གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༠༧ཉིན།

༄༅།། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལ《ཅཱན་ཨེར》གྱི་ཤན་ཞུགས་པའི་སྐོར་ལ་དཔྱད་པ།

 དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལ《ཅཱན་ཨེར》①གྱི་ཤན་ཞུགས་པའི་སྐོར་ལ་དཔྱད་པ།

དོན་གྲུབ་ཚེ་རིང་།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་དཔྱད་བསྡུར་རིག་པའི་ལམ་ནས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་སྤྱི་ཡི་བརྗོད་བྱའི་དོན་དང་། རྗོད་བྱེད་ཚིག བཏགས་པའི་ཁ་བྱང་། མི་སྣའི་སྣང་བརྙན་འབྲི་བཞེངས་སོགས་ལ《ཅཱན་ཨེར》གྱི་ཤན་ཞུགས་ཚུལ་དང་། ཤན་ཞུགས་པའི་རྒྱུ་མཚན་བཤད་ཡོད་ལ། བྱེ་བྲག་ཏུ་ཤན་ཞུགས་མངོན་པར་གསལ་བའི་སྒྲུང་གཏམ་གཉིས་ལོགས་སུ་བཀར་ནས་རང་བློས་གང་ལྕོགས་ཀྱིས་དཔྱད་པ་བྱས་ཁུལ་ལགས། 
མིང་བརྡ་གཙོ་བོ། དོན་གྲུབ་རྒྱལ། སྒྲུང་གཏམ། ཅཱན་ཨེར། ཤན་ཞུགས།   
          རྩོམ་པ་པོ་རྣམས་ཐོག་མར་གསར་རྩོམ་ལ་འཇུག་སྐབས། གཞན་གྱི་བརྩམས་ཆོས་ལ་སློབ་སྦྱོང་མི་བྱེད་ཐབས་མེད་ཡིན་པས། གཞན་གྱི་ཤན་མ་ཞུགས་པའི་རྩོམ་པ་པོ་ཞིག་ཡོད་པར་དཀའ། དོན་གྲུབ་རྒྱལ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་གཞི་གདིང་མཁན་གྲས་ཤིག་ཡིན་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དེ་ཀུན་གྱིས་ཁས་ལེན་མོད། འོན་ཏེ་ཁོང་གི་གསར་རྩོམ་གྱི་ལས་ལ་རྩོམ་པ་པོ་སུ་དང་གང་ཞིག་གི་ཤན་ཞུགས་ཐེབས་པར་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་དོ་སྣང་བྱས་མི་འདུག བདག་གིས་སྔོན་མའི་དུས་ནས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལ་ཡང་ནས་ཡང་དུ་བལྟས་མྱོང་བ་དང་། རྗེས་སུ་དབྱིན་ཇིའི་རྩོམ་པ་པོ་པཱོ་ལང་ཐེ་ཡི་སྒྲུང་གཏམ་གྲགས་ཅན《ཅཱན་ཨེར》ཞེས་པ་དེ་ཞིབ་ཏུ་ལྟ་ཀློག་བྱེད་སྐབས། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལ《ཅཱན་ཨེར》གྱི་ཤན་ཞུགས་ཐེབས་པའི་ངེས་ཤེས་རགས་པ་ཞིག་ཐོབ་བྱུང་བར་བརྟེན། རང་གི་ངེས་ཟིན་དེ་གཞན་ལ་བརྗོད་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་བྱུང་།    
དང་པོ། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་སྤྱི་ལ《ཅཱན་ཨེར》གྱི་ཤན་ཞུགས་པའི་སྐོར། 
          གཅིག དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ལ《ཅཱན་ཨེར》གྱིས་ཤན་ཞུགས་པའི་རྒྱུ་མཚན།
          སྒྲུང་གཏམ《ཅཱན་ཨེར》ནི་དབྱིན་ཇིའི་རྩོམ་པ་པོ་པཱོ་ལང་ཐེ་ཡིས་སྤྱི་ལོ1847ལོར་བྲིས་པ་ཞིག་ཡིན། དེབ་དེ་པར་བསྐྲུན་བྱས་ནས་དུས་ཡུན་ཐུང་ངུའི་ནང་དབྱིན་ཇི་ཙམ་མ་ཟད་འཛམ་གླིང་རྩོམ་རིག་གར་སྟེགས་ཐོག་སྐད་གྲགས་ཆེན་པོ་ཁྱབ། སྤྱི་ལོ1927ལོར་ཐོག་མར་རྒྱ་ཡིག་ལ་ཆ་ཤས་བསྒྱུར་བ་དང་། ཕྱིས་སུ་རིམ་བཞིན་རྒྱ་ཡིག་ཏུ་ཆ་ཚང་བར་བསྒྱུར་བའི་པར་གཞི་སྣ་ཚོགས་ཐོན་པ་ཡིན་ཡང་། རིག་གསར་མཇུག་བསྒྲིལ་ནས་སྤྱི་ལོ1977ལོར་མཐོ་རྒྱུགས་སླར་གསོ་བྱུང་རྗེས་གཞི་ནས་སློབ་གྲྭ་ཆེན་མོའི་ནང་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་། 《རང་གྲོལ་ཞིབ་འཇུག》ཏུ་དོན་གྲུབ་རྒྱལ་ནི“སྤྱི་ལོ1978ལོ་ནས1981ལོའི་བར་ཀྲུང་དབྱང་མི་རིགས་སློབ་གླིང་མི་རིགས་སྐད་ཡིག་ཚན་ཁག་གི་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཞུགས”①ཞེས་པ་ལྟར་སྐབས་དེ་དུས་དོན་གྲུབ་རྒྱལ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་འདོན་བཞིན་ཡོད་ལ། བརྩམས་སྒྲུང་རྩོམ་འབྲིའི་ལས་ལ་ཐོག་མར་འཇུག་བཞིན་པའི་སྒང་རེད། དེར་བརྟེན། སྐབས་དེར་ན་གཞོན་ཡིན་པ་ཁོང་གིས་ཕོ་མོའི་བརྩེ་དུངས་བརྗོད་བྱ་གཙོ་བོར་བྱས་པའི་སྒྲུང་གཏམ《ཅཱན་ཨེར》ལ་བལྟས་པ་མ་ཟད། དེ་ཁོང་གིས་སྒྲུང་གཏམ་གསར་རྩོམ་བྱེད་པར་སློབ་སྦྱོང་བྱེད་སའི་རྩོམ་དཔེ་ལྟ་བུ་ཞིག་ཏུ་འཛིན་ཡོད་ཚོད་འདུག་ལ། སྤྱི་ལོ1979ལོར་ཁོང་གི་སྒྲུང་གཏམ་ཐོག་མ《འབྲུག་མཚོ》དང་《པད་མཚོ》མཚོ་སྔོན་བོད་ཡིག་ཚགས་པར་ངོས་སུ་སྤེལ་བ་ནི། ཐོག་མའི་སློབ་སྦྱོང་བྱས་འབྲས་ཡིན་པ་འདྲ།
