༄༅།། གྱི་ལིང་དགོན་དགའ་ལྡན་དར་རྒྱས་གླིང་།

སངས་སྐྱབས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས། དགེ་ལུགས་པའི་དྲ་བ། སྤེལ་དུས། 06-26


 སངས་སྐྱབས་ཀྱིས་བསྒྲིགས།
          གྱི་ལིང་དགོན་དགའ་ལྡན་དར་རྒྱས་གླིང་༼འདི་ལ་དཔྱད་གཞི་ལ་ལར་གྱི་ལིང་དགོན་དགའ་ལྡན་རབ་རྒྱས་གླིང་ཞེས་བྲིས་པའང་ཡོད།༽ནི་ད་ལྟའི་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་མངའ་ཁོངས་ཀླུ་ཤོད་ཡུལ་ཚོ་སྟེ་གཙོས་ནས་སྤྱི་ལེ་༢༠ལྷག་གི་སར་ཡོད། སྔར་སྲིད་གྲོས་ཀྱིས་བསྒྲིགས་པའི་ལོ་རྒྱུས་རྒྱུ་ཆ་སོགས་འབྲེལ་ཡོད་མང་བོར་དགོན་པ་འདི་ཀླུ་ཤོད་ཡུལ་ཚོའི་མངའ་ཁོངས་སུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་གྱི་ལིང་རུ་སྡེ་ལྔ་བོའང་སྨད་ཀྱི་ཀླུ་ཤོད་ཚོ་བ་བརྒྱད་ཀྱི་གྲས་སུ་བརྩིས་པ་སོགས་ནོར་འཁྲུལ་བྱུང་ཡོད་མོད། ཡིན་པ་ནི་སྟོད་ཀྱི་ཨ་མཆོག་ཚོ་བ་བརྒྱད་དུ་གཏོགས་ལ། སྐྱིའི་བན་འདེ་ཕྱུག་གི་ཚོ་བ་ལ་སྐྱི་སྐད་འབྲིང་གསུམ་ཡོད་པ་ལས་སྐྱི་ལུས་ཞེས་པ་གྱི་ལིང་སྨད་ཀྱི་རུ་སྡེ་ལྔ་དང་སྟོད་ཀྱི་རུ་སྡེ་གཅིག་བཅས་ཁྱོན་རུ་སྡེ་དྲུག་གི་རུས་མིང་ཡིན་ན་ལ། ཨ་མཆོག་སེ་ར་རིན་པོ་ཆེས་གྱི་ལིང་ནི་ཚ་བ་རང་སྐྱ་བ་ཞིག་ཡིན་པས། ཨ་མཆོག་སྟོད་མ་ལ་སྤྱིར་ཚོ་བ་བདུན་དང་། གྱི་ལིང་དང་བཅས་པས་བརྒྱད་ཡིན་པར་ཡང་གསུངས།
          དགོན་པ་འདི་ཕྱག་འདེབས་པ་བོ་ནི་སྔར་ཀུན་མཁྱེན་ཆེན་མོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་གྲྭ་ཐོག་གཅིག་པའི་ཧན་སྟག་ལུང་གི་མཁས་གྲུབ་ཆེན་པོ་རོང་ཁམས་ཞབས་དྲུང་ཆོས་རྒྱ་མཚོའམ་གསང་མཚན་འཇམ་དཔལ་རྡོ་རྗེར་འབོད་པས་ཧ་ལམ་སྤྱི་ལོ་༼༡༧༢༩༽ཡས་མས་ཤིག་ལ་ཕྱག་བཏབས། 
          དང་བོར་དགོན་པ་འདི་གོང་གི་མཁར་ལུང་ནང་ངམ་ད་ལྟའི་འཆམ་ཁང་གི་ཤུལ་འདིར་ཕྱག་འདེབས་མཛད་མོད། ཕྱིས་རིམ་གྱིས་ཉིན་ངོས་སུ་སྤོས། ངག་རྒྱུན་ལ་ལར་སྔར་དགོན་པ་འདི་ཕྱག་འདེབས་མ་བྱས་གོང་ལ་དེར་ས་སྐྱའི་རི་ཁྲོད་ཅིག་ཡོད་རབས་དང་། དགོན་པའི་གཡོན་གྱི་གཡའ་མ་ལུང་དེར་ཇོ་མོའི་དགོན་པ་ཞིག་ཡོད་པས་མིང་ལ་ཡང་ཇོ་དགའ་ལུང་ཟེར་རབས་སོགས་དཔྱད་གཞིར་ཆེ། 
