༄༅།། གཉེན་རྟགས་བརྒྱབ་པའམ་གཉེན་སྟོན་བྱས་པ་ནི་གཉེན་སྒྲིག་གི་གོ་རིམ་ངེས་ཅན་ཞིག་ཡིན་ནམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



གྱོད་དཔེ།
    དབང་མོ་དང་དོན་གྲུབ་རྒྱལ་གཉིས་ནི་སྡེ་བ་གཅིག་གི་མི་ཡིན་ལ། ཆུང་དུས་ནས་རྩེད་ར་གཅིག་ཏུ་ནར་སོན་པ་དང་མཉམ་དུ་སློབ་གྲྭ་སོང་སྟེ་ཤེས་བྱའི་བདུད་རྩི་ལ་རོལ་འདོད་ནའང་། རྒྱུ་རྐྱེན་དུ་མ་ཞིག་གིས་དབང་མོ་མཐོ་འབྲིང་གི་སྐབས་སུ་སློབ་བྱོལ་བྱས་ཏེ་ནོར་ལུག་གི་རྗེས་རྙེག་དགོས་བྱུང་། དོན་གྲུབ་ལ་མཚོན་ན། ཁྱིམ་ཚང་ཆ་རྐྱེན་བཟང་ཞིང་རང་ཉིད་ཀྱི་རྒྱུགས་འབྲས་ཀྱང་ཤིན་ཏུ་ལེགས་པས་ནུབ་བྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་སོང་། གྲོང་མཁར་གྱི་ཟང་ཟིང་གི་འཚོ་བ་དང་བུད་མེད་མཛེས་མའི་བསླུ་བྲིད་ཀྱི་དབང་གིས། འཇིག་རྟེན་འཁོར་བའི་གྲོང་ཁྱེར་འདི་ནས་རང་བློ་འབབ་པའི་དགའ་རོགས་ཤིག་འཚོལ་དགོས་འདོད་དེ། ཕ་ཡུལ་སི་ཁྲོན་ཡིན་པའི་བུ་མོ་ཞིག་བཙལ་ཏེ་ཁྱིམ་གཅིག་ལ་སྨོན་ལམ་བཏབས། སློབ་མཐར་ཕྱིན་ལ་ཉེ་བའི་ལོ་སར་གྱི་སྐབས་སུ། དོན་གྲུབ་ཀྱིས་གནས་ཚུལ་དེ་ཨ་ཕར་ཞུས་པ་ན། ཨ་ཕས་གཉེན་གྱི་ཁ་ཐག་རིང་སོང་སྙམ་སྟེ་མྱུར་དུ་ཁོ་ཚང་གི་གཉེན་ཉེ་ཚང་མ་བསྡུས་ཏེ་རང་སྡེ་བུ་མོ་དབང་མོ་མནའ་མར་བཙལ་བ་དང་། བར་བ་མངགས་ཏེ་གཉེན་རྟགས་བརྒྱབ་པ་དང་ལོ་དེའི་རྒྱ་ལོའི་ནང་བཙན་ཐབས་ཀྱིས་གཉེན་སྟོན་བྱས། དོན་གྲུབ་ལ་མཚོན་ན། ཐེངས་འདིའི་གཉེན་སྟོན་ལ་གཏན་ནས་མི་འཐད་པར་འདི་ལྟ་བུའི་གཉེན་སྒྲིག་ཆོ་ག་བསྒྲུབས་པ་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་བམ།
ཁྲིམས་བཤད།
    གཉེན་རྟགས་རྒྱག་པ་ལ་གཉེན་སྒྲིག་གན་རྒྱ་འཇོག་པའང་ཟེར། དེ་ནི་ཕོ་མོ་ཕན་ཚུན་ཕྱོགས་གཉིས་ཀྱི་ཁྱིམ་མིས་གཉེན་སྒྲིག་དམིགས་ཡུལ་དུ་བཟུང་ནས་བཞག་པའི་ཁ་དན་ཞིག་ཡིན། གཉེན་སྟོན་ནི་ཕོ་མོ་ཕན་ཚུན་ནམ་ཕྱོགས་གཉིས་ཀྱི་ཉེ་ཚན་དང་གྲོགས་པོས་དགའ་སྟོན་རྟེན་འབྲེལ་ཞུས་ནས་གཉེན་སྒྲིག་དོན་དངོས་ཡིན་པ་མཚོན་ཕྱིར་དུ་ཚོགས་པའི་མཛད་སྒོ་ཞིག་ཡིན་ཡང་། དེ་གཉིས་ཀ་ཁྲིམས་བཀོད་ཀྱི་གཉེན་སྒྲིག་གོ་རིམ་ངེས་ཅན་ཞིག་མིན་ལ་བཅའ་ཁྲིམས་ཀྱིས་ཁས་མི་ལེན་པ་དང་སྲུང་སྐྱོང་ཡང་མི་ཐོབ། རང་རྒྱལ་གྱི་གཉེན་སྒྲིག་གི་ཁྲིམས་བཀོད་གོ་རིམ་ནི་གཉེན་སྒྲིག་པའི་ཕོ་མོ་ཕྱོགས་གཉིས་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་སྟེ་གཉེན་སྒྲིག་ཐོ་འགོད་བྱས་ནས་བཟའ་ཟླའི་འབྲེལ་བ་དངོས་སུ་འཛུགས་དགོས་པ་དེ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1