          དེ་ཙམ་མ་ཟད་སྐབས་དེ་དུས་དོན་གྲུབ་རྒྱལ་གྱིས་སྒྲུང་གཏམ《ཅཱན་ཨེར》གཞིར་བཟུང་ནས་ཕབ་སྒྱུར་བྱས་པའི་གློག་བརྙན་ལ་ཐེངས་མང་བལྟས་འདུག་སྟེ། ཁོ་བོས་སྔོན་དོན་གྲུབ་རྒྱལ་ཞིབ་འཇུག་སློབ་མ་འདོན་བཞིན་པའི་སྐབས་ཀྱི་སློབ་གྲོགས་དང་། མཉམ་ལས་པ་སྐུ་ཞབས་ཁྲིན་ཆེན་དབྱིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་པའི་གོ་སྐབས་དམ་འཛིན་བྱས་ནས་ཁོང་ལ་བཅར་འདྲི་བྱས་པས②། ཁོང་གིས་ “ཀྲུང་དབྱང་མི་རིགས་སློབ་གྲྭའི་ཉེ་འགྲམ་དུ་གློག་བརྙན་བལྟ་ས་ཞིག་ཡོད། དེར་དོན་གྲུབ་རྒྱལ་དང་ང་གཉིས་རྒྱུན་དུ་གློག་བརྙན་ལྟ་བར་འགྲོ་ཡི་ཡོད། སྐབས་དེ་དུས་ཀྱི་གློག་བརྙན་ནི་ཚོན་ཁྲ་མེད་པར་དཀར་ནག་རེད། གློག་བརྙན《ཅཱན་ཨེར》ཡང་ཐེངས་མང་པོ་བལྟས་མྱོང་། དེས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ལ་ཤུགས་རྐྱེན་ཐེབས་ཡོད་ཀྱང་སྲིད”ཅེས་གསུངས་བྱུང་། དོན་དུ་དེས་དོན་གྲུབ་རྒྱལ་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། ཕྱིས་སུ་ཁོང་གི་སྒྲུང་གཏམ་ཡོངས་ཀྱི་གསར་རྩོམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཁོང་གི་སྒྲུང་གཏམ་ལ་བརྟག་ན་ཤེས་ཐུབ།   ལྷག་པར་དུ《ཅཱན་ཨེར》ནང་གི་ཕ་མོ་འདྲ་མཉམ་དང་། གཉེན་སྒྲིག་རང་དབང་སོགས་ཀྱི་བསམ་བློ་དག་དང་། དངོས་ཡོད་སུན་འབྱིན་གྱི་བསམ་བློ་དག་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་ལྷག་པར་མཁོ་བར་མཐོང་བས། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་དེ་དག་གི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད། 
གཉིས། 《ཅཱན་ཨེར》གྱིས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྱི་བརྗོད་དོན་ལ་ཤན་ཞུགས་ཚུལ།
          《ཅཱན་ཨེར》ནི་དུས་རབས་བཅུ་དགུའི་ནང་དབྱིན་ཇིའི་བུད་མེད་ཀྱི་སྤྱི་ཚོགས་གནས་བབ་ཧ་ཅང་དམའ་ཞིང་། ལྷག་པར་དུ་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་འཕྲོག་པ་དང་། ལས་ཞུགས་སོགས་ཀྱི་ཐད་ལ་མཐོང་ཆུང་དང་། འདྲ་མཉམ་མིན་པ། སྐྱེས་པའི་དབང་ཆའི་དུས་རབས་སུ་སྐྱེས་པ་ལྟེ་བར་འཛིན་ནས་བུད་མེད་ཀྱིས་སྐྱེས་པར་ཞབས་ཞུ་དགོས་པའི་སྤྱི་ཚོགས་གནས་བབ་འོག་རྩོམ་པ་པོས་ཅཱན་ཨེར་གྱི་ཁེར་ཚུགས་ལྡན་པའི་རང་གཤིས་བརྒྱུད་ནས། སྲོལ་རྒྱུན་གྱི་སྐྱེས་པའི་དབང་ཆའི་དུས་རབས་དང་འཐབ་རྩོད་བྱས་ཏེ། བུད་མེད་ཀྱི་འདྲ་མཉམ་དང་། བརྩི་བཀུར། རང་དབང་བརྩོན་ལེན་བྱེད་པའི་དངོས་ཡོད་སུན་འབྱིན་གྱི་རྩོམ་ཡིག་ཅིག་ཡིན། འདྲ་མཉམ་དེ་ཡང་“སྤྱི་ཚོགས་དང་། དཔལ་འབྱོར། གཉེན་སྒྲིག ཁྱིམ་ཚང་སོགས་ཕྱོགས་མང་པོའི་ཁྲོད་དུ་བུད་མེད་ཀྱི་འདྲ་མཉམ་བརྩོན་ལེན་བྱེད་པ་ཞིག་ཡིན”①པ་གང་ཞིག ལྷག་པར་དུ་“ཅཱན་ཨེར་གྱིས་བརྩེ་དུངས་དང་གཉེན་སྒྲིག་ཁྲོད་ཀྱི་འདྲ་མཉམ་དེ་དེ་བས་བརྩོན་ལེན་བྱེད་པ་ཡིན། ”②དེ་འདྲའི་འདྲ་མཉམ་མིན་པའི་རྒྱུ་མཚན་གཙོ་བོ་ནི་བུད་མེད་ཀྱིས་སྐྱེས་པར་བརྟེན་དྲགས་པ་ཡིན་པ《འཛམ་གླིང་ལོ་རྒྱུས་སྤྱི་བཤད》སོགས་སུ་གསལ། དེར་བརྟེན་ཅཱན་ཨེར་གྱིས་རང་གིས་ཁྱིམ་ཚང་དགེ་རྒན་སོགས་བྱས་ཏེ། རང་གི་ལག་པ་གཉིས་ལ་བརྟེན་ནས་རང་ཁ་རང་གསོ་བྱ་རྒྱུ་དེ་གཙོ་བོར་འཛིན་ཞིང་། དཔལ་འབྱོར་སོགས་ཀྱི་ཐད་ནས་གང་ལ་ཡང་མ་བརྟེན་པར་ཁེར་ཚུགས་ཐུབ་པ་རྨང་གཞིར་བྱས་ཐོག ཕྱོགས་གཞན་གྱི་འདྲ་མཉམ་དང་རང་དབང་བརྩོན་ལེན་བྱེད་པ་ཡིན། ལྷག་པར་དུ་གྲལ་རིམ་དམའ་བའི་ཅཱན་ཨེར་དང་། སྐུ་ཞབས་ལོ་ཆེ་སི་ཐེ་ཡི་ཀྱག་ཀྱོག་གི་བརྩེ་དུངས་ལམ་བུ་བརྒྱུད་ནས། ཅཱན་ཨེར་གྱིས་སྲོལ་རྒྱུན་དང་། ཆོས་ལུགས། དཔལ་འབྱོར་སོགས་ཀྱི་བཀག་རྒྱ་ལས་གྲོལ་ཏེ། ཕོ་མོ་འདྲ་མཉམ་དང་། གཉེན་སྒྲིག་རང་དབང་བརྩོན་ལེན་བྱེད་པ་དེ་ཤུགས་ཀྱིས་མངོན་པར་མཚོན་པར་བྱས་ཡོད།
