གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

རྡོ་རྗེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༣ཉིན།

༄༅།། ཨ་ལན་ཟླ་བ་སྒྲོལ་མ།

དབྱངས་ཀྱི་འགྱུར་ཁུགས་ཕ་ཡུལ་ལ་བཏེགས་པའི་ཨ་ལན་ཟླ་བ་སྒྲོལ་མ།


        ཨ་ལན་ཟླ་བ་སྒྲོལ་མ་ལ་ཀུན་གྱིས་ཨ་ལན་ཞེས་འབོད་ལ། 1987ལོའི་ཟླ་7པའི་ཚེས་25ཉིན་སི་ཁྲོན་དར་མདོ་རུ་སྐྱེས་ཤིང་། ཕ་ཡུལ་ནི་སི་ཁྲོན་རོང་བྲག་གི་ཡིན། མོ་ནི་གྲོང་ཁྱེར་ཁྲེན་ཏུའུ་ནས་ནར་སོན་པའི་བོད་ཀྱི་གླུ་མ་གྲགས་ཅན་ཞིག་ཡིན།
ཕུགས་བསམ་དང་འཚོལ་སྙེག
        ཨ་ལན་ལོ་བརྒྱད་ཀྱི་སྟེང་དུ་གླུ་གར་སློབ་གཉེར་གྱི་བགྲོད་ལམ་དུ་ཞུགས་ཤིང་། ཁོ་མོ་གྲོང་ཁྱེར་ཁྲེན་ཏུའུ་ཡི་སི་ཁྲོན་རོལ་དབྱངས་སློབ་གླིང་གི་ཁོངས་གཏོགས་སློབ་འབྲིང་དུ་ཞུགས་པའི་སྐལ་བ་བྱུང་ནས། རྒྱུད་གཉིས་པི་ཝང་ཆེད་སྦྱོང་ལ་འབད་པ་བྱས། 2003ལོའི་ཟླ་9པར་པེ་ཅིན་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་སྒྲ་དབྱངས་སྡེ་ཁག་ཏུ་ཞུགས་པ་དང་། 2004ལོར་དེང་རབས་བུད་མེད་ཀྱི་ཕུལ་བྱུང་རོལ་དབྱངས་རུ་ཁག་ཏུ་ཞུགས། 2006ལོར་སྐབས་དགུ་པའི་ཡ་གླིང་རོལ་དབྱངས་དུས་ཆེན་གྱི་ཀྲུང་གོའི་ནང་ལོགས་ཀྱི་གསར་སྐྱེས་གླུ་པའི་འགྲན་བསྡུར་དུ་ཞུགས་ཤིང་། སྡོམ་སྐར་0.005ཡི་བར་ཁྱད་ཤོར་ནས་ཨང་གཉིས་པའི་གྲུབ་འབྲས་ཐོབ། མོའི་ཁྱད་དུ་འཕགས་པའི་རོལ་དབྱངས་ཀྱི་བྱང་ཆ་དང་མཛེས་པའི་གཟུགས་བྱད་ཀྱི་དབང་གིས་མོ་རང་སློབ་ཆེན་ལས་སློབ་མཐར་མ་ཕྱིན་གོང་འཇར་པན་ཨེ་ཧའེ་རོལ་དབྱངས་སྤྱི་ཁྱབ་པུའུ་ཡི་ཡིད་ལ་བབས་ནས། འཇར་པན་ཨེ་ཧའེ་སྤྱི་ཁྱབ་པུའུ་ལ་གན་རྒྱ་བཞག་པའི་ཀྲུང་གོའི་གླུ་མ་དང་པོར་གྱུར། འཇར་པན་ཨེ་ཧའེ་རོལ་དབྱངས་སྤྱི་གཉེར་ཁང་གིས་ཀྲུང་གོ་དང་ཀྲུང་གོའི་ཐའེ་ཝན། ཨ་རི། དབྱིན་ཇི་སོགས་རྒྱལ་ཁབ་མང་པོར་ཡན་ལག་སྤྱི་གཉེར་ཁང་བཙུགས་ཡོད་པ་དང་། ཀྲུང་གོའི་སྐད་དུ་གན་རྒྱ་བཞག་པའི་ཀྲུང་གོའི་གླུ་པ་གྲགས་ཅན་ལ་ལིའུ་ཏེ་ཧྭ་དང་ཝང་ཞིན་ལིན། ལའོ་ཀྲི་ཞང་སོགས་ཡོད། ཡིན་ནའང་། ད་བར་དུ་འཇར་པན་ཨེ་ཧའེ་སྤྱི་ཁྱབ་པུའུ་ལ་གན་རྒྱ་བཞག་པའི་ཀྲུང་གོའི་བོད་ཀྱི་གླུ་མ་ཨ་ལན་ཟླ་བ་སྒྲོལ་མ་གཅིག་པུ་ཡིན་པ་རེད།
