༄༅།། གཉེན་བསྒྲིགས་ན་ནད་རིགས་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19


        ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་ཡིན་ན་མིའི་མནོན་ཤུགས་ཇེ་ཡང་དུ་བཏང་ནས་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད།ཉེ་ཆར།ཨ་མེ་རི་ཁའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་འབྲས་སྐྲན་སྔོན་འགོག་ལས་ཁུངས་ཀྱི་འབུམ་རམས་པ་སི་ཅཱ་ཐེ·ཀོ་མའེ་སི་ཡིས་མངའ་སྡེའི་འབྲས་སྐྲན་ཐོ་འགོད་ཁྲུའུ་ནས་འབྲས་སྐྲན་བྱུང་བའི་བུད་མེད40དང་སྐྱེས་པ40ཡི2000ལོ་ནས2009ལོའི་རིང་གི་གཞི་གྲངས་ལ་ཞིབ་འཇུག་བྱས་པ་ན།གཉེན་སྒྲིག་བྱས་ཟིན་པའི་འབྲས་སྐྲན་བྱུང་བའི་ནད་པ་དྲག་སྐྱེད་འབྱུང་ཚད་མངོན་གསལ་གྱིས་མཐོ་བ་ཤེས།
གཉེན་སྒྲིག་བྱས་ཟིན་པའི་འབྲས་སྐྲན་བྱུང་བའི་ནད་པ་དྲག་སྐྱེད་འབྱུང་ཚད་ཧ་ཅང་མཐོ།
        ཀོ་མའེ་སི་ཞིབ་འཇུག་ཚོགས་པས་ཤེས་པ་ལྟར་ན། གཉེན་སྒྲིག་མ་བྱས་པའི་སྐྱེས་པར་འབྲས་སྐྲན་བྱུང་བ་ཤི་ཚད་དེ་གཉེན་སྒྲིག་བྱས་ཟིན་པའི་སྐྱེས་པར་འབྲས་སྐྲན་བྱུང་བའི་ནད་པ་ལས་ཤི་ཚད22%ཀྱིས་མཐོ་བ་དང་།གཉེན་སྒྲིག་བྱས་མེད་པའི་བུད་མེད་ལ་འབྲས་སྐྲན་བྱུང་ནས་ཤི་ཚད་དེ་གཉེན་སྒྲིག་བྱས་ཟིན་པ་ལས15%ཡིས་མཐོ་བ་རེད།ཀོ་མའེ་སི་ཡིས་བཤད་རྒྱུར།“འབྲས་སྐྲན་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་མོད།འོན་ཀྱང་ཁྱོད་ཀྱི་གམ་དུ་སྡུག་གཏམ་ལ་ཉན་མཁན་ཞིག་དང་།སེམས་སྟེང་གི་མནོན་ཤུགས་འཁུར་རོགས་བྱེད་མཁན་ཞིག་ཡོད་པ་དེ་ནི་དངོས་གནས་དགའ་འོས་པ་ཞིག་རེད།”
        བཟའ་ཟླའི་བར་གྱི་ཁ་བརྡ་དང་སློབ་གསོ་ནི་ཧ་ཅང་གལ་ཆེན་ཡིན། འབྲས་སྐྲན་བྱུང་བའི་ནད་པས་ཡུན་རིང་བོར་ནད་སྡུག་མྱངས་པ་དང་ཡུན་རིང་པོར་གསོ་བཅོས་བྱས་པའི་དབང་གིས་སེམས་པ་བག་ལ་ཕེབས་མི་ཐུབ་པ་རེད།གསོ་བཅོས་ཀྱི་གོ་རིམ་སྡུག་པོ་དེའི་ཁྲོད་དུ་ནད་པར་ཡི་མུག་པ་དང་འཇིག་སྔངས་སྐྱེས་སྲིད་ལ།དེའི་སྐབས་སུ་བཟའ་ཟླ་གམ་དུ་ཡོད་ན།ནད་པས་སེམས་ཁོངས་ཀྱི་སྡུག་བསྔལ་ཡོད་ཚད་བཟའ་ཟླར་བཤད་པ་དང་།ཅིག་ཤོས་ཀྱིས་ཀྱང་སེམས་ཞིབ་མོས་མཉན་ནས་ནད་པའི་སྡུག་བསྔལ་རྟོགས་ན།ནད་པའི་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུག་ནས།མུ་མཐུད་དུ་གསོ་བཅོས་བྱེད་པའི་ཐད་ཡིད་ཆེས་སྦྱིན་ཐུབ།བཟའ་ཟླའི་བར་དུ་གཅིག་བརྗོད་མཁན་དང་གཅིག་ཉན་མཁན་བྱས་ཏེ།གཅིག་གིས་སྤོབས་པ་ཆེན་པོས་སེམས་ཀྱི་སྡུག་བསྔལ་དང་འཇིགས་པ་བཤད་པ་དང་།ཅིག་ཤོས་ཀྱིས་སེམས་ཞིབ་མོས་ཉན་ནས་དེའི་སྡུག་བསྔལ་རྟོགས་པར་བྱས་ན།ནད་གཞི་དྲག་སྐྱེད་འབྱུང་བར་ཕན་པ་ཆེན་པོ་ཡོད་པར་མ་ཟད་བཟའ་ཟླའི་བར་གྱི་བརྩེ་འདང་ཡང་ཇེ་ཟབ་ཏུ་གཏོང་ཐུབ།