          བསམ་བློ་དེ་ལྟ་བུ་ཞིག་དོན་གྲུབ་རྒྱལ་ལ་འཕྲོད་པའམ། དོན་གྲུབ་རྒྱལ་ལ་བསམ་བློ་དེའི་ཤུགས་རྐྱེན་ཐེབས་པ་གང་རུང་ཞིག་གི་རྐྱེན་པས། ཁོང་གིས་བོད་ཀྱི་སྤྱི་ཚོགས་ནང་“ཕ་མས་ཕྲུ་གུའི་གཉེན་དོན་བཙན་སྒྲིག་བྱེད་སྲོལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་པ་”①དང་། ཕོ་མཆོག་མོ་དམན་གྱི་བསམ་བློར་སུན་འབྱིན་བྱ་རྒྱུ་དེ་བརྩམས་སྒྲུང་གི་བརྗོད་བྱར་འཛིན་ནས། 《སེམས་གཅོང》དང་། 《སད་ཀྱིས་བཅོམ་པའི་མེ་ཏོག》《འབྲུག་མཚོ》《པད་མཚོ》སོགས་བྲིས་ཏེ། ལྷ་སྐྱིད་སོགས་ཀྱི་ལས་དབང་བརྒྱུད། གཉེན་སྒྲིག་ཕ་མས་གཏན་འཁེལ་བྱེད་པའི་སྲོལ་རྒྱུན་ལས་འགོངས་ཏེ། གཉེན་སྒྲིག་རང་དབང་གི་རེ་བ་མཚོན་ཡོད། དེ་བཞིན་འབྲུག་མཚོ་དང་“ང་”སློབ་གྲྭ་ཆེན་མོ་ཐོན་ནས་བྱ་བའི་འདུན་མ་འབྲི་སྐབས། འབྲུག་མཚོས་“ངས་”གྲོང་ཁྱེར་དུ་སྡོད་ཅེས་བཤད་པར་མ་ཉན་པར། འབྲོག་ཕྱོགས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་ཆེད་རང་ཉིད་ཀྱི་ལང་ཚོ་དང་ནུས་ཤུགས་སོགས་ལེགས་སྐྱེས་ཕུལ་བ་རང་ཐག་རང་གིས་བཅད་པ་སོགས་ལས། ཁོ་མོར་ལྷད་མེད་ཀྱི་བརྩེ་དུངས་ཡོད་པ་གང་ཞིགཁེར་ཚུགས་ཀྱི་རང་གཤིས་མངའ་བ་མཚོན་ལ། ལོ་འགའི་རྗེས་སུ་“ང་”རང་རྩྭ་ཐང་དུ་འགྲོ་དུས། འབྲུག་མཚོས་གཡུར་དུ་ཟ་བའི་འབྲས་བུ་དང་། བྱས་རྗེས་རླབས་ཆེན་བཞག་པས་“དཔའ་མོར”གྱུར་པར་ཡི་རངས་སྐྱེས་པ་སོགས་བྲིས་ཏེ། རང་ཉིད་དང་བསྡུར་བའི་ཚུལ་གྱིས། སྐྱེས་པ་ལས་བུད་མེད་དམན་པ་མེད་པ་ར་སྤྲོད་དང་། བུད་མེད་ཀྱིས་ཕྱོགས་ཡོང་ནས་ཕོ་མོ་འདྲ་མཉམ་བརྩོན་ལེན་དགོས་པའི་གནས་ལུགས་གསལ་སྟོན་བྱས་ཡོད། 
གསུམ། 《ཅཱན་ཨེར》གྱིས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ནང་བུད་མེད་ཀྱི་སྣང་བརྙན་གསར་བཞེངས་བྱེད་པར་ཤན་ཞུགས་ཚུལ།   
          《ཅཱན་ཨེར》མིང་དུ་གྲགས་པའི་རྒྱུ་མཚན་གཙོ་བོ་ནི་རྩོམ་པ་པོས་ཁེར་ཚུགས་ཐུབ་པའི་བུད་མེད་ཀྱི་སྣང་བརྙན་དང་། རང་གཤིས་འབྲི་བཞེངས་བྱས་པས་ཡིན་ཏེ། དེ་ཡང་སྤྱི་ཚོགས་ཐོག་གི་འདྲ་མཉམ་མིན་པར་ངོ་རྒོལ་བྱེད་ཕོད་པ་དང་། རང་དབང་དང་འདྲ་མཉམ་ལ་བརྩོན་ལེན་བྱེད་ཕོད་པ་ཞིག་ཡིན་ལ། སེམས་རྒྱུད་བཟང་ཞིང་། བརྩེ་དུངས་ལ་འགྱུར་བ་མེད་པ། རང་གཤིས་བརྟན་པ། ཁེར་ཚུགས་དང་རང་བཀུར་གྱི་འདུ་ཤེས་ཟབ་མོ་ཡོད་པ། སློབ་སྦྱོང་ལ་དགའ་བ་དང་། ཡར་ཐོན་གྱི་བསམ་བློ་ཡོད་པ། ལྷག་པར་དུ་རང་གི་ལས་དབང་རང་གིས་ཐག་གཅོད་པ་དང་། རང་ལ་རང་གི་བསམ་བློ་ཡོད་པ། བསམ་པ་དེ་བྱེད་ཕོད་པ་སོགས་ཀྱི་ཅཱན་ཨེར་གྱི་སྣང་བརྙན་བསྐྲུན་ཡོད།
          དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ནང་དུ་ཡང་། བུད་མེད་རྣམས་རང་ལ་རང་གི་བསམ་བློ་ཡོད་པ་དང་། རང་གི་ལས་དབང་རང་གིས་ཁ་ལོ་བསྒྱུར་བ། བསམ་པ་དེ་བྱེད་ཕོད་པ། ཁེར་ཚུགས་དང་། ཡར་ཐོན་གྱི་བསམ་བློ་ཡོད་པ་སོགས་ཀྱི་སྣང་བརྙན་ལེགས་པར་མངོན་ཡོང་སྟེ། པད་མཚོ་ལྟ་བུ་རང་ལ་སློབ་གྲྭ་འགྲིམ་པའི་སྐལ་བ་མ་བྱུང་ཡང་། དཀའ་སྤྱད་འབད་ཐབས་ཀྱིས་རང་སྦྱོངས་བྱས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་འཚོལ་བ། འབྲུག་མཚོས་རང་ཉིད་གྲོང་ཁྱེར་ལ་ལས་ཀ་རག་པའི་གོ་སྐབས་དོར་བ་དང་། བརྩེ་གྲོགས་ཀྱི་ཁ་ཏ་ལ་མ་ཉན་པར། འབྲོག་ཕྱོགས་ཀྱི་སློབ་གསོའི་བྱ་གཞག་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ། ལྷ་སྐྱིད་ཀྱིས་ཕ་མས་ཕྲུ་གུའི་གཉེན་དོན་བཙན་སྒྲིག་བྱེད་པའི་སྲོལ་རྒྱུན་ལ་ངོ་རྒོལ་བྱེད་ཕོད་པ་དང་། ལྷད་མེད་ཀྱི་བརྩེ་དུངས་དང་། གཉེན་སྒྲིག་རང་དབང་གི་ཆེད་དུ་ལྕེབས་པར་བརྩམས་ཏེ། ཚེ་སྲོག་ཀྱང་བློས་གཏོང་ཕོད་པ་སོགས་ཡོད་པ་ཡིན། སྤྱིར་ཁེར་ཚུགས་དང་། བརྩེ་དུངས་ལ་འགལ་བའི་ཆ་ཡོད་མོད། འོན་ཀྱང་《ཅཱན་ཨེར》ནང་དུ་ཅཱན་ཨེར་བྲོས་པ་དང་། སྐུ་ཞབས་ལོ་ཆེ་སི་ཐེ་དབང་པོ་སྐྱོན་ཅན་དུ་གྱུར་ཞིང་། བཟའ་ཟླ་སྨྱོན་པ་དེ་གྲོངས་རྗེས་སླར་ལོག་ནས་གཉེན་སྒྲིག་པ། 《འབྲུག་མཚོ》ཡི་ནང་འབྲུག་མཚོས་རང་གི་བརྩེ་གྲོགས་དང་བྲལ་ནས་འབྲོག་ཕྱོགས་སུ་སོང་ཡང་། ཕྱིས་སུ་ཁོ་གཉིས་མཉམ་དུ་ཐུག་ནས་བར་ཐག་གིས་བཅད་མེད་པའི་བརྩེ་དུང་གི་རྒྱུན་བསྐྱངས་པ་སོགས་ལས་ཁེར་ཚུགས་དང་། བརྩེ་དུངས་ཀྱི་འབྲེལ་བ་དེ་ཐག་གཅོད་ཡག་པོ་བྱས་ཡོད། 
བཞི《ཅཱན་ཨེར》གྱིས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ནང་ཚིག་ལ་ཤན་ཞུགས་ལུགས།   
