གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

མི་ཉག་ཐུབ་བསྟན་ཆོས་དར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༢ཉིན།

༄༅།། དར་མདོའི་ལྷ་མོ་རྩེའི་གནས་བཤད་མདོར་བསྡུས།

མི་ཉག་ཐུབ་བསྟན་ཆོས་དར།    
        དར་མདོ་རྡོ་རྗེ་བྲག་དགོན་པའི་བསྟན་བདག་སྐུ་ཞབས་བུ་ཕྲུག་གམ་འཇིགས་མེད་དབང་རྒྱལ་རྡོ་རྗེའི་ཞལ་ནས།“དར་མདོའི་གྲོང་གི་ནུབ་ཕྱོགས་ཀྱི་རྒྱབ་རི་ལ་ཨ་ལ་འབོ་སྒང་ཞེས་འབོད། རི་བོ་དེ་སྤྱན་རས་གཟིགས་ཀྱི་གནས་རི། བྱང་ཤར་གྱི་གཡོན་རི་ལ་འཛོམས་བྲག་ཅེས་འབོད། རི་བོ་དེ་ཕྱག་ན་རྡོ་རྗེའི་གནས་རི། ཤར་ལྷོའི་མདུན་རི་ལ་ལྷ་མོ་རྩེའམ་ལ་མོ་རྩེ་ཞེས་འབོད། རི་བོ་དེ་འཇམ་དབྱངས་ཀྱི་གནས་རི་ཡིན།”ཞེས་གསུངས་པས། འཕགས་པ་རིགས་གསུམ་མགོན་པོའི་གནས་རི་ཡིན་པར་བསྟན་ཏོ།།
        དུས་རབས་བཅོ་ལྔ་པའི་ནང་མི་ཉག་འཇམ་དབྱངས་གྲགས་པས་མཛད་པའི《དར་རྩེ་ལྷ་མོ་བསང་མཆོད་འདོད་དོན་ལྷུན་གྲུབ་མ》ལས།  “ཀྱེེ། མ་མོ་མཁའ་འགྲོ་གནས་མཆོག་དམ་པ་ལྷ་མོ་རྩེ།། དེ་ལ་གནས་པའི་ལྷ་མོ་སྨན་ཆེད་བརྒྱད།། ཞི་བའི་ཚུལ་དུ་བཞུགས་ཙམ་ནས།། ནམ་མཁའ་འཇའ་ཚོན་གུར་ཁང་ནས།། ལྷ་མོ་མང་པོའི་འཁོར་གྱིས་བསྐོར།། འཇའ་ཚོན་འོད་འབར་ཁྱུག་སེ་ཁྱུག། དྲག་པོའི་ཚུལ་དུ་བཞུགས་ཙམ་ནས།། གཡུ་འབྲུག་སྔོན་མོ་ཆིབས་སུ་བཅིབས།། བཀའ་བློན་ཆེན་པོ་བརྒྱད་ཀྱིས་བསྐོར།། ཕྱག་ན་བ་དན་ཁྲ་བོ་ཕྱར།། བཀྲ་གསལ་མེ་ཏོག་ཀུན་ཀྱིས་བསྟོད།། ལྷ་མོ་གླིང་འབུད་སི་ལི་ལི།། སྒྲུབ་ཁང་འདི་རུ་སྤྱན་འདྲེན་ན།། ཐང་ཅིག་ཡུད་ཙམ་བཞུགས་སུ་གསོལ།། དྲི་ཞིམ་གསུར་གྱིས་ཐུགས་དམ་བསྐང་།། ཁྱེད་ལ་མཆོད་པ་འབུལ་བ་ནི།། རིན་ཆེན་བཤོས་བུ་རྩེ་ལྔ་ལས།། དཀར་གསུམ་མཆོད་པ་བརྒྱད་ཀྱིས་བསྐོར།། འདོད་ཡོན་ལྔ་ཡི་མཆོད་པ་འབུལ།། རྒྱུ་ནི་རྩི་ཏོག་མར་ལས་གྲུབ།། མར་གྱི་བྱ་ཕོ་མདངས་ལྡན་དང་།། དར་སྣ་རིན་ཆེན་ལྔ་ཡིས་བརྒྱན།། དར་རྩེ་ལྷ་མོ་མཆེད་བརྒྱད་སོགས།། ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད།། གཟའ་ཆེན་བརྒྱད་དང་ཕྱོགས་སྐྱོང་བཅུ།། རྒྱལ་པོ་ཆེན་པོ་སྡེ་བཞི་དང་།། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ།། དྲི་ཞིམ་གསུར་གྱིས་མཆོད་པར་འབུལ།། ཁྱེད་ལ་འཕྲིན་ལས་བཅོལ་བ་ནི།། བདག་དང་ཡོན་བདག་འཁོར་བཅས་ལ།། མི་གྲངས་གྲོལ་ལ་ཕྱུགས་རྩི་འཕེལ།། ཚེ་དང་བསོད་ནམས་འཕེལ་བ་དང་།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། མི་མཐུན་རྐྱེན་དང་བར་ཆད་སོལ།། དགྲ་བགེགས་གདུག་རྩུབ་ཞི་བར་མཛོད།། བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།། འཇམ་དབྱངས་གྲགས་པས་མཛད་པའི་ལྷ་མོ་རྩེ་བསང་མཆོད་རྫོགས་སོ།།”① ཞེས་གསུངས་པས། ལྷ་མོ་སྨན་ཆེད་བརྒྱད་ཀྱི་གནས་ཡིན་པར་བསྟན་ཏོ།།
        དུས་རབས་བཅུ་དྲུག་པའི་ནང་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི《ས་པཎ་གྱི་རྟོགས་བརྗོད་སྐལ་བཟང་ལེགས་ལམ》ལས་ལྡེབ་༡༩༧་ན།“དེ་ནས་ཤར་གྱི་ལ་མོ་མཆེད་ལྔ་པ།། དྲི་མེད་ཁ་བ་འབར་འདྲའི་གོས་ཅན་རྩེས།། མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན་བསྐུལ་བའི།། རིན་ཆེན་ཆར་གྱི་ཆུ་བཞིན་མཚོ་ལྔས་བརྒྱན།། འཇུག་ངོགས་དེ་ན་གནོད་སྦྱིན་ཆེ་རྣམས་ཀྱིས།། ནོར་འདོད་ཀུན་གྱི་ལག་པ་འདོད་འཇོའི་རྫིང་།། བཅས་པའི་དཔལ་དང་འབྱོར་བ་ཐུན་མོང་དུ།། བཞད་སྒྲས་འཛམ་གླིང་གང་བའི་དར་རྩེ་མདོ།།”②ཞེས་གསུངས་པས། དར་མདོའི་ཤར་གྱི་རི་བོ་ལྷ་མོ་རྩེ་དེ་ལ་རི་ཕྲན་ནམ་རྩེ་མོ་ལྔ་ཡིས་བསྐོར་བ་དང་། མཚོ་ཕྲན་ལྔ་དང་།  གངས་དང་སྤྲིན་དཀར་གྱིས་བརྒྱན་པའི་རི་བོ་ཁྱད་འཕགས་ཅན་ཞིག་ཡིན་པར་བསྟན་ཏོ།།