          དང་ཐོག་དགོན་པར་གཞི་གསུམ་གྱི་ཕྱག་ལེན་ཞིབ་མོ་ཚུགས་པའི་ཐོག་ས་ཟླའི་སྨྱུང་གནས་དང་ལྔ་བའི་མ་ཎི་བུམ་སྒྲུབ་སོགས་སྒྲུབ་མཆོད་ཕྱག་ལེན་ཉུང་ངུ་རེ་ཚུགས་ཤིང་། དགོན་མགོ་གང་ལ་ཡང་མི་གཏོགས་པའི་ཚུལ་དུ་ཡོད་པ་ལ། ཕྱིས་ཨ་མཆོག་ཚོ་བ་བརྒྱད་ཀྱི་དབུ་བླ་དབལ་མང་པཎྡི་ཏ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་ལ་དགོན་པ་ཕུལ་བ་ནས་དབལ་མང་སྐུ་ཕྲེང་ན་རིམ་གྱིས་སྐྱོང་ཁུར་གནང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་ལག་ཏུ་གྱུར་བར་མ་ཟད། ཨ་མཆོག་དགོན་པ་དང་སྐྱིད་སྡུག་གཅིག་བྱས་ཏེ་དྲུག་པའི་སྨོན་ལམ་སོགས་ཀྱི་སྐབས་སུ་སྨད་ནས་དགེ་འདུན་པ་རྣམས་ཨ་མཆོག་དགོན་པར་ཚོགས་ལ་འགྲོ་བའི་ཕྱག་སྲོལ་བྱུང་། 
          དཔལ་མང་པཎྡི་ཏ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་མཆོག་གིས་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་གི་དགོངས་བཞེད་ལྟར་མདོ་སྨད་ཀྱི་ཕྱོགས་ཕྱོགས་སུ་རྒྱུད་སྡེ་བརྒྱ་རྩ་ལྷག་གི་སྒྲུབ་མཆོད་བཙུགས་ཤིང་། སྐབས་དེར་དགོན་འདིར་གསང་འདུས་བདག་འཇུག་དང་། ཀུན་རིག་བདག་འཇུག འཇིགས་བྱེད་ལྷ་བཅུ་གསུམ་མའི་བདག་འཇུག་སོགས་ཀྱིས་མཚོན་ཆོ་ག་ཆོས་སྤྱོད་མང་བོ་ཞིག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ངོས་གཙང་བ་ཚུགས་ཤིང་། ལྷག་པར་དུ་ཀུན་མཁྱེན་བར་མ་མཆོག་དང་། རྗེ་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཆེ་དགུ་མང་བོ་དགོན་འདིར་ཕྱག་ཕེབས་ཤིང་། དགོན་གནས་འདི་འཕགས་མ་གདུགས་དཀར་མོའི་ཞིང་ཁམས་སུ་ལུང་བསྟན་པ་སོགས་ཀྱི་ཐུགས་སྨོན་ལས་སྐྱིད་ཤོད་པའི་གསུང་གི་གདུགས་དཀར་ལྷ་བཅུ་བདུན་མའི་བདག་འཇུག་ལེགས་པར་ཚུགས་པ་ནས་ད་ལྟའི་བར་ཕྱག་བཞེས་ཉམས་པ་མེད་པ་བྱུང་། 