2007ལོའི་ཟླ་11པའི་ཚེས་21ཉིན། ཨ་ལན་ཟླ་བ་སྒྲོལ་མས་འཇར་པན་སྐད་ཀྱི་གླུ་གཞས་《སང་ཉིན་གྱི་གཞས་ཆུང་།》ཞེས་པ་ཐོག་མར་འགྲེམ་སྤེལ་བྱས་ཏེ། གངས་ཅན་བོད་པའི་ཐུན་མིན་གྱི་དབྱངས་རྟ་ལ་བརྟེན་ནས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ། ཨ་ལན་ཟླ་བ་སྒྲོལ་མ་ལ་ཧྲང་ཧའེ་ཡ་གླིང་རོལ་དབྱངས་དུས་ཆེན་གྱི་ཨང་གཉིས་པའི་བྱ་དགའ་དང་སྐབས་28པའི་ཞང་ཀང་གསེར་འདྲ་བྱ་དགའ་ཡི་ཆེས་ཕུལ་དུ་བྱུང་བའི་མ་རྩོམ་གློག་བརྙན་གླུ་གཞས་དང་ཀྲུང་གོའི་གསེར་གྱི་གླུ་གཞས་བྱ་དགའ་ཡི་ནང་ཚན་ཆེས་ཕུལ་དུ་བྱུང་བའི་བརྙན་ཟློས་ཆེད་གཞས་བྱ་དགའ་སོགས་བྱ་དགའ་མང་པོ་ཐོབ།
        ཏུང་ཅིན་གླུ་ལེན་འཁྲབ་སྟོན་དང་ཏ་པན་གླུ་ལེན་འཁྲབ་སྟོན། ཨ་ལན་ཁྱིམ་རྒྱུད་ཀྱི་ཏུང་ཅིན་འདུ་འཛོམས་ཆེན་མོའི་གླུ་ལེན་འཁྲབ་སྟོན། ཨ་ལན་ཡ་གླིང་འགྲིམ་པའི་གླུ་ལེན་འཁྲབ་སྟོན་གྱི་ཁྲེན་ཏུའུ་འཁྲབ་སྟོན་སོགས་མང་པོ་སྤེལ་ནས་སྙན་པའི་གཞས་ཆུང་ཀུན་གྱི་རྣ་བའི་བཅུད་དུ་སྨིན་པ་རེད། གློག་བརྙན་ལྡེབས་རྗེན་སྟོད་སྨད་ཀྱི་གླུ་གཞས་གཙོ་བོ《ཡིད་ཀྱི་རྩོད་པ།》དང་《ཡུན་རིང་གི་ཆུ་བོ།》 བརྙན་འཕྲིན་ཟློས་གར་ཧྭ་ཆན་ཀུའུ་ཡི་གླུ་གཞས་གཙོ་བོ《ཆན་ཀུའུ།》སོགས་གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་གྱི་གླུ་གཞས་གཙོ་བོ་བཅུ་ཕྲག་འགའ་དབྱངས་སུ་གྱེར་ཡོད།
ཕ་ཡུལ་དང་བརྩེ་བ།
        2011ལོའི་ཟླ་11པའི་ཚེས་18ཉིན། ཞིན་ལིང་གིས་2011ལོའི་ཁེར་གཞས་《ང་རང་ཕ་སར་ལོག་པ།》ཞེས་པ་ཐོག་མར་བཏང་། དེ་དང་སྦྲགས་ཟླ་11པའི་ཚེས་22ཉིན་གླུ་གཞས་སྤྱི་གཉེར་ཁང་ལི་ཧྭ་རོལ་རྩེད་ལ་གན་རྒྱ་བཞག ཟླ་12པའི་ཚེས་12ཉིན་ཧྲང་ཧའེ་ཝེ་ཐན་པར་དེབ་ཀྱི་ལོ་འཁོར་བཅུ་ཡི་མཛད་སྒོར་ཞུགས་ནས་《ང་རང་ཕ་སར་ལོག་པ།》དབྱངས་སུ་གྱེར། 2012ལོའི་ཟླ་དང་པོར་པེ་ཅིན་བརྙན་འཕྲིན་ཁང་གི་དྲ་ཐོག་ལོ་སར་དགོང་ཚོགས་ལ་ཞུགས་ནས་ཡུལ་དངོས་ནས་གླུ་གཞས་《ཡིད་ཀྱི་རྩོད་པ།》བླངས། 2013ལོའི་ཟླ་དང་པོར་ཁམས་པའི་བརྙན་འཕྲིན་བོད་ཀྱི་ལོ་སར་དགོང་ཚོགས་ལ་ཞུགས་ཤིང་《བྱ་རྒྱལ་ཁྱུང་ཆེན།》དབྱངས་སུ་གྱེར་བ་དང་། བོད་ལྗོངས་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ཞུགས་ནས་《བརྩེ་བ་དྭངས་མོ།》ཞེས་པ་བླངས། དེ་མིན་ནང་ལོགས་ཀྱི་འཁྲབ་སྟོན་སྣ་ཚོགས་ལ་ཞུགས་ནས་སྐད་ངག་གི་འགྱུར་ཁུགས་སྙན་མོས་ལྟད་མོ་བ་ཁྲི་སྟོང་གི་ཡིད་སེམས་གསོས།
འཇོན་ཐང་དང་གྲུབ་འབྲས།