        དུས་རབས་བཅོ་ལྔ་པའི་ནང་མི་ཉག་འཇམ་དབྱངས་གྲགས་པས་མཛད་པའི《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར》ལས་ལྡེབ་༥༠་ན།“མཁའ་འགྲོ་ཕོ་བྲང་ལ་མོ་རྩེར་ཕྱིན་ནས….”ཞེས་པ་དང་། ཡང་ལྡེབ་༡༨༥་ན།“མཁའ་འགྲོ་ཕོ་བྲང་ལ་མོ་རྩེར་ཤིང་གི་བང་ཁང་ཡང་དག་པ་དཔོན་གྲགས་པ་རྒྱལ་མཚན་ལ་སོགས་པའི་དར་རྩེ་མདོ་སྤྱིས་བཟོས་ནས་ཁོ་བོ་ལ་ཕུལ…”ཞེས་པ་དང་། ཡང་ལྡེབ་༢༠༣་ན།“སླར་ཡང་ལ་མོ་རྩེར་རུ་ཕྱིན་པ….”ཞེས་པ་དང་། ཡང་ལྡེབ་༢༡༢་ན། “དར་རྩེ་མདོ་བས་བསུ་བ་བྱུང་ནས་ཚོང་འདུས་ཆེན་མོར་ཉིན་གཉིས་ལ་ཆོས་གནང་དགོས་ཞུས་པ་ལ།  དེ་བཞིན་བྱེད་བྱས་ནས་ཚོགས་དུས་ཤིན་ཏུ་རྒྱས་པའི་སྒང་དུ་ཚོགས་ཁྲིམས་བྱས་ཏེ་ཉི་མ་གཉིས་ལ་དཀོན་བརྩེགས་ཆོས་ཐུན་གཅིག།  འདུལ་བ་ལུང་ཐུན་གཅིག། རྒྱུད་འབུམ་གྱི་ངོ་མཚར་རབ་ཐུན་གཅིག་བཤད་ནས་མཁའ་འགྲོ་ཕོ་བྲང་ལ་མོ་རྩེའི་དབེན་གནས་སུ་ཕྱིན….”ཞེས་པ་དང་། ཡང་ལྡེབ་༢༧༥་ན།“དེ་ནས་གནས་མཆོག་ལ་མོ་རྩེ་མཁའ་འགྲོའི་ཕོ་བྲང་དུ་སླེབས་ནས་མཚམས་ལ་བཞུགས་སོ།།”③ཞེས་གསུངས་པས།  ཁོང་དར་མདོའི་ལ་མོ་རྩེར་ཐེངས་མང་པོར་ཕེབས་ཏེ་མཚམས་སྒྲུབ་དང་བསྟན་འགྲོའི་དོན་མཛད་ནས་བཞུགས་པར་བསྟན་ཏོ།།
        དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་གྱི་སྐབས།  སྨད་ཆའི་ལྡེབ་༡༠༦༡་ན།“ཀརྨ་པ་ན་རིམ་གཉིས་ཀྱི་སློབ་མ་འགུ་ཐོམ་ཆོས་གྲགས་ཀྱིས་དར་རྩེ་མདོར་སྤྱན་དྲངས་ནས་བྱོན་ཚེ། སློབ་དཔོན་བསོད་རྩེ་སོགས་སྐྱ་སེར་མང་པོས་མདོ་སྨད་ཀྱི་གཞི་བདག་ཐམས་ཅད་ཀྱིས་བསུ་བར་དངོས་སུ་མཐོང་། དངོས་སུའང་ནམ་མཁའ་ལ་རོལ་མོའི་སྒྲ་གྲགས། གངས་ཆུ་འགྲམ་དུ་སྒར་ཕེབས། མི་ཆེན་གྲགས་པ་རྒྱལ་མཚན་སོགས་དར་རྩེ་མདོ་པ་དང་འགུ་ཐོམ་གྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་མཆོད་སྤྲིན་མཐའ་ཡས་པས་མཆོད། དེར་སློབ་དཔོན་བསོད་རྩེས་དྲུང་བསྟན་པའི་བདག་པོར་མཐོང་། ཡང་བླ་མའི་རྣལ་འབྱོར་བསྒོམས་པས་སྤྱི་བོར་འོད་སྔོན་པོ་བྱོན་ཏེ་རྡོ་རྗེ་འཆང་དུ་གྱུར་པ་མཐོང་།རྒྱལ་རོང་པ་བླ་མ་ཚུལ་ཁྲིམས་ཀྱིས་ཐོག་མར་རྡོ་རྗེ་རྣལ་འབྱོར་མའི་སྐུ་རི་ཙམ་པ་དང་། གསེར་གྱི་རྡོ་རྗེ་འབའ་ཞིག་གི་ཁྲི་ལ་ཐུབ་པ་ཆེན་པོར་བཞུགས་པ་མཐོང་།....