གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༦ཉིན།

༄༅།། ས་སྐྱ་ལེགས་བཤད་དང་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་གཉིས་ཅུང་ཙམ་བསྡུར་བ།

མགོན་པོ་བཀྲ་ཤིས།
ནང་དོན་གནད་བསྡུས། རྩོམ་འདིའི་ནང་དུ་བོད་ཀྱི་ལེགས་བཤད་ཐོག་མ་ས་སྐྱ་ལེགས་བཤད་དང་བོད་བཙན་པོའི་དུས་སྐབས་ཀྱི་བརྩམས་ཆོས་བཏམས་ཤིང་བསྟན་པའི་མདོ་གཉིས་བསྡུར་བ་ལ་བརྟེན་ནས་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་བོད་ཀྱི་མཁས་ཆེན་ཞིག་གི་བསམ་བློ་དང་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བོད་མིའི་མི་ཆོས་བསམ་བློ་དང་། འཇིག་རྟེན་གྱི་ལྟ་བ། རིན་ཐང་གི་ལྟ་བ་སོགས་དང་། བྱེ་བྲག་གི་ནང་དོན་འགའ་རེ་གཤིབ་བསྡུར་བྱས་ཡོད། 
བརྡ་ཆད་གཙོ་བོ།  ས་སྐྱ་ལེགས་བཤད། བཏམས་ཤིང་བསྟན་པའི་མདོ།
སྔོན་འགྲོའི་གཏམ།
             བོད་ཀྱི་རྩོམ་རིག་ལོ་རྒྱུས་ངོས་ནས་བཤད་ན་《ས་སྐྱ་ལེགས་བཤད་》དང་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》གཉིས་ལས་སྔ་མ་ནི་བོད་ཀྱི་ལེགས་བཤད་རྩོམ་རིག་ཐོག་མ་དང་། ཕྱི་མ་ནི་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བྲིས་པའི་བོད་ཀྱི་བསླབ་བྱ་སྔ་གྲས་རེད། རྩོམ་རིག་གང་ཞིག་ཡིན་རུང་རྩོམ་པ་པོ་འཚོ་བཞུགས་ཀྱི་སྤྱི་ཚོགས་སྐབས་ཀྱི་བསྟན་བཅོས་ཡིན་པས། སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་དཔལ་རིག་གསུམ་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད། ས་སྐྱ་པཎྜིཏ་སྲིད་ན་འཚོ་བའི་སྐབས་ནི་བོད་སིལ་བུར་འཐོར་ཞིང་ས་གནས་རེ་ལ་རྒྱལ་པོ་རེ་དང་། ལུང་བ་རེ་ན་དཔོན་པོ་རེ་ཟེར་བའི་དུས་སྐབས་ཤིག་ཡིན་པར་མ་ཟད། སོག་པོའི་དབང་བསྒྱུར་སྟོབས་ཤུགས་ཇེ་ཆེར་སོང་ནས་བོད་ལ་ཡང་དབང་བསྒྱུར་གྱི་མགོ་བརྩམས་པའི་སྐབས་ཡིན། ཆོས་ཕྱོགས་ནས་བཤད་ན་བོད་ལ་ས་སྐྱ་བ། བཀའ་གདམས་པ་པ་སོགས་གྲུབ་མཐའ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་ཤིག་ཀྱང་རེད། ཧྥ་རིན་སི་རུ་ཡོད་པའི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་ཨངP.T.1283དང་ཨངP. T 