རིགས་ཀྱི་དར་གོས། ཏའེ་རིགས་ཀྱི་དར་གོས་སོགས་ཀྱིས་མཚོན་པའི་མི་རིགས་མང་བའི་དར་གོས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་རྣམ་པར་བཀྲ་བའི་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཀྱི་མཚོན་རྟགས་གྲས་ཤིག་ཏུ་ཆགས་ཡོད།
པུའུ་དབྱི་རིགས་ཀྱི་པྲ་ཚིལ་གྱིས་ཚོས་བརྒྱབ་པའི་བུད་མེད་ཀྱི་མགོ་དཀྲིས།
            དར་གོས་འཐག་རྩལ་ནི་འཐག་རྩལ་རིགས་མང་པོའི་ཁྲོད་གྲུབ་ཆ་རྙོག་འཛིང་ཆེ་ཤོས་དང་ཚོས་གཞི་ཕུན་སུམ་ཚོགས་པ། ལག་རྩལ་ཆེས་མཐོ་བ།  རིན་གོང་ཆེས་མཐོ་ཤོས་ཤིག་ཡིན། རྒྱལ་རབས་རིམ་པར་འཕེལ་རྒྱས་བྱུང་བ་བརྒྱུད་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་མ་ཟད། མི་རིགས་དང་དུས་རབས་ཀྱི་རྟགས་མཚན་གསལ་བོ་བཀོད་ཡོད།
ཐུའུ་ཅཱ་རིགས་ཀྱི་འཁེལ་འཐག་འཕྲུལ་འཁོར། 
            གྲངས་ཉུང་མི་རིགས་སོ་སོ་འཚོ་སྡོད་བྱེད་པའི་ཁོར་ཡུག་དང་གོམས་སྲོལ་མི་མཐུན་པས། དར་གོས་འཐག་བྱེད་ལག་ཆ་དང་རྒྱུ་ཆ་སོ་སོར་ཁྱད་ཆོས་ལྡན་པ་རེད། གདོད་མའི་སྐེད་འཐེན་འཐག་ཆས་དང་གསེག་འཐེན་འཁེལ་འཐག་འཕྲུལ་ཆས།  སྨྱུག་མའི་སྒང་ཞུ་འཁེལ་འཐག་འཕྲུལ་ཆས་སོགས་བལ་འཐག་འཕྲུལ་འཁོར་སྣ་ཚོགས་ཡོད། རྒྱུ་ཆ་ལ་སྲིན་སྐུད་དང་སྲིང་བལ། གསོ་མ། ཕྱུགས་བལ་སོགས་ཡོད། དར་གོས་འཁེལ་འཐག་ཐབས་ཤེས་དང་དཔེ་རིས་ཚོས་སྒྱུར་ཐད་ཁྱད་ཆོས་མི་འདྲ་བ་སྣ་ཚོགས་ཀྱིས་ཀྲུང་གོའི་མི་རིགས་ཀྱི་དམངས་ཁག་གི་སྲོལ་རྒྱུན་བཟོ་རྩལ་དང་ས་གནས་རང་བཞིན་མངོན་ཡོད། 
ཏའེ་རིགས་ཀྱི་རྒྱབ་འགེབ་དར་གོས།
            གྲངས་ཉུང་མི་རིགས་ཀྱི་དར་གོས་སྤྱིར་བཏང་དུ་རང་གིས་འཁེལ་འཐག་རང་གིས་སྤྱོད་པ་ཡིན། དཔེ་རིས་གསར་རྩོམ་ལ་རང་དབང་ལྡན་པས་མི་རིགས་ཀྱི་སྲོལ་རྒྱུན་གྱི་རྣམ་པ་ལྡན། སྤྱིའི་ཆ་ནས་བབ་ཆགས་དང་ཁྱད་ཆོས་གསལ་བོ་མངོན་ཡོད། སྐུད་ཐག་རེ་རེས་བརྒྱུས་པའི་ལས་ཀའི་ཁྲོད། མི་རིགས་ཁག་གི་འཁེག་འཐག་བུ་མོ་རྣམས་ཀྱིས་འགྲམ་གྱི་འཁེལ་འཐག་འཕྲུལ་འཁོར་དང་ལག་པའི་ནང་གི་གོས་སྐུད་གྱིས་མི་རིགས་རིག་གནས་རྒྱུན་འཛིན་བྱས་པ་མ་ཟད། ཁོ་མོ་རྣམས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་མཛེས་པར་སྤྲས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1