དེར་སླེབས་ནས་ཟླ་བ་གསུམ་སོང་བ་ཕྱིན་གཞན་གྱིས་ཕུད་མཆོད་བྱས་པ་ཡན། ཁར་མངོན་སུམ་དུ་སིབ་སིབ་ཡོང་གི་འདུག་གསུང་པ་ལྟ་བུ་སྣང། གངས་ཆུ་འགྲམ་དུ་ཆོས་གསུངས་པ་ལྕགས་ཟབ་པས་མི་ཆེན་གྱིས་ཐོས་ཤིང་སྤྱན་རས་གཟིགས་ནམ་མཁའ་གང་བ་ཞིག་ཏུ་མཐོང་། གྲོང་གི་ཕྱི་རོལ་རྒྱང་རོང་ནས་ཕྱག་ནས་གནང་བ་མི་ཆེན་གྱི་ཁང་པར་ཕྱིན་ཞིང་རྟེན་གཙོའི་ཐུགས་ཀར་ཟུག།རིལ་བུ་ཁང་དུ་ཡང་མང་དུ་ཕྱིན། ལ་མོ་རྩེའི་བདེ་ཆེན་སྟེང་དུའང་རྟེན་ལ་ཕྱག་ནས་ཟུག་པ་མང་ཞིང་ཕྱི་ནས་འཐོར་བ་གཟིགས་ཁང་དུ་ཕྱིན།”④ཞེས་གསུངས་པས།  དར་མདོའི་གངས་ཆུའི་འགྲམ་དུ་ཕྱོགས་འདུས་ཀྱི་སྐྱ་སེར་རྣམས་ལ་ཟླ་བ་མང་པོར་ཆོས་འཁོར་བསྐོར།ཕྱུག་མོ་དགོན་པའི་མཁན་པོ་བསོད་རྩེ་དང་། རྒྱལ་རོང་བླ་མ་ཚུལ་ཁྲིམས་སོགས་སློབ་ཆེན་དག་ལ་མཐོང་སྣང་ཁྱད་པར་ཅན་བྱུང་བ་དང་། ལ་མོ་རྩེའི་བདེ་ཆེན་སྟེང་དུའང་རྟེན་ལ་ཕྱག་ནས་ཟུག་པ་བཅས་བསྟན་ཏོ།། ལྕགས་ལའི་རྒྱལ་ས་དར་རྩེ་མདོར་ཕེབས་པའི་དུས་ནི། ཀརྨ་པ་དགུང་ལོ་བཅུ་དྲུག་ས་གླང་སྤྱི་ལོ༡༤༦༩་ལོར་ཡིན་ནོ།།
        གོང་གི་ལོ་རྒྱུས་ཀྱི་དཔྱད་གཞི་དག་ལ་དཔག་ན། ལྷ་མོ་རྩེ་ཞེས་པ་ནི། མདུན་རིའི་རི་རྒྱུད་ཀྱི་སྤྱི་ཡི་མིང་ཡིན་པ་གསལ་པོར་རྟོགས་ནུས། རི་རྒྱུད་དེ་ལ་རི་ཕྲན་མང་པོར་ཡོད་པའི་ནང་ནས་དམངས་ཁྲོད་ཀྱིས་གདན་ཐོག་ཅེས་འབོད་པ་དེ་ལ་བདེ་ཆེན་སྟེང་ཡང་བརྗོད་ཀྱིན་ཡོད་པ་ཤིན་ཏུ་གསལ་ཏེ།  གོང་གི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལ་མོ་རྩེའི་བདེ་ཆེན་སྟེང”ཞེས་གསུངས་ཡོད་པས་སོ།། རྒྱ་ཡིག་དག་ལས་རི་བོ་དེ་ལ་རྟ་རྒྱུག་རི(跑马山)ཞེས་འབོད་ཀྱིན་འདུག། རྒྱུ་མཚན་ནི། སྐུ་ཞབས་བུ་ཕྲུག་མཆོག་གིས་གསུངས་པ་ལྟར་ན། སྔོན་ལྕགས་ལ་རྒྱལ་པོ་དང་དར་རྩེ་མདོ་པ་རྣམས་ཀྱིས་དབྱར་དུས་ཀྱི་སྤྲོ་གསེང་དང་གཞི་བདག་མཆོད་པའི་སྐབས་སུ།རྒྱལ་པོའི་འཁོར་བཅས་དངོས་སུ་གདན་ཐོག་ཏུ་ཕེབས་ཏེ་མཛད་སྒོ་ལ་རོལ་ཞིང་།  དར་མདོའི་གྲོང་གི་ལྷོ་ནུབ་གངས་ཆུ་ཟམ་པའི(公主桥)མདུན་ཐད་ཀྱི་ལུང་མདའ་ནས་གདན་ཐོག་བར་ལོ་ལྟར་རྟ་རྒྱུག་བྱེད་པའི་སྲོལ་ཡོད་པས།རྒྱ་རིགས་དག་གིས་དེ་ལྟར་བཏགས་པ་ཡིན་གསུངས།དེ་ལྟར་ན་རྒྱའི་མིང་དེ་གདན་སྟེང་ལ་བརྟེན་ནས་བྱུང་བར་མངོན།འོན་ཀྱང་དེང་སྐབས་ལྷ་མོ་རྩེའི་སྤྱི་ཡི་མིང་ལ་ཡང་དེ་ལྟར་འབོད་ཀྱིན་འདུག་གོ།།
        ལྷ་མོ་རྩེའི་རི་རྒྱུད་འདི་ལ་རི་ཕྲན་མིང་ཞིང་། རི་བོ་མཐོ་བ་རྣམས་ཀྱི་རྩེ་མོར་གངས་དང་། དམའ་བ་རྣམས་ཀྱི་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་རྩི་ཤིང་དང་སྤང་ལྗང་གིས་ཁྱབ་པ།མཚོ་དང་མཚེའུ་དང་།  རི་དྭགས་དང་བྱ་རིགས་མང་པོར་གནས་པ།  རི་བོ་སོ་སོ་ནས་ཆུ་ཡི་རྒྱུན་ཕྱོགས་ཀུན་ཏུ་འབབ་པ་སོགས་རི་རྒྱུད་ངོ་མཚར་ཅན་ཞིག་ཡིན་ནོ།།
        གཡོན་རི་འཛོམས་བྲག།  རི་དེ་ལ་རྒྱས་གོ་ཏ་ཤན(郭达山)ཞེས་འབོད་ཀྱིན་འདུག། རྒྱུ་མཚན་ནི། སྤྱི་ལོ་220-265ལོའི་སྐབས་སུ་རྒྱ་ནག་གི་རྒྱལ་ཁམས་གསུམ་གྱི་ཡ་གྱལ་སི་ཁྲོན་ཁྲིན་ཏུའུའི་བདག་པོ་ཀྲུའུ་གོ་ལིང(诸葛亮)གི་དམག་དཔོན་ཀོ་ཏཱ(郭达将军)ཞེས་འབོད་པས་ཁྱུང་ལུང(邛崃)ནས་མདའ་འཕངས་ཏེ་དར་མདོ་འཛོམས་བྲག་རི་ལ་བབས་པའི་གཏམ་རྒྱུད་དང་སྦྱར་ནས་བྱུང་བ་ཡིན་ནོ།།
        རྒྱབ་རི་ཨ་ལ་འབོ་སྒང་། རི་དེ་ལ་རྒྱས་ཙི་ཨུར་ཕོ(子儿坡)ཞེས་འབོད་ཀྱིན་འདུག། རྒྱུ་མཚན་ནི། རྒྱབ་རི་ཨ་ལ་འབོ་སྒང་གི་རི་རྒྱུད་ཀྱི་བྱེ་བྲག་གཟི་རི་ཕུག་ཅེས་པའི་རི་ཕྲན་དེ་ལ་བརྟེན་ནས་བྱུང་བ་ཡིན་ནོ།།  །།
ཟུར་མཆན།
①ལ་མོ་རྩེ་དགོན་པ་དང་རྡོ་རྗེ་བྲག་དགོན་པ་ན་བཞུགས།
②སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༡༩༨༥ལོའི་ཟླ་བ༧་པ།
③ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ༢༠༠༥ལོའི་ཟླ་བ་༩་པ།
④མི་རིག་དཔེ་སྐྲུན་ཁང་། སྤྱི་ལོ༡༩༨༦ལོའི་ཟླ་བ༦པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1