2111བཅས་གཉིས་ཡོད་ཅིང་སྐུ་ཞབས་དབང་རྒྱལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་ཀྱི་ཞིབ་འཇུག་གནང་པ་ལྟར་ན་མདོ་འདི་གཉིས་ཀྱི་ནང་དོན་མཐུན་ས་མང་བས་མདོ་འདི་གཉིས་ཀྱིས་ཕན་ཚུན་ལ་ཁ་སྐོང་ཐུབ་པར་འདོད། ཏུན་ཧོང་ཡིག་རྙིང་ནང་དུ་མདོ་འདི་གཉིས་ལ་ཁ་བྱང་མེད་པས་ཞིབ་འཇུག་པ་རྣམས་ཀྱིས་ནང་དོན་ལ་གཞིར་བཟུང་ནས་ཁ་བྱང་མི་གཅིག་པ་འགའ་རེ་བྲིས་ཡོད་མོད། ཡིན་ནའང་འདིར་གཙོ་བོ་རྒྱུགས་ཆེ་བའི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་བ་འདི་བཀོལ་བ་ཡིན། མདོ་འདིའི་ནང་དོན་གྱི་ཆ་ནས་དྲི་བ་དང་པོ་ནས་བཅོ་བརྒྱད་བར་ནི་བདེ་སྡུག་གི་དབྱེ་བ་དང་དྲང་བདེན་གྱི་ཚད་གཞི། དྲི་བ་བཅུ་དགུ་ནས་སོ་གཅིག་བར་ནི་གྲོགས་བསྟེན་ཚུལ་དང་བཟའ་མི་ནང་འཁོར་བར་གྱི་འབྲེལ་བ་འཛིན་སྟངས། དྲི་བ་སོ་གཉིས་བར་ནི་སོ་དགུ་བར་ནི་ཡ་རབས་གུས་སྲོལ་དང་བྱམས་སྙིང་རྗེ་བསྐྱེད་ཚུལ། དྲི་བ་ཞེ་གཅིག་ནས་ང་གཅིག་བར་ནི་མི་ངན་ལ་འགྲོགས་ཐབས་དང་མཛའ་འགྲོགས་བསྟེན་ཚུལ། དྲི་བ་ང་གཉིས་ནས་ང་དྲུག་བར་ནི་སློབ་གསོ་གཏོང་ཚུལ་དང་སློབ་དཔོན་བསྟེན་ལུགས། དྲི་བ་ང་བདུན་ནས་རེ་གཉིས་བར་ནི་ཁྱིམ་སྲིད་འཛིན་ཐབས། དྲི་བ་རེ་གསུམ་ནས་དོན་གསུམ་བར་ནི་ནོར་སྒྲུབ་པ་དང་། དེ་གསོག་འཇོག་དང་བེད་སྤྱོད་བྱེད་སྟངས། དྲི་བ་དོན་བཞི་ནས་དོན་དགུ་བར་ནི་མཛངས་བླུན་དང་དབུལ་ཕྱུག   