          《ཅཱན་ཨེར》གྱི་འཛམ་གླིང་བརྩམས་སྒྲུང་གྲགས་ཅན་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་གཅིག་ནི་“ཀློག་པ་པོ”ཞེས་པའི་ཚིག་དེ་མང་དུ་བེད་སྤྱད་ཡོད། དེས་ཀློག་པ་པོ་རྣམས་གྲོགས་པོ་བཟང་པོའི་འདུ་ཤེས་བཟུང་ནས། ཀློག་པ་པོའི་བློ་འགུག་ཐུབ་པ་དང་། མི་སྣའི་སེམས་ཁམས་དང་བསྟུན་ནས་ཀློག་པ་པོར་དགའ་སྐྱོ་ཆགས་སྡང་ཡོང་བ་དང་། ཀློག་པ་པོས་མི་སྣའི་སེམས་ཁམས་དང་། ལས་དབང་ལ་དོ་ཁུར་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་ལ། ཡང་“ཀློག་པ་པོ”ཞེས་པའི་ཚིག་དེར་བརྟེན་ནས“རྩོམ་པ་པོས་ང་ཚོའི་ལག་ཟུང་ནས་འཇུས་ཏེ། འཁྲིད་མ་འདྲུད་ཀྱིས་ང་ཚོ་ཁོ་མོ་སོང་མྱོང་བའི་ལམ་དུ་འགྲོ་རུ་བཅུག་པ་དང་། ཁོ་མོས་མཐོང་མྱོང་བ་དག་མཐོང་དུ་བཅུག་ནས། ཁོ་མོ་སྐད་ཅིག་ཙམ་ཡང་ང་ཚོ་དང་མི་འབྲལ་བ་དང་། ང་ཚོ་ཡུད་ཙམ་ཡང་ཁོ་མོ་དང་བྲལ་བར་མི་འཇུག”①དེ་ཡང་དཔེར་ན། ཅཱན་ཨེར་ཐོག་མར་སྐུ་ཞབས་ལེ་ཆེ་སི་ཐི་ཡི་ཁྱིམ་དུ་སླེབས་སྐབས“一部小说中新的一章, 有些像一出戏中的新的一场, 读者, 你一定想象, 你看到的是米尔科特乔治旅馆中的一个房间”②བྲིས་ཡོད་པ་དང་། ཅཱན་ཨེར་བྲོས་འགྲོ་སྐབས་“读者啊, 叙述这些细节是不愉快的。 ”③ ཡུལ་གཞན་དུ་སླེབས་རྗེས“读者, 你也许以为在地点和命运的变迁中, 我已经忘掉了罗切斯特先生。说真的, 一刻都没忘过”④དེ་ནས་ཕྱིས་སུ་སླར་ཁོང་གི་གམ་དུ་ལོག་ནས་ཁོང་མཐོང་སྐབས་“读者啊, 且听我解释。” ⑤ཞེས་དང་།  “读者呵, 我同他结了婚。 ”⑥ སོགས་སྒྲུང་གཏམ་དེའི་ནང་“ཀློག་པ་པོ”ཐེངས་23ལྷག་ཙམ་བེད་སྤྱད་ཡོད།
          དེ་དང་འདྲ་བར་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་མང་པོའི་ནང་དུ་ཡང་།  “ཀློག་པ་པོ”འམ་“ཀློག་མཁན་”ཞེས་པའི་ཚིག་དེ་མང་དུ་སྤྱད་ཡོད་དེ། དཔེར་ན། 《སད་ཀྱིས་བཅོམ་པའི་མེ་ཏོག》ནང་དུ་ཚེ་རིང་གིས་ལྷ་སྐྱིད་ལྕེབས་རྩིས་བྱས་པ་དང་བྲོས་པའི་སྐོར་དག་ཐོས་རྗེས་“ཨ་ཁ། གནས་ཚུལ་དེ་ཚོ་ཁྱོད་ཚོར་བཤད་རྒྱུ་ལྟ་ཅི། ངའི་སེམས་ལ་དྲན་པ་ཙམ་གྱིས་ཀྱང་སྡུག་བསྔལ་བཟོད་གླགས་མེད་པས། ཀློག་མཁན་རྣམས་ཀྱིས་བཟོད་སྒོམ་གནང་བར་མཁྱེན”⑦ཡང་ཨ་ནེ་སྒྲོལ་མས“ཀཱ་ཡེ། བརྩེ་ལྡན་གྱི་གྲོགས་པོ། མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་ལགས། གལ་ཏེ་ཁྱེད་ཀྱིས་གོང་གསལ་གྱི་གཏམ་རྒྱུད་དག་ལ་གཟིགས་མྱོང་ན། ཁྱེད་ཡང་ཇོ་མོ་ང་དང་འདྲ་བར་གཏམ་རྒྱུད་དེའི་ནང་གི་མི་སྣ་གཙོ་བོ་ལྷ་སྐྱིད་ལ་གདུང་སེམས་སྐྱེ་སྲིད”⑧ ཡང་《བརྩེ་དུངས་ཀྱི་རྦ་རླབས》དུ་“ཀློག་པ་པོ་རྣམས་མཁྱེན་འདོད་ཡོད་ན་འབྲུག་མོས་ང་ལ་བསྐུར་བའི་ཡེ་གེ་་་་་་སྤྱན་བསྟར་ཞུས་ཆོག”⑨ སོགས་དང་། གཞན་《ཤ་དང་རུས་པའི་བརྩེ་དུངས》དང་《ཚུལ་ཁྲིམས་རྒྱ་མཚོ》《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》སོགས་ཀྱི་ནང་དུ་ཡང་ཡོད། དེ་ནི་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྱི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་ལ། དེ་《ཅཱན་ཨེར》གྱིས་ཤན་ཞུགས་པ་རྟོགས་སླའོ།། 
 ལྔ། 《ཅཱན་ཨེར》གྱིས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྱི་མི་སྣའི་འབོད་སྟངས་ལ་ཤན་ཞུགས་ཚུལ།   
          《ཅཱན་ཨེར》ནི་རང་རྣམ་གྱི་རང་བཞིན་ལྡན་པའི་སྒྲུང་གཏམ་ཞིག་ཡིན་པས། རྩོམ་པ་པོས་མི་སྣ་དང་པོ་བེད་སྤྱད་ནས།  “ང”ཡི་ངག་བརྒྱུད་དེ། ཀློག་པ་པོར་མི་སྣའི་སེམས་ཁམས་ཞིབ་ཚགས་དང་། ཡིད་དབང་འཕྲོག་ཤུགས་ལྡན་པ། སྒྲུང་གཏམ་གྱི་བདེན་པའི་རང་བཞིན་དང་། སྙིང་ཉེ་བའི་རང་བཞིན་ཤུགས་ཆེར་བཏང་བའི་སྒོ་ནས་རང་ཉིད་ཀྱི་མཐོང་ཐོས་ཉམས་མྱོང་སོགས་ཅན་ཨེར་གྱི་གཟུགས་སུ་བཀོད་ནས་བྲིས་ཏེ། ཀློག་པ་པོ་དང་འབྲེལ་བ་ཟབ་པའི་སྒོ་ནས་ཡིད་ཀྱི་དང་བ་འདྲེན་པར་བྱས་ཡོད། དོན་གྲུབ་རྒྱལ་ལ་ཡང་དེའི་ཤན་ཞུགས་ནས་བརྩམས་སྒྲུང་བཅོ་ལྔ་ནང་ནས《སེམས་གཅོང》དང་། 《བརྩེ་དུངས་ཀྱི་རྦ་རླབས》《ཚུལ་ཁྲིམས་རྒྱ་མཚོ》དང་། 《ཤ་དང་རུས་པའི་བརྩེ་དུངས》དང་། 《སད་ཀྱིས་བཅོམ་པའི་མེ་ཏོག》དང་། 《པད་མཚོ》དང་། 《འབྲུག་མཚོ》དང་། 《སྒྲུང་པ》དང་། 《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》《སྔོ་ཚོད་ཚོང་ཁང་གི་མཐོང་ཐོས》བཅས་བཅུ་ཐམ་པ་སྟེ། སུམ་ཆ་གཉིས་ཙམ་མི་སྣ་དང་པོའི་ཐོག་ནས་བྲིས་ཡོད་དོ། །
དྲུག སྒྲུང་གཏམ་གྱི་ཁ་བྱང་འབྲི་སྟངས་ལ་ཤན་ཞུགས་ལུགས།   
          སྒྲུང་གཏམ་《ཅཱན་ཨེར》ཁྲོད་དུ་མི་སྣ་གཙོ་བོ་ཅན་ཨེར་གྱི་འཚོ་བའི་བརྒྱུད་རིམ་སྟར་ཕྲེང་དུ་བརྒྱུས་ནས་བཀོད་ཡོད་པས། 《ཅཱན་ཨེར》ཞེས་པའི་ཁ་བྱང་འདི་ཡང་སྒྲུང་གཏམ་དེའི་ནང་གི་མི་སྣ་གཙོ་བོར་གྱུར་པའི་བུད་མེད་ཅཱན་ཨེར་གྱི་མིང་ནས་བཏགས་པ་ཞིག་ཡིན། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ《འབྲུག་མཚོ》དང་《པད་མཚོ》གཉིས་ཀྱི་ཁ་བྱང་ཡང་བུད་མེད་ཀྱི་མིང་ཐོག་ནས་བཏགས་པ་ཡིན་ལ། དེ་ལྟར་འདོགས་དོན་ཡང་སྐབས་དེར་དོན་གྲུབ་རྒྱལ་སྒྲུང་གཏམ་སློབ་སྦྱོང་གི་ལས་ལ་ཐོག་མར་འཇུག་སྒང་ཡིན་པས། སྐབས་དེའི་མིག་ལྟོས་སུ་གྱུར་པའི་《ཅཱན་ཨེར》ལ་དཔེ་བལྟས་ནས་བཏགས་པ་ཞིག་ཡིན་པར་སྙམ། ད་དུང་ཕྱིས་ཀྱི་སྒྲུང་གཏམ《ཚུལ་ཁྲིམས་རྒྱ་མཚོ》དང་《རྒན་པོ་བློ་གྱོང་》སོགས་ཀྱི་ཁ་བྱང་ཡང་སྒྲུང་གཏམ་གྱི་མི་སྣ་གཙོ་བོའི་མིང་ནས་བཏགས་ཡོད།
གཞན་ཡང་བསམས་པར་བྱ་བ་འདི་ལྟར་ཡོད་དེ། སྤྱིར་ལོ་རབས་ཉི་ཤུའི་དུས་རབས་བརྒྱད་ཅུའི་ཡས་མས་སུ་བོད་མི་རིགས་ནི་དེང་རབས་རིག་གནས་དང་། ཚན་རྩལ། ལྷག་པར་དུ་དེང་རབས་ཀྱི་སློབ་གསོ་རྗེས་ལུས་ཡིན་པ་དངོས་དོན་ཡིན། དེར་དོན་གྲུབ་རྒྱལ་ལ་སེམས་ཚོར་ཟབ་མོ་བྱུང་ཡོད། འོན་ཀྱང་ཁོང་གིས་བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་དང་རིག་གནས་གོང་དུ་སྤེལ་རྒྱུའི་རེ་བ་དེ་ལོ་ཆུང་ཞིག་གམ་ཡང་ན་སྐྱེས་པ་ཞིག་གི་ཐོག་ཏུ་བཞག་པ་མིན་པར། དམིགས་སུ་བུད་མེད་ལ་བཅངས་པའི་དགོས་དོན་སྙིང་པོར་བསམས་ཚེ། དེ་ལས་ང་ཚོས《ཅཱན་ཨེར》དང་དེ་གཉིས་བར་གྱི་འབྲེལ་བ་ཞིག་གབ་པ་མངོན་དུ་ཕྱུང་ཐུབ་བོ། །            གཉིས་པ། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་བྱེ་བྲག་པར《ཅན་ཨེར》གྱི་ཤན་ཞུགས་ཚུལ། 
          གཅིག《ཅཱན་ཨེར》དང་《ཤ་དང་རུས་པའི་བརྩེ་དུངས》ལ་ཤན་ཞུགས་ཚུལ།   《ཅཱན་ཨེར》གྱིས《ཤ་དང་རུས་པའི་བརྩེ་དུངས》ལ་ཐུན་མོང་གི་ཁྱད་ཆོས་ནི་མི་སྣ་གཙོ་བོ་མཚན་མོ་གཉིད་ཉལ་དུས་བྲོས་འགྲོ་བ་དང་། ཕྱིར་དྲན་དང་སྦྲགས་འགྱོད་བཤགས་བྱས་པ། སྡུག་བསྔལ་ཆེ་ཤོས་ཀྱི་མིག་ཆུ་ལྷུང་བ། མཇུག་འབྲས་ཡང་ཕལ་ཆེར་འདྲ་བ་བཅས་ཁག་བཞི་རུ་དབྱེ་ཆོག  
          1 མཚན་མོ་གཉིད་ཉལ་དུས་བྲོས་འགྲོ་བ། 《ཅཱན་ཨེར》ནང་དུ་མི་སྣ་གཙོ་བོ་ཅཱན་ཨེར་དང་སྐུ་ཞབས་ལོ་ཆེ་སི་ཐེ་གཉིས་མཆོད་ཁང་དུ་གཉིན་སྒྲིག་མཛད་སྒོ་སྤེལ་བཞིན་པའི་སྐབས། ཅཱན་ཨེར་གྱིས་སྐུ་ཞབས་ལོ་ཆེ་སི་ཐེ་གཉེན་སྒྲིག་བྱས་ཟིན་པ་རྟོགས་པས་གཉེན་སྒྲིག་བྱེད་སྒོ་མཚམས་འཇོག་བྱེད་དགོས་བྱུང་། སྐུ་ཞབས་ལོ་ཆེ་སི་ཐེ་ཡིས་སྔོན་གྱི་གཉེན་སྒྲིག་བྱས་པ་དེ་ནོར་འཁྲུལ་ཞིག་ཡིན་པ་དང་། ཅཱན་ཨེར་ལ་ཁོང་གི་མནའ་མ་བྱ་རྒྱུར་ཞུ་བ་འཐེན་ཡང་ཁས་མ་བླངས། དེའི་ནུབ་མོ་ཁོང་གཉིད་ཉལ་དུས་སུ། ཅཱན་ཨེར་གྱིས་རང་གི་བརྩེ་དུངས་རྣམ་དག་ཞིག་གི་ཆེད་དུ་བྲོས་ཕྱིན། དེ་དང་འདྲ་བར་《ཤ་དང་རུས་པའི་བརྩེ་དུངས》ཀྱི་ནང་དུ་ཨ་ཁུ་ལྷ་བཟོས་རང་གི་པ་ཕ་གཉིད་དུ་ཡུར་བ་དང་བསྟུན་ནས། རྐང་འཇབ་ལག་འཇབ་ཀྱིས་གོས་གྱོན་རྗེས་རང་གི་གྲོགས་པོ་གཉིས་དང་མཉམ་དུ་ཡུལ་གཞན་དུ་བྲོས་པ་གཉིས་གཅིག་མཚུངས་སུ་སྣང་།  
          ཅཱན་ཨེར་བྲོས་འགྲོ་བ་ནི་སྒྲུང་གཏམ་དེའི་མཐོ་རླབས་ཡིན་ལ། དེས་སྒྲུང་གཏམ་དེའི་ནང་ནུས་པ་གལ་ཆེན་ཐོན་ཡོད་དེ། དེས་ཅཱན་ཨེར་གྱིས་རང་གི་ལས་དབང་རང་གིས་ཐག་གཅོད་པ་དང་། རང་ལ་རང་གི་བསམ་བློ་ཡོད་པ། དེ་བཞིན་གཉེན་སྒྲིག་རང་དབང་། གྲལ་རིམ་དམའ་པོ་ཡིན་རུང་འདྲ་མཉམ་བརྩོན་ལེན་བྱེད་པ་མཚོན་པར་ནུས་པ་བླ་ལྷག་ཏུ་ཐོན་ཡོད་པ་དང་། ལྷག་དོན་དུ་དེས་སྐུ་དྲག་ཡིན་པའི་སྐུ་ཞབས་ལོ་ཆེ་སི་ཐེ་ཡི་ཁང་པར་མེ་ཤོར་ནས་ཁོང་ཡང་དབང་པོ་སྐྱོན་ཅན་དུ་གྱུར་དུས། ཅཱན་ཨེར་ཕྱིར་ལོག་ནས་ཁོང་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་མི་ཚེ་བསྐྱལ་བར་རྨང་གཞི་བཏིང་ནས། རྒྱུ་ནོར་སོགས་ཀྱིས་མ་བསླད་པའི་བརྩེ་དུང་རྣལ་མ་དེ་མངོན་ཤུགས་ཆེན་པོས་མཚོན་པར་བྱས་ཡོད། ཨ་ཁུ་ལྷ་བཟོ་བྲོས་འགྲོ་བ་དེས་ཡང་བུ་བྲོས་རྗེས་ཀྱི་པ་ཕའི་སྣང་བརྙན་བྲི་བར་ཆ་རྐྱེན་བསྐྲུན་ཡོད་ལ། དེས་ཕ་བུའི་བརྩེ་དུངས་མཚོན་ཤུགས་ཆེན་པོས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་ཆ་རྐྱེན་བསྐྲུན་ཡོད།   