        2009ལོའི་ཟླ་9པའི་ཚེས་29ཉིན། གདན་དྲངས་པ་ལྟར་ཀྲུང་འཇའ་མཁའ་ལམ་ཤར་གཏོང་གི་ལོ་འཁོར་35ལོན་པའི་རྗེས་དྲན་མཛད་སྒོར་ཞུགས། 2009ལོའི་ཟླ་12པར། ཀྲུང་གོའི་སྐབས་དེ་དུས་ཀྱི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕིང་གིས་འཇར་པན་ལ་འཚམས་འདྲི་མཛད་སྐབས། དབུ་བཞུགས་བློན་ཆེན་ཅིའུ་ཧྲན་ཡུས་ཧྥུ་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད། 2010ལོའི་ཟླ་དང་པོར་ཨ་ལན་གྱི་སྒེར་གྱི་གླུ་ལེན་འཁྲབ་སྟོན་ལ་ཀྲུང་གོར་སྡོད་པའི་འཇར་པན་གྱི་ཕོ་ཉ་ཆེན་པོ་ཚའེ་ཐེན་ཁེ་ཡིས་མེ་ཏོག་ཕུལ་བ་དང་། 2010ལོའི་ཟླ་5པའི་ཚེས་30ཉིན། ཙུང་ལི་ཝུན་ཅ་པའོ་ཡིས་འཇར་པན་ལ་འཚམས་འདྲི་མཛད་སྐབས་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད། 2010ལོའི་ཟླ་6པའི་ཚེས་12ཉིན། ཀྲུང་འཇའ་རིག་གནས་སྤེལ་མཁན་དང་འབྲེལ་གཏུག་ཕོ་ཉ་ཞིག་ཡིན་པའི་ཆ་ནས། གདན་དྲངས་པ་ལྟར་འཇར་པན་རྒྱལ་ཁབ་ཕོ་བྲང་གི་འཁྲབ་སྟོན་ལ་ཞུགས་ཤིང་། ཡུལ་དངོས་ནས་ཀྲུང་འཇའ་སྐད་གཉིས་ཀྱི་ལམ་ནས་2008ལོའི་ཝུན་ཁྲོན་ས་འགུལ་ཆེན་མོར་ཆེད་དུ་བརྩམས་པའི་གླུ་གཞས《བྱམས་བརྩེ་ཡི་ལག་ཟུང་།》ཞེས་པ་བླངས། དེ་ལྟར་མོ་ནི་ཀྲུང་གོ་དང་འཇར་པན་མཛའ་འབྲེལ་འགྲོ་འོང་གི་བདེན་དཔང་དུ་གྱུར་པའི་བོད་པའི་གླུ་མ་གྲགས་ཅན་ཞིག་ཡིན་ནོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1