        བུ་ཕྲུག་གི་བདག་སྐྱོང་ཧ་ཅང་གལ་ཆེ།ཕ་མ་གཉིས་ཀྱི་བརྩེ་འདང་ཟབ་པའི་ཁྱིམ་ཚང་དུ་ནར་སོན་པའི་བྱིས་པའི་ནང་སེམས་སུ་བརྩེ་བ་དང་དྲོད་སྐྱིད་ཀྱིས་ཁེངས་ཡོད་པས།ཕ་མའི་དྲིན་ཚོར་ཞིང་དྲིན་ལན་འཇལ་ཤེས་པ་རེད།ཕ་མ་གཉིས་ཀྱི་གཅིག་ལ་འབྲས་སྐྲན་འབྱུང་སྐབས་བུ་ཕྲུག་གིས་བདག་སྐྱོང་དང་ནད་གཡོག་བྱས་ན་ནད་པའི་སྡུག་བསྔལ་ཇེ་ཡང་དུ་འགྲོ་བ་དང་ནད་གདོན་ལ་འཐབ་འཛིང་བྱེད་པའི་ཡིད་ཆེས་ཀྱང་ཇེ་བརྟན་དུ་འགྲོ་བ་རེད།

བཟའ་ཟླའི་བར་གྱི་བརྩེ་འདང་ནི་ནད་རིགས་གསོ་བཅོས་བྱེད་པའི་སྨན་མཆོག་ཡིན།
        ཀོ་མའེ་སི་ཚོགས་པའི་ཞིབ་འཇུག་ལྟར་ན།བཟའ་ཟླའི་བར་གྱི་བརྩེ་མདང་ཟབ་ན་མདུན་ཆགས་རྨེན་འབྲས་དང་ནུ་འབྲས་གསོ་བཅོས་བྱེད་པར་ཕན་པ་ཆེན་པོ་ཡོད་པར་མ་ཟད།ད་རུང་སྙིང་གི་ཁྲག་རྩ་བདེ་ཐང་ཡོང་བར་ཕན་ཞིང་།ཨལ་ཟེ་མེར་ནད(阿尔茨海默症)འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་བཏང་ནས།སེམས་ཁམས་བདེ་ཐང་ཡོང་བར་བྱེད་ཐུབ།ཀྲུང་གོ་གསོ་རིག་ཚན་རིག་གླིང་འབྲས་སྐྲན་སྨན་ཁང་འབྲས་སྐྲན་སྔོན་འགོག་ཚན་ཁག་གི་དགེ་རྒན་ཆེན་མོ་ཡོན་ཧྥུན་ལན་གྱིས་བསྟན་དོན།བཟའ་ཟླའི་བར་གྱི་བརྩེ་འདང་ཟབ་ན་སྤྱིར་བཏང་གིས་སེམས་ཁམས་བཟང་པོ་ཞིག་ཡོད་པས།སེམས་ཁམས་བཟང་པོ་ཡོད་པ་དེ་ནི་ནད་རིགས་གསོ་བཅོས་བྱེད་པའི་སྨན་མཆོག་ཡིན་ལ། དེ་ལས་གཞན་ད་རུང་བཟའ་ཟླའི་བར་གྱི་བརྩེ་འདང་ཟབ་ན་གཉིད་སྐྱིད་པོ་རོལ་བར་ཕན་པ་རེད།གལ་ཏེ་དུས་ཡུན་རིང་པོར་གཉིད་སྐྱིད་པོ་ཞིག་རོལ་མ་ཐུབ་ན།ལུས་སྟེང་གི་ནང་གནས་ཟགས་ཐོན་ལ་གཏོར་བརླག་ཐེབས་པ་དང་།རིམས་འགོག་ནུས་པ་ཇེ་དམའ་རུ་བཏང་སྟེ།ནད་རིགས་སྣ་ཚོགས་འབྱུང་བ་རེད།དེ་ལས་ལྡོག་སྟེ་གཉིད་སྐྱིད་པོར་རོལ་ཐུབ་པ་དང་སེམས་ཁམས་སྐྱིད་པོ་ཡོང་ན་ནང་གི་ཟགས་ཐོན་དོ་མཉམ་ཡོང་བར་ཕན་པ་ཡོད་པ་དང་།ནང་གི་ཟགས་ཐོན་དོ་མཉམ་ཡོང་ན་སྐྱེས་པར་མདུན་ཆགས་རྨེན་འབྲས་དང་བུད་མེད་ལ་ནུ་འབྲས་དང་མངལ་འབྲས།བསམ་སེའུ་འབྲས་སྐྲན་སོགས་འབྱུང་ཚད་ཇེ་དམའ་རུ་འགྲོ་བ་རེད། བུད་མེད་རྣམས་ལ་ལྷག་ཏུ་སེམས་ཁམས་མི་སྐྱིད་པའི་དབང་གིས་ཡི་མུག་པའི་ནད་འབྱུང་སླ་མོད།འོན་ཀྱང་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ལ་ཡི་མུག་པའི་ནད་འབྱུང་བའི་ཚད་ཧ་ཅང་དམའ།བཟའ་ཟླའི་བར་གྱི་བརྩེ་འདང་ཟབ་ན་སེམས་ཁམས་སྐྱིད་པོ་ཡོང་བས