          2 ཕྱིར་དྲན་དང་སྦྲགས་འགྱོད་བཤགས་བྱས་པ། ཅཱན་ཨེར་བྲོས་འགྲོ་བའི་ལམ་བར་དུ་ཁོ་མོས་རང་ཉིད་བྲོས་ཕྱིན་པ་སྐུ་ཞབས་ལོ་ཆེ་སི་ཐེ་ཡིས་ཤེས་ན། ཁོང་ལ་བློ་ཕམ་ཆེན་པོ་ཡོང་བ་དང་། དེས་ཁོང་ཉིད་མྱ་ངན་གྱི་རྒྱ་མཚོར་ལྷུང་འཇུག་གི་རེད་བསམས་ནས་གནོང་འགྱོད་དང་སྦྲགས་འགྱོད་བཤགས་བྱས་ཡོད་དེ། 《ཅཱན་ཨེར》ནང་ “我忍不住要想罗切斯特先生发现自己被抛弃后该是多么绝望。我很自己伤害了他, 或许又让他去过邪恶的生活甚至死去。 ”①ཞེས་བྲིས་ཡོད། དོན་གྲུབ་རྒྱལ་གྱི《ཤ་དང་རུས་པའི་བརྩེ་དུངས》ནང་དུ་ཡང་ཨ་ཁུ་ལྷ་བཟོ་རོགས་པ་གཉིས་དང་མཉམ་དུ་ཡུལ་གཞན་དུ་བྲོས་ཏེ། ལྷ་བཟོའི་ལག་རྩལ་ལ་བརྟེན་ནས་ལག་འབབ་རྒྱ་ནོམ་པ་བྱུང་རྗེས། ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཇག་པས་མི་བསད་རྒྱུ་འཕྲོག་བྱས་པ་དང་། ཨ་ཁུ་ལྷ་བཟོ་རང་ཡང་རྨས་སྐྱོན་ཚབ་ཆེན་ཕོག་ནས། མུན་ནག་གི་མཚན་མོ་དེར་གར་འགྲོ་འདིར་འདུག་མེད་པར་ཐང་སྟོང་དུ་ལུས་དུས། རང་གི་པ་ཕ་གཅིག་པུ་གཡུག་བཞག་ནས་བྲོས་འགྲོ་བ་དེར་ཕྱིར་དྲན་བྱས་ཤིང་། དེས་པ་ཕ་ལ་མྱ་ངན་ཚད་མེད་སྤྲས་ཡོད་པར་གནོང་འགྱོད་སྐྱེས་ཡོད་པའི་སྐོར་དུ། 《ཤ་དང་རུས་པའི་བརྩེ་དུངས》ནང་“མཚན་མོ་དེར། ཁོང་གཉིད་ལས་སད་དུས་རང་གི་བུ་འཁྲིས་སུ་མེད་པ་མཐོང་བའི་སྐབས་སུ། ཁོང་གི་སེམས་ལ་འཚུབ་ཆ་ཅི་འདྲ་ཆེན་པོ་ཞིག་ལངས། ”②ཞེས་དང་ཡང་“ངས་ཁོང་གི་སེམས་ལ་བཟོད་ཐབས་མེད་པའི་མནར་གཅོད་བཏང་བ་དང་། འདག་ཐབས་མེད་པའི་ཉེས་པ་བསགས། ”དང་།   “ཁྱེད་རང་བདེ་མོ་འཚམས་པོར་བཞུགས་ལགས་སམ། ན་བ་འདྲ་མ་བྱུང་ངམ། ”③སོགས་ལས་རང་གི་འགྱོད་བཤགས་བྱས་པ་དང་། རང་གི་ཕ་ལ་བཅངས་པའི་བརྩེ་དུངས་མཚོན་པར་བྱས་ཡོད་པ་དེ་གཉིས་འདྲ་བ་གང་ཞིག་ཚིག་བེད་སྤྱད་པ་ཡང་ཧ་ལམ་གཅིག་མཚུངས་སུ་སྣང་།   
          3 སྡུག་བསྔལ་ཆེ་ཤོས་ཀྱི་མིག་ཆུ་ལྷུང་བ། ཅཱན་ཨེར་གྱིས་རང་ཉིད་བྲོས་པ་དེས་སྐུ་ཞབས་ལོ་ཆེ་སི་ཐེ་ལ་བློ་ཕམ་དང་། སྡུག་བསྔལ་ཆེན་པོ་སྤྲད་པ། ལྷག་པར་དུ་རང་ཉིད་བརྩེ་དུངས་རྣམ་དག་ཞིག་དང་། རང་བཀུར་གྱི་དོན་དུ་ཁོང་དང་བྲལ་དགོས་པར་སྐྱོ་བ་སྐྱེས་ཏེ།  “马车内, 我留下了一生中最伤心的泪 ”ཞེས་སྡུག་བསྔལ་ཆེ་ཤོས་ཀྱི་མིག་ཆུ་ལྷུང་བ་བྲིས་ཡོད། 《ཤ་དང་རུས་པའི་བརྩེ་དུངས》ནང་དུ་ཡང་ཨ་ཁུ་ལྷ་བཟོས་བྲོས་འགྲོ་བ་དང་། པ་ཕའི་སྣང་ཚུལ་ལ་ཕྱིར་དྲན་བྱས་པས་“ཆར་རྒྱུན་ཟམ་ཟིམ་དུ་བབས་པ་དང་། གྲང་རླུང་དལ་བུར་ལྡང་བའི་དུས་སུ། ཕོ་ལོ་ཉི་ཤུའི་ལྷག་རིང་ལ་བཞུར་མ་མྱོང་བའི་མྱ་ངན་གྱི་མཆི་མ་དེ་ཐོག་དང་པོར་ངའི་དཔྲལ་བའི་མིག་གཉིས་ལས་བཞུར། ”ཞེས་བྲིས་ཡོད། དེ་གཉིས་ནང་དུ་སྡུག་བསྔལ་ཆེ་ཤོས་ཀྱི་མིག་ཆུ་ལྷུང་ཞེས་ཚིག་བེད་སྤྱོད་བྱས་པ་ཡང་གཅིག་མཚུངས་རེད་འདུག        ཡང《མི་རྟག་སྒྱུ་མའི་རྨི་ལམ》དུ་ཡང་དེ་དང་འདྲ་བར་“དེ་ནི་ཁོ་རང་གི་མི་ལོ་སུམ་ཅུའི་འཇིག་རྟེན་གྱི་འཚོ་བའི་ནང་གི་སྡུག་བསྔལ་ཆེ་ཤོས་ཡིན་པ་དང་། ཁོ་རང་གི་གངས་དཀར་སེམས་ན་བཞུར་བའི་མིག་ཆུ་དང་པོ་རེད། ”①ཅེས་ཡོད། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གཉིས་ཀྱི་ནང་དུ་ཚིག་གི་བེད་སྤྱད་པ་དེ་གཅིག་མཚུངས་ཡིན་པ་དེ་ལས། ཁོང་གི་སྒྲུང་གཏམ་ནང་གི་ཚིག་དེ《ཅཱན་ཨེར》དང་སྟེས་དབང་གིས་སྟབས་འཁེལ་གཅིག་མཐུན་བྱུང་བ་ཞིག་མིན་པར་ཁོང་ཉིད་ལ《ཅཱན་ཨེར》གྱིས་བག་ཆགས་ཟབ་མོ་བཞག་ཡོད་པ་དེ་རྟོགས་ཐུབ།   