བཟང་ངན་སོགས་ཀྱི་ཁྱད་པར་ལྟོས་བཅོས་ཀྱིས་འབྱེད་ཚུལ་སོགས་ཐོར་བུའི་སྐོར་སོགས་བརྒྱད་དུ་དབྱེབ་ཡང་ཡོད། ①མདོ་འདི་ཡང་ཏུན་ཧོང་གི་གཏེར་ཡིག་གི་ཤོག་དྲིལ་གཞན་དང་བསྡུར་ན་དེ་ཡང་བོད་བཙན་པོའི་སྐབས་ཀྱི་རྩོམ་ཞིག་ཡིན་པ་ཕལ་ཆེར་དོགས་པ་ཟ་མ་དགོས་པར་སྙམ་ལ། བོད་བཙན་པོའི་དུས་སྐབས་ནི་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་ཞིང་བསམ་ཡས་སྒྲ་བསྒྱུར་གླིང་སོགས་བཙུགས་ནས་མི་རིགས་གཞན་དང་། རྒྱལ་ཁབ་གཞན་གྱི་རིག་གནས་ཚུར་ལེན་བྱས་ཤིང་། སྐབས་དེར་མཚོན་ན་བོད་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་དར་ཆེ་བའི་སྐབས་ཤིག་ཀྱང་རེད། སྤྱིར་བསྟན་བཅོས་འདི་གཉིས་ལས་ས་སྐྱ་ལེགས་བཤད་ལ་ནང་དོན་གྱི་ཆ་ནས་རབ་ཏུ་བཤད་པ་དགུ་དང་ཤོ་ལོ་ཀ་བཞི་བརྒྱ་དང་ལྔ་བདུན་(མཆོད་བརྗོད་དང་སྤྱིར་བསྟན་བཅས་ཤོ་ལོ་ཀ་གཉིས་མི་འདུས)ཡོད། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ནི་ཕུ་ནུ་གཉིས་ཀྱིས་དྲི་བའི་ཚུལ་དུ་བྲིས་ཡོད་ལ། རྩོམ་ཡིག་ཧྲིལ་བོར་དྲི་བ་བདུན་བཅུ་བདུན་བཅུ་དོན་དགུ་ཡོད་ལ། དེའི་ནང་དུ་ཕུ་ནུ་གཉིས་གང་དུ་ཡོད་པའི་གནས་དང་དྲི་བ་འདྲི་དོན། འདྲི་མཁན། དེ་མིན་དྲི་བ་དང་པོ་བཅས་མི་འདུས་སོ། །
གཅིག   བདེ་བའི་ངོས་འཛིན་སྐོར།
             མིའི་རིགས་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནས་འཕེལ་རྒྱས་སོང་ནས་ད་ལྟའི་བར་བགྲངས་བྱ་གྲངས་ལས་འདས་བ་ཞིག་སོང་ཟིན་མོད། ཡིན་ནའང་བདེ་བའི་སྐོར་གྱི་ངོས་འཛིན་ལྟ་ཚུལ་མ་གཅིག་པའི་རྩོད་གཞིའི་གནས་སུ་གྱུར་ཡོད། འཇིག་རྟེན་ལྟ་ཚུལ་ལས་ཀུན་ཁྱབ་ཀྱི་འཇིག་རྟེན་ལྟ་ཚུལ་གྱི་ཟུར་ནས་བལྟས་ན་བརྩམས་ཆོས་འདི་གཉིས་ནང་གི་ལྟ་ཚུལ་དེ་ཡང་དག་པ་ཞིག་ཡིན་པ་སྨྲ་མ་དགོས་པ་ཞིག་རེད། 《ས་སྐྱ་ལེགས་བཤད་》ནང་དུ།  “རང་དབང་ཐམས་ཅད་བདེ་བ་སྟེ། ། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ། ”ཞེས་གསུངས་པ་ལྟར་ན། གཞན་དབང་དུ་མ་སོང་བར་རང་གི་བསམ་སྤྱོད་སོགས་ལ་རང་དབང་དང་ལྡན་པ་ནི་བདེ་བ་དང་གཞན་གྱི་དབང་དུ་གྱུར་བ་ནི་སྡུག་བསྔལ་ཡིན་པ་ཚིགས་བཅད་ཤོ་ལོ་ཀ་གཉིས་ཀྱི་ནང་དུ་ཉུང་ཞིང་ཉིང་བཅུད་ལྡན་པའི་སྒོ་ནས་བྲིས་ཡོད། ཡང་“ནོར་གྱི་མཆོག་ནི་སྦྱིན་པ་སྟེ། ། བདེ་བའི་མཆོག་ནི་སེམས་བསྐྱེད་པ། ། རྒྱན་གྱི་མཆོག་ནི་ཐོས་པ་སྟེ། ། གྲོགས་པོའི་མཆོག་ནི་མི་བསླུ་བའོ། ”ཞེས་པ་ལས་སེམས་བསྐྱེད་པ་ནི་བདེ་བའི་མཆོག་ཏུ་ངོས་བཟུང་ཡོད་ལ། བདེ་བ་ཡང་མི་མི་འདྲ་བ་ལ་བརྟེན་ནས་ངོས་འཛིན་ཚུལ་མི་གཅིག་པ་ཡང་བསྟན་ཡོད་དེ།  “བླུན་པོ་འབྱོར་པ་ཐོབ་ན་བདེ། ། སྐྱེས་མཆོག་ཐམས་ཅད་བྱིན་ན་བདེ། ། མཛེ་ཅན་ཕྲུགས་ན་བདེ་བར་འཛིན། ། མཁས་པ་མཛེ་ལ་འཇིགས་པར་ལྟ། ། ”ཞེས་པ་ལས་བླུན་པོ་ཞིག་ཡིན་ན་རྒྱུ་འབྱོར་བ་ཐོབ་ཚེ་བདེ་བ་རུ་མཐོང་བ་དང་། སྐྱེས་བུ་དམ་པ་ཞིག་ཡིན་ཚེ་རྒྱུ་ནོམ་པ་སོགས་མ་སེམས་ཅན་ལ་བྱིན་ན་བདེ་བར་མཐོང་བ་ཡང་བཤད་ཡོད། ད་རུང་བདག་གཞན་གཉིས་ཀྱི་རང་གི་བདེ་བ་བཤད་ཡོད་པར་མ་ཟད། མཁས་པར་གྱུར་ཀྱང་ང་རྒྱལ་སོགས་མེད་པར་ངང་རྒྱུད་ཞི་ཞིང་དུལ་བ་དང་། དཔོན་ཆེན་དང་། སྐྱེས་ཆེན་སོགས་ཀྱིས་རང་ལས་དམན་པའམ་ཞན་པ་ཚུལ་བཞིན་དུ་ལེགས་པར་བསྐྱངས་ན་གཞན་གྱི་བདེ་བ་ཡིན་པར་མ་ཟད་རང་ལ་ཡང་ཕན་པ་བསྟན་ཡོད། ཡིན་ནའང་སངས་རྒྱས་ཆོས་ལུགས་ཀྱི་རྩོད་སྒྲུབ་ལྟ་བ་དང་ནང་དོན་རིག་པའི་ལྟ་བས་ཀྱང་ཟིན་ཡོད་དེ། ཡང་དེ་རུ།  “ནོར་གྱིས་མ་གདུང་སུ་ཞིག་ཡོད། ། རྟག་ཏུ་བདེ་བར་བསྡད་པ་སུ། ། བདེ་དང་སྡུག་བསྔལ་ཐམས་ཅད་ཀྱང་། ། དབྱར་དགུན་བཞིན་དུ་བརྗེ་བར་འགྱུར། ། འདུ་འཛི་སྤངས་བ་བདེ་བ་སྟེ། ། མིན་ན་བཟང་བོ་རྣམས་དང་འགྲོགས། ། དུག་སྦྲུལ་གསོ་བ་གང་ལ་རུང་། ། གསོ་ན་བཟླས་བརྗོད་བརྩོན་པར་བྱ། ། ”ཞེས་པ་ལས་བདེ་བ་རྟག་དུ་མེད་པ་ནི་དབྱར་དགུན་བཞིན་དང་འདྲ་བ་སོགས་ནང་བསྟན་གྱི་རྟེན་འབྱུང་གི་དོན་དང་སྦྱར་ཡོད་པར་མ་ཟད། འདུ་འཛི་སྤངས་ན་བདེ་བ་ཐོབ་པས་དེ་སྤོངས་བར་ཡང་སྐུལ་ཡོད།