་ཡི་མུག་པ་སོགས་སེམས་ཁམས་སྟེང་གི་ནད་རིགས་འབྱུང་བའི་ཉེན་ཁ་ཧ་ཅང་ཆུང་། ཆེད་མཁས་པས་ད་རུང་བཤད་རྒྱུར། འཚོ་བའི་གོམས་སྲོལ་མི་ལེགས་པ་ནི་དལ་གཤིས་ནད་རིགས་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་སྟེ།དཔེར་ན་སྣུམ་ཟས་བཟའ་རྒྱུར་དགའ་བ་དང་རྒྱས་བཟའ་རྒྱས་འཐུང་བྱས་པ་ལས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད།ཀླད་སྙིང་ཁྲག་རྩའི་ནད་སོགས་འབྱུང་བ་རེད།བཟའ་ཟླའི་བར་གྱི་བརྩེ་འདང་ཟབ་ན་ཕན་ཚུན་གྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་སོང་ནས།བདེ་ཐང་མིན་པའི་བཟའ་བཏུང་རོལ་སྟངས་དང་ངལ་གསོ་བྱེད་སྟངས་བསྒྱུར་ཐུབ་པར་མ་ཟད།ཕན་ཚུན་གྱི་གོམས་སྲོལ་ངན་པར་ལྟ་སྐུལ་བྱེད་ངེས་རེད།

ཁྱིམ་ཚང་སྐྱིད་པོ་ཡོང་བའི་ཐབས་ལམ།
        ཕན་ཚུན་གྱི་གོམས་སྲོལ་ངན་པ་བསྒྱུར་རོགས་བྱས་ཏེ།མཉམ་དུ་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་པ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་ནི་ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་ཡོང་བའི་གསང་མིག་ལྟ་བུ་ཡིན།དེས་བཟའ་ཟླའི་བརྩེ་འདང་ཇེ་ཟབ་ཏུ་གཏོང་བར་མ་ཟད།ཕྱོགས་གཉིས་ཀའི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་གཏོང་ཐུབ། བཟའ་ཟླ་གཉིས་ཀ་རྒྱུན་དུ་མཉམ་པོར་འདུག་དགོས་པའི་དབང་གིས་གཅིག་གི་གོམས་སྲོལ་གྱིས་ཅིག་ཤོས་ལ་ཤུགས་རྐྱེན་ཐེབས་ཏེ་རིམ་གྱིས་གཅིག་མཚུངས་སུ་འགྱུར་བཞིན་ཡོད།མི་ཞིག་གི་ལོ་མང་རིང་གོམས་པའི་གཤིས་ཀ་ངན་པ་བསྒྱུར་རྒྱུ་དེ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་པས།དེ་ལ་རང་ཉིད་ཀྱི་ཆོད་སེམས་དང་སྙིང་སྟོབས་ཆེན་པོ་དགོས་ལ།ཁྱིམ་མིའི་རྒྱབ་སྐྱོར་དང་སྐུལ་ལྕག་ཡང་མཁོ།དེ་བས་བདག་གཞན་བརྗེ་རེས་ཀྱི་བསམ་གཞིགས་བཏང་སྟེ།བཀའ་ཁག་དང་འཕྲད་པའི་སྐབས་སུ་ཕན་ཚུན་ལ་ལྟ་སྐུལ་དང་སྐུལ་ལྕག་བྱས་ཏེ།མཉམ་དུ་ཧུར་བརྩོན་བྱེད་དགོས།ལུས་སྦྱོང་བྱེད་པའི་སྐབས་སུ་ལུས་སྟེང་དུ་དོ་ཕ་ཨེན་ཟགས་ཐོན་བྱེད་ཀྱིན་ཡོད་ལ།རྫས་འགྱུར་དངོས་པོ་འདིའི་རིགས་ཀྱིས་ལུས་སེམས་ལ་བདེ་སྣང་སྟེར་ཐུབ་པ་དང་།སེམས་ཁམས་སྐྱིད་པོ་བྱུང་ན་ནད་གདོན་ལ་འཐབ་པར་ཕན་པ་ཡོད།བཟའ་ཟླ་གཉིས་ཀྱིས་རང་ཉིད་ཀྱི་གནས་ཚུལ་ལྟར།ཕྱོགས་གཉིས་ཀར་ཕན་པའི་ལུས་སྦྱོང་ཞིག་བདམས་ནས་མཉམ་དུ་ལུས་སྦྱོང་བྱས་ན།བཟའ་ཟླའི་བར་གྱི་བརྩེ་འདང་ཇེ་ཟབ་ལ་འགྲོ་བས་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1