          དུས་ཕྱིས་ཀུན་མཁྱེན་ལྔ་བ་ཆེན་མོའི་སྐུ་རིང་ལ་རྔོག་ཐང་ཚའི་ཀརྨ་ཞེས་པས་མཁན་པོ་ངག་དབང་དགེ་ལེགས་པའི་སྐུ་སྐྱེས་དང་མཉམ་འབྲེལ་སྒོས་རེབ་ཚའི་སྒྲུབ་སྡེ་རྣམས་ཕྱོགས་བསྡུ་བྱེད་སྐབས་གྱི་ལིང་དགོན་ཡང་རེབ་ཚ་རྒྱ་མོའི་དགོན་དུ་བསྡུ་བའི་ཇུས་བཀོད་པས་གྲྭ་མང་འགྲོ་མ་འདོད་པར་གྲྭ་བ་ཕལ་མོ་ཆེ་ཡུལ་གཞན་དུ་འཁྱམས་ཤིང་ལ་ལ་ཞིག་རྒྱལ་མོའི་དགོན་དུ་འགྲོ་དགོས་བྱུང་བས་རེ་ཞིག་དགོན་པ་ཉམས་པར་གྱུར། 
དུས་ཕྱིས་རིམ་བཞིན་སྔར་གྱི་གྲྭ་བ་རྒན་པ་རྣམས་ཕྱོགས་ཡས་མས་སུ་འཁྱམས་ཤིང་རེ་གཉིས་ཀྱིས་ཤུལ་འཛིན་བྱེད་བཞིན་པའི་སྐབས་གློ་བུར་དུ་བཅིངས་འགྲོལ་བྱས་ཤིང་། རིག་གནས་གསར་བརྗེ་མཇུག་རྫོགས་རྗེས་སུ་ཏང་གི་སྲིད་ཇུས་གསར་བའི་འོག་ཕྱོགས་སོ་སོར་ཆོས་ལུགས་སྲིད་ཇུས་ལྷོད་ཡང་ལག་བསྟར་བྱེད་སྐབས་ཨ་མཆོག་གི་དཔོན་བླ་སེ་ར་མཆོག་སྤྲུལ་རིན་པོ་ཆེས་ཕྱོགས་མང་བོ་ནས་ཐུགས་ཁུར་ཟབ་བཞེས་གནང་ཞིང་། སྲིད་གཞུང་ལ་གཏུག་བཤེར་དང་། ཀུན་མཁྱེན་དྲུག་པ་ཆེན་མོར་སྙན་འབུལ་སོགས་རབ་དང་རིམ་པར་ཞུས་པས་མཐར་༡༩༨༢ལོར་ཆོས་སྒོ་ཕྱེས་ཏེ་སྔར་གྱི་དགོན་གནས་སུ་འཚོགས་ཆོག་པའི་ཆོག་མཆན་ཐོབ་ཅིང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་མཆོག་དངོས་སུ་དགོན་པར་ཞབས་སོར་བཀོད་དེ་སྐུ་གསུང་ཐུགས་ཀྱི་རྟེན་བཅས་གནང་སྟེ་དེ་རིང་ནས་གྱི་ལིང་དགོན་པ་རང་འཇགས་སུ་གནས་ཆོག་པའི་བཀའ་ལུང་གསེར་གྱི་མེ་ཏོག་སྤྱི་བོར་བསྩལ་བའི་སྐུ་དྲིན་ལས་སྔར་རྒྱུན་བཞིན་འཚོགས། གྲྭ་ཐོག་སྔོན་མ་ཨ་ཁུ་དཀོན་མཆོག་ཚང་དང་། སངས་རྒྱས་རྒྱ་མཚོ་ཚང་། བསམ་གཏན་རྒྱ་མཚོ་ཚང་རྣམ་པ་སོགས་ཀྱི་སྐུ་དྲིན་ལས་སྔར་གྱི་ཕྱག་བཞེས་ཉམས་པ་མེད་པར་སླར་གསོ་བྱུང་། དབལ་མང་སྐུ་ཕྲེང་ལྔ་བ་རྗེ་བློ་བཟང་དཔལ་ལྡན་རྒྱ་མཚོ་མཆོག་གིས་སྐྱོང་ཁུར་གནང་སྟེ་ད་ལྟ་དགོན་པའི་ཆོས་འཆད་ཉན་སོགས་གང་ཅིའི་ཐད་ཡར་ལྡན་དུ་འགྲོ་མུས་འདི་ལགས་སོ། ། 

          དགོན་པ་འདི་ལ་འདུ་ཁང་ཆེ་བ་གཅིག་དང་། བྱམས་ཁང་གཅིག མགོན་ཁང་གཅིག དེ་བཞིན་དུ་གདུགས་དཀར་ལྷ་ཁང་དང་འཁོར་ཁང་སོགས་སྔར་གྱི་དེ་རྣམས་སླར་གསོ་བྱུང་ཡོད་ལ། གདུགས་དཀར་གྱི་འཁོར་ལོ་སོགས་པར་ཤིང་བྱིན་ཅན་མང་བོ་ཡང་བཞུགས་ཡོད་པས་ཕྱོགས་ཡས་མས་སུ་གྲགས་ཆེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1