             ཕུ་བོས་ནུ་བོར་བཏམས་ཤིང་བཏམས་པའི་མདོའི་དྲི་བ་དང་པོར་བདེ་བའི་སྐོར་གྱི་ངོས་འཛིན་བྲིས་པ་འདིས་བོད་བཙན་པོའི་དུས་སྐབས་ཀྱི་བོད་མིའི་འཇིག་རྟེན་ལྟ་ཚུལ་གསལ་བོར་ཤེས་པར་མ་ཟད། ང་ཚོར་མཚོན་ན་བློ་བསྐྱེད་ཆེན་པོ་ཞིག་སྟེར་ལ། མི་སུ་ཡིན་རུང་བདེ་བ་ལས་སྡུག་བསྔལ་མི་འདོད་པས་འདིའི་ནང་ནུ་བོ་ས་ཆ་གཞན་དུ་འགྲོ་དོན་ཡང་བདེ་བ་ལས་མེད་པས་ཕུ་བོས་སྦ་གསང་མེད་པར་རང་གིས་བདེ་བའི་སྐོར་གྱི་ལྟ་བ་ལྷུག་པར་བརྗོད་ཡོད། དེ་ཡང་དྲི་བ་དང་བོར། ནུ་ན་རེ། །  “མྱིར་སྐྱེས་བ་ལ། གང་བདེ་ན་བདེ་བའི་མཆོག་ཡིན། ཕུ་ན་རེ། སེམས་བདེ་ན་བདེ་བའྀ་མཆོག་ཡིན། ། སེམས་མྱི་བདེ་ན། ། གཞན་ཆི་བདེ་ཡང་བདེ་བ་མ་ཡིནོ། ”ཞེས་བརྗོད་དེ། མི་ཞིག་ལ་མཚོན་ན་རྒྱུ་ནོམ་པ་དང་ཕྱུགས་ཟོག་གི་གྲངས་མང་བ་ཙམ་གྱིས་བདེ་བ་ཐོབ་པ་ནི་ཡོད་མོད་། དེ་ནི་བདེ་བའི་མཆོག་གམ་བདེ་བ་མཐར་ཐུག་པ་མ་ཡིན་པར་བདེ་བ་མ་མཐར་ཐུག་པ་ནི་རང་གི་སེམས་བདེ་ན་བདེ་བ་ཡིན་པར་མ་ཟད་བདེ་བ་ཐམས་ཅད་ལས་མཆོག་ཏུ་གྱུར་བ་བསྟན་པ་འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ངོས་ནས་བཤད་ན་ལེགས་བཤད་དང་བསླབ་བྱ་སོགས་ཀྱི་ཐོག་མ་མ་ཡིན་ནམ། རྩོམ་འདིའི་ནང་དུ་བྱེ་བྲག་གི་དོན་རེ་རེ་ཡང་བརྗོད་ཡོད་པ་ནི་རྩོམ་འདིའི་ཁྱད་ཆོས་ཤིག་ཡིན་པས་དྲི་བ་གཉིས་པར་སེམས་བདེ་བ་ཇི་ལྟར་ཡོང་བའི་ཐབས་ཀྱི་སྐོར་འཆད་ཡོད་དེ། དྲི་བ་གཉིས་པར་“ནུ་ན་རེ། ། སེམས་བདེ་བའྀ་ཐབས་ཆི་ལྟར་བྱ། ཕུ་ན་རེ། བདག་ལ་མཚང་མྱེད་པར་བྱསྣ། མཐོ་བའི་ས་ན་ཡང་མཐོ་ཞིང་བདེའོ ། དམའ་བའི་ས་ན་ཡང་། དམའ་ཞིང་བདེའོ། ཡོངས་ཀྱི་རྒྱལ་པོའི་ཁྲིམས་ལ། ། སྲོག་སྲིད་གཉིས་བརྟན་ཏེ། ། ཆི་ལ་ཡང་། རན་པར་བྱ་བའི་རིགས་སོ། ། དེ་འགལ་དང་། ། དགྲར་ནི་གྲོགས་ལྟོག། དཔུང་ནི་རྒྱལ་པོས་བྱསྣ། ། མ་སྙེམས་པའི་ཡང་མྱི་མྱེད་ལ། ། ཤགས་གདབ་དུ་ཡང་། ། ཡུས་མེད་ན། ། ཆི་ལ་བརྟན། ། ”ཞེས་པ་ལས་རང་གིས་རང་ལ་མཚང་མེད་པ་ཞིག་བྱས་ན་མཐོ་སར་གནས་ཀྱང་དོན་དམ་མཐོ་ཞིང