          4 ལས་དབང་ཡང་ཕལ་ཆེར་འདྲ་བ། 《ཅཱན་ཨེར》གྱི་མཇུག་ཏུ་སྐུ་ཞབས་ལོ་ཆེ་སི་ཐེའི་མིག་གཉིས་ལོང་བར་གྱུར་བ་དང་། ལག་པ་གཅིག་འཕྲོ་བརླག་སོང་བ་སོགས་ཀྱི་དབང་པོ་སྐྱོན་ཅན་འཚོ་ཐབས་སྐྱོང་དཀའ་བ་ཞིག་ཏུ་གྱུར་ཡོད། དེ་དང་ཧེ་བག་ཆེན་པོ་མེད་པར《ཤ་དང་རུས་པའི་བརྩེ་དུངས》ནང་དུ་ཨ་ཁུ་ལྷ་བཟོ་ལོག་འགྲོ་དུས་པ་ཕ་ཚེ་ལས་འདས་ཟིན། དེ་ལྟར་བྲིས་ནས་སྔོན་གྱི་བྲོས་འགྲོ་བ་དང་ཐོད་གཏུག་ཡོད་པས་སྒྲུང་གཏམ་ནང་དུ་ནུས་པ་ཆེན་པོ་ཐོན་ཡོད་དེ། སྐུ་ཞབས་ལོ་ཆེ་སི་ཐེ་དབང་པོ་སྐྱོན་ཅན་འཚོ་ཐབས་སྐྱོང་དཀའ་བ་ཞིག་ལས་འདས་པ་མ་བྲིས་པ་དེས། ཅཱན་ཨེར་ཁོང་གི་འགྲམ་དུ་ལོག་པ་དང་། ཅཱན་ཨེར་གྱི་རང་གཤིས་དང་། ལྷག་པར་དུ་བརྩེ་དུངས་དང་། གཉེན་སྒྲིག་སོགས་ལ་འཛིན་པའི་རྣམ་འགྱུར་འབུར་དུ་སྟོན་ཐུབ་ཡོད། ལྷ་བཟོའི་པ་ཕ་འདས་པ་བྲིས་པ་དེས། ཁོང་གི་པ་ཕས་བུ་ལ་བཅངས་པའི་བརྩེ་བ་དང་། བུའི་འགྱོད་པ། སྒྲུང་གཏམ་གྱི་སྐྱོ་ཤས་བཅས་དྲག་ཏུ་གཏོང་བ་སོགས་ཀྱི་ནུས་པ་ཐོན་ཡོད། 
གཉིས། 《ཅཱན་ཨེར》གྱིས《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》ཤན་ཞུགས་ཚུལ།
          《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》ནང་གི་ལྷ་སྒྲུང་དང་འདྲ་བའི་བྱུང་རིམ་དག་ནི《ཅཱན་ཨེར》ལ་བརྟེན་ནས་བློས་བསླངས་བྱས་པ་དང་། དེའི་ཐོག་སླར་བསྒྱུར་བཅོས་ཤུགས་ཆེན་པོ་བྱས་ཡོད་ཀྱང་། རྩོམ་ཡིག་ནང་གི་རྩ་བའི་གྲུབ་ཆ་དག་བསྒྱུར་མེད་པར་གསལ་པོར་ལྷག་ཡོད་དེ། ཅཱན་ཨེར་གྱི་ཕ་མ་ཆུང་དུས་ནས་གྲོངས་ཏེ། ཁུ་བོའི་ཁྱིམ་དུ་བཅོལ་མོད། འོན་ཀྱང་ཁུ་བོ་ཡང་སྔ་རྗེས་སུ་གྲོངས་པས། ཅཱན་ཨེར་གཉེན་ཉེ་མེད་པར་ཁུ་བོའི་ཁྱིམ་དུ་འཚོ་བ་སྐྱེལ་དགོས་བྱུང་། ཁྱིམ་མི་དེ་དག་ཆེ་ཆུང་མེད་པར་ཅཱན་ཨེར་ལ་མཐོང་ཆུང་དང་། བཪྙས་བཅོས་ཁོ་ན་བྱས་པར། ཉིན་གཅིག་ཅཱན་ཨེར་གྱིས་འཁོན་ལན་སློག་རྐྱེན། བདག་མོས་ཅཱན་ཨེར་རང་གི་ཁུ་བོ་གྲོངས་ནས་ལོ་དགུ་ཕྱིན་ཡང་མི་གཅིག་ཀྱང་སྡོད་མཁན་མེད་པའི་མུན་ནག་གི་ཁང་པ་དམར་པོ་དེའི་ནང་བཅུག་པས། ལོ་ཆུང་ཆུང་ཡིན་པའི་ཁོ་མོར་འཇིགས་སྐྲག་ཆེན་པོ་སྐྱེས། ལྷག་པར་དུ་ཁོང་གི་ཁུ་བོའི་རྣམ་ཤེས་འདྲེ་རུ་གྱུར་ནས་རང་གི་ཆུང་མ་ལ་ཉེས་པ་གཏོང་བར་ཡོང་བའི་བསམ་བློ་བྱུང་བ་དང་བསྟུན།  “黑暗中, 我看到一道光闪到屋顶”ཞེས་པ་དང་།  “我觉得那一定是鬼魂, 来自另一个世界的人”དང་།  “是不是什么东西在靠近我”ཞེས་པ་ལྟར་མུན་ནག་ཁྲོད་འོད་ཅིག་ཐོག་པང་ལ་འཕྲོས་ཡོད་པས། ཁོ་མོའི་བསམ་པར་དེ་ནི་འདྲེ་ཞིག་རེད་བསམས་ནས་སྐྲག་སྣང་ཆེན་པོ་སྐྱེས་ནས་དྲན་པ་འཐོར་བ་ཡིན། 《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》དུ་“ང་”སྨག་ནག་པའི་མུན་དོང་དེའི་ནང་དུ་ལྷུང་ནས་དངངས་སྐྲག་ཚད་མེད་སྐྱེས་པའི་སྐོར་ལ“རྒྱང་དོང་དེའི་ཐག་ཅུང་རིང་ས་ནས་མེ་སྟག་ལྟ་བུའི་འོད་གོར་ཆུང་ཆུང་ཡོད”①“ལྷ་འདྲེ་གང་རུང་གི་སྐད་མ་ཐོས་” “རྫུ་འཕྲུལ་གྱི་བྱེད་པོ་དེ་ཡང་སྙིང་སུ་ཡིན་ནམ། ང་རང་འཇིག་རྟེན་གྱི་གོ་ལ་གཞན་ཞིག་ཏུ་བསླེབས་པ་མ་ཡིན་གྲང་། ”དང་“མེ་སྟག་ལྟ་བུའི་འོད་སྒོར་དེ་བདག་དང་ཐག་ཇེ་ཉེ་ཇེ་ཉེར་འོངས་”བྱས་ཁོང་མུན་དོང་དུ་ལྷུང་ནས་འཇིགས་སྐྲག་གི་སྣང་ཚུལ་བྲིས་འདུག་ཅིང་། དེ་བཞིན་མུན་དོང་ན་“བྲག་ཕུག་ཐོག་ཁང་དམར་པོ་བརྩེགས་རིམ་ཅན”དང་འདྲ་བ་གཅིག་འདུག་སོགས་བྲིས་འདུག་པས། མུན་ནག་གི་ཁང་པ་དེ་སྨག་ནག་པའི་དོང་ཞིག་ལ་བསྒྱུར་བ་ཕུད། མུན་ནག་ནང་གི་འོད་དཀར་པོ་དང་། ཁང་པ་དམར་པོ་འདྲེ། འཇིག་རྟེན་གཞན། ཐག་ཇེ་ཉེར་འགྲོ་བ་སོགས་མཚུངས་པར་སྣང་།   
          ཡང་“སྐབས་དེར་ང་རང་ཆུང་དུས་ཕ་ཡུལ་ན་ཡོད་དུས། ལོ་ལོན་རྣམས་ཀྱི་འདྲེ་བཤད་བྱས་པའི་སྐད་ཆ་དེ་རྣམས་དབང་མེད་དུ་ཡིད་ལ་འཁོར་བ་དང་། དུས་མཚུངས་ངའི་དབང་པོ་ཐམས་ཅད་གཞུ་རྒྱུད་འཐེན་པ་ལྟར་འདྲོང་པོར་གྱུར།” “དྲེ་མིང་འབོད་བྱ་བ་དེ་མི་གཉོམ་ཆུང་ལ་བཪྙས་བཅོས་དང་ཐུབ་རྩོད་བྱས་པ་ཡིན”ཞེས་ཅཱན་ཨེར་ཁུ་བོ་ཤི་པོའི་རྣམ་ཤེས་འདྲེ་རུ་གྱུར་ནས་ཡོང་བར་སྐྲག་པ་དང་། ཅཱན་ཨེར་ལ་་ཁྱིམ་ཚང་དེས་ཐུབ་རྩོད་དང་བཪྙས་བཅོས་བྱེད་ཀྱི་ཡོད་པས་ཚིག་དག་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ནང་དུ་ཡང་མངོན་ཡོང་གི་འདུག  
          དེ་ནས་ཅཱན་ཨེར་དྲན་པ་སོས་རྗེས། སྨན་པ་རྒན་པོ་ལོ་ཡི་ཏ་དང་གཡོག་མོ་པེ་ཤི་རང་གི་གམ་དུ་ཡོད་པ་མཐོང་བ་དང་། སྨན་པ་རྒན་པོས་ཁོང་ལ་སྨན་བཅོས་བྱས་རྗེས་“告诉贝西要好好照顾我”ཞེས་པ་ལྟར་གཡོག་མོར་ཅཱན་ཨེར་ལ་ལྟ་རྟོགས་ཡག་པོ་བྱེད་དགོས་པའི་ཁ་ཏ་བྱས། ཐེངས་རྗེས་མར་ཁོང་སླར་ཡང་ཡོང་དུས་ཅཱན་ཨེར་ལ་སེམས་སྡུག་ཆེན་པོ་ཡོད་པ་མཐོང་བས། བདག་མོ་ལ་རེ་བ་ཞུས་ནས་ཅཱན་ཨེར་སློབ་གྲྭར་འགྲོ་བའི་མཐུན་རྐྱེན་བསྐྲུན། ཅཱན་ཨེར་ངོས་ནས་ཁྱིམ་དེའི་བཪྙས་བཅོས་དང་། མཐོང་ཆུང་ལས་གྲོལ་ཏེ་སློབ་གྲྭར་འགྲོ་རྒྱུ་ནི་རང་དབང་ཐོབ་པ་དང་། སྡུག་བསྔལ་ལས་བསྒྲལ་ཏེ་ལྷ་ཡུལ་དུ་འགྲོ་བ་དང་གཉིས་སུ་མ་མཆིས། དེ་ཡང་དོན་གྲུབ་རྒྱལ་གྱིས《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》དུ་སྨན་པ་རྒན་པོ་དེ་དྲང་སྲོང་རྒན་པོ་ཞིག་དང་། གཡོག་མོ་དེ་བུད་མེད་ཅིག་ཏུ་བསྒྱུར་ནས“ང་དྲན་པ་སོས་པ་ན། ངའི་མདུན་དུ་བུ་མོ་གཞོན་ནུ་མ་ཞིག་དང་། དྲང་སྲོང་རྒན་པོ་ཞིག”①ཡོད་པ་དང་། དྲང་སྲོང་གིས་བུ་མོ་དེར་”ཚེ་རིང་མ་ཁྱོད་ཀྱིས་ཁོ་ལ་ཞབས་ཏོག་གྱིས་ཟེར”②ཞེས་བྲིས་ཡོད། དེ་ནས་སྨན་པ་རྒན་པོས་ཅཱན་ཨེར་སློབ་གྲྭར་འགྲོ་བའི་མཐུན་རྐྱེན་བསྐྲུན་པ་དང་འདྲ་བར། དྲང་སྲོང་གིས་ “ཁྱོད་རང་ལྷ་ཡུལ་དུ་འགྲོ་བའི་མཐུན་རྐྱེན་ཐམས་ཅད་ངས་སྦྱར་ཟིན”③ཞེས་བཤད་འདུག་པ་དག་ལས་ང་ཚོས《བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད》དེའི་གསར་རྩོམ་གྱི་བསམ་བློ་དང་རྩོམ་རྒྱུ་《ཅཱན་ཨེར》ལས་བླངས་ནས་བསྒྱུར་བ་ཡིན་པ་མངོན་གསལ་དུ་མཐོང་ཐུབ། གོང་འཁོད་ལྟར་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་སྤྱི་དང་བྱེ་བྲག་སོ་སོར་《ཅཱན་ཨེར》གྱི་ཤན་ཞུགས་ཚུལ་གྱི་དཔྱད་པ་རེ་ཞིག་འདི་ཙམ་གྱིས་རྫོགས་པར་དགེའོ།། ། །   
          (རྩོམ་པ་པོ་ངོ་སྤྲོད། དོན་གྲུབ་ཚེ་རིང་། ཕ་ཡུལ། བོད་ལྗོངས་ལྷོ་ཁ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པ། ) 
          (མཛུབ་སྟོན་དགེ་རྒན། ཚེ་རིང་ཐར། )
① དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་charlotte Bronte(夏洛蒂.勃朗特) ཡི་སྒྲུང་གཏམ《Jane Eyrc》 (简爱) ལ་གོ།
① བློ་བཟང་ཆོས་རྒྱལ་གྱིས་གཙོ་སྒྲིག་བྱས། རང་གྲོལ་ཞིབ་འཇུག[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོར། ཤོག་ངོས་120
② སྤྱི་ལོ་2013ལོའི་ཟླ་5ཚེས་22ཀྱི་པེ་ཅིང་དུས་ཚོད་15ཡི་སྐབས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཐོག་ཁང་གི་ཐོག་བརྩེགས་བཅུ་བཞིའི་བོད་རིག་པ་ཞིབ་འཇུག་གླིང་གི་གྲོས་ཚོགས་ཁང་དུ། 
①王婷婷《谈简爱的文学渊源》[J] 昭通师校学报, 2006年34页
② 李红萍《论简爱人格形象的塑造》[J]泉州师专学报, 社会科学版,   l998年34页
① བློ་བཟང་ཆོས་རྒྱལ་གྱིས་གཙོ་སྒྲིག རང་གྲོལ་ཞིབ་འཇུག[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོར། ཤོག་ངོས་38
①周小娟:  “坦白” 仪式的文学呈现 一再论<简爱>叙述者与读者的关系  [J] ,北京航空航天大学学报,201 l 年 1 月第一期,  99 页。
② 勃朗特著, 黄源深译:  简爱[M] ,译林出版社 , 2006年版,      l l2页。
③ གོང་གི་དེབ་དེའི་ཤོག་ངོས་418
④ གོང་གི་དེབ་དེའི་ཤོག་ངོས་509
⑤ གོང་གི་དེབ་དེའི་ཤོག་ངོས་543
⑥ གོང་གི་དེབ་དེའི་ཤོག་ངོས་576
⑦ དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གཉིས་པ[M] མི་རིགས་དཔེ་སྐྲུན་ཁང་། 1997ལོར། ཤོག་ངོས་230
⑧ གོང་གི་དེབ་དེའི་ཤོག་ངོས་226
⑨ གོང་གི་དེབ་དེའི་ཤོག་ངོས་222
① 勃朗特著: 简爱. [M], 牛津大学出版社, 203页。
② དོན་གྲུབ་རྒྱལ།     དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གཉིས་པ[M]
མི་རིགས་དཔེ་སྐྲུན་ཁང་། 1997ལོར།  ཤོག་ངོས་185
③ གོང་གི་དེབ་དེབ་དེའི་ཤོག་ངོས་ l86
① གོང་གི་དེབ་དེབ་དེའི་ཤོག་ངོས་ 337
② དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གཉིས་པ[M]མི་རིགས་དཔེ་སྐྲུན་ཁང་། 1997ལོར། ཤོག་ངོས་364
① དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གཉིས་པ[M]མི་རིགས་དཔེ་སྐྲུན་ཁང་། 1997ལོར། ཤོག་ངོས་382
② གོང་གི་དེབ་དེའི་ཤོག་ངོས་384
③གོང་གི་དེབ་དེའི་ཤོག་ངོས་384

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1