་བདེ་བ། དམའ་སར་གནས་ནའང་རྟག་ཏུ་སེམས་བདེ་བ། རྒྱུ་ནོར་ལ་ཆོག་ཤེས་འཛིན་པ་སོགས་བྱས་ན་བདེ་བ་མཆོག་ཏུ་གྱུར་བར་བསྟན་ཡོད། བརྩམས་ཆོས་གཉིས་ཀའི་བདེ་བ་ལ་བཟུང་བའི་ངོས་འཛིན་གཅིག་མོད། འོན་ཀྱང་བཏམས་ཤིང་བསྟན་པའི་མདོས་དུས་རབས་བདུན་པ་དང་བརྒྱད་པའི་བོད་བཙན་པོའི་སྐབས་ཀྱི་མིའི་བསམ་བློ་མཚོན་པ་དང་གཅིག      ས་པཎ་ལས་ཧ་ལམ་ལོ་བཞི་བརྒྱའམ་ལྔ་བརྒྱ་ལས་སྔ་བའི་བོད་མི་རང་གིས་བདེ་བའི་ངོས་འཛིན་ཡིན་པ་ལས་རིག་གནས་ཆེ་ཆུང་ལ་བཅུ་ལ་མཁས་པའི་པཎྜིཏ་ཞིག་གམ་ཆོས་ལུགས་པ་ཞིག་གིས་བདེ་བར་བཟུང་བའི་ངོས་འཛིན་མ་ཡིན་པ་གཉིས་ཡིས་བཏམས་ཤིང་བསྟན་པའི་མདོ་ཡི་རིན་ཐང་དེ་ལྷག་པར་ཤེས་ཐུབ།          
གཉིས། མི་ཚེའི་ལྟ་བའི་སྐོར།
             ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ནི་ས་སྐྱ་བའི་གྲུབ་མཐའི་བདག་པོ་དང་། རིག་གནས་ཆེ་ཆུང་བཅུ་ལ་མཁས་པའི་པཎྜིཏ་ཞིག་ཡིན་པས། ལེགས་བཤད་དུ་ཆ་ཚང་ཞིང་ཤུགས་དྲག་པོའི་སྒོ་ནས་ཆོས་ལུགས་ཀྱི་གཞི་རྩའི་ལྟ་བ་དྲིལ་སྒྲོག་བྱས་ཡོད། དཔེར་ན།  “སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་པ། ། ལུས་འདི་དགྲ་དང་འདྲ་མོད་ཡི། བློ་དང་ལྡན་པས་འཁོལ་ཤེས་ན། ། འདི་ལ་བསོད་ནམས་རྟེན་དུ་རུང་། ། ”ཞེས་པ་ལས་མི་ཚེ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་དང་། དེ་ལ་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་དང་། འདོད་པ་ལ་ཆོག་མི་ཤེས་པའི་སྡུག་བསྔལ། ཤི་ན་མེད་དེ་མི་འགྲོ་བར་རྫ་མཁན་གྱི་འཕང་ལོའམ། ཟོ་ཆུན་གྱི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་འཁོར་བའི་གནས་རིས་ལས་འདའ་མི་ཐུབ་པ་བསྟན་མོད། འོན་ཀྱང་མི་ལུས་འདི་ལ་སྙིང་པོ་བླངས་ནས་དམ་པའི་ལྷ་ཆོས་ཤིག་བསྒྲུབས་ན་ཚེ་འདི་ཕྱི་ཀུན་ལ་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་འབྱུང་བར་ཡང་བརྗོད་ཡོད། ནམ་འཆི་ཆ་མེད་ཡིན་ཞིང་སུས་ཀྱང་བཤོལ་མི་ནུས་ལ། ཤི་ནས་ཀྱང་འཁོར་བའི་གནས་འདིར་ཁྱམས་ཏེ་གར་འགྲོ་གཏོལ་མེད་པར་འགྱུར་བ་སྟོན་པ། དཔེར་ན་“མི་རྣམས་ཚེ་ཐུང་དེ་ཡི་ཕྱེད། ། མཚན་མོ་གཉིད་ལོག་ཤི་དང་འདྲ། ། ན་རྒའི་སྡུག་བསྔལ་སྣ་ཚོགས་ཀྱིས། ། ཕྱེད་པོའང་བདེ་བར་སྤྱད་པ་མེད། ། གཉེན་བཤེས་ཀུན་གྱིས་མཐའ་སྐོར་ཏེ། ། གཅོམ་བསྐྱུངས་མིག་རྩ་ཤིན་ཏུ་ཞན། ། གང་ཕྱོགས་འགྲོ་བའི་གཏོལ་མེད་པ། ། དེ་ཚེ་དགེ་བ་གཞན་རྣམས་ཕུང་། ། ”①ཟེར་བ་བཞིན་ལེགས་བཤད་འདིའི་ནང་དམ་པའི་ཆོས་ཀྱི་ནང་དོན་གྱིས་གྲངས་མང་པོ་ཟིན་ཡོད་པར་དམ་པའི་ལྷ་ཆོས་སྒྲུབ་པར་སྐུལ་ཡོད། གཞན་ལེགས་བཤད་འདིའི་མཇུག་ཏུ་ཡང“བློ་གསལ་བློ་ཡི་ཀུ་མུད་རྒྱས་གྱུར་ཅིག། ཤེས་བྱ་ཀུན་ལ་རབ་སྦྱངས་པས། ། ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར། ། དེས་ན་བདག་གི་བསྟན་བཅོས་འདི། ། རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བྱས། ། ”ཞེས་པ་ལས་ཀྱང་ཁོས་བསྟན་བཅོས་འདི་རྩོམ་པའི་དགོངས་པ་ཤེས་མོད། ཡིན་ནའང་ཆོས་ལུགས་ཀྱི་ནང་དོན་དེ་ཡང་ལེགས་བཤད་འདིའི་མགོ་མཇུག་བར་གསུམ་དུ་མེད་པར་གཙོ་བོ་རབ་བྱེད་དགུ་བ་ཆོས་བརྟག་པར་ཡོད་པ་ཙམ་མོ ། 《བཏམས་ཤིང་བསྟན་པའི་མདོའི་》ནང་དུ་མི་ཚེ་ལ་བཟུང་བའི་ལྟ་བ་ས་སྐྱ་ལེགས་བཤད་དང་མི་འདྲ་སྟེ། དྲི་བ་གསུམ་པར།  “ནུ་ན་རེ། ། དགོས་པ་ལ་མ་སྟོར་བ་བྱ་བ་གང་། ། ཕུ་ན་རེ། ། ཡོངས་ནི་དགོས་པ་ལ་སྟོར་བར་བྱ་བ་གཆིག་གྱང་མྱེདེ། ། དེའི་ནང་ན་མཆོག་བདམས་ན། ། (སྲོག) སྲིད་ཉིས་མ་སྟོར་པར་བྱ་འོ། ”ཞེས་པ་ལས་སྤྱིར་དགོས་པའི་ནང་བརླག་འོས་པ་གཅིག་ཀྱང་མེད་མོད་མཆོག་ཏུ་གྱུར་བ་བདམས་ན་སྲོག་དང་ཁྱིམ་སྲིད་གཉིས་མ་བརླག་པར་བྱའོ་ཞེས་མིའི་སྲོག་དང་ཁྱིམ་སྲིད་ནི་མཆོག་ཡིན་པ་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་མ་ཡིན་པ་ང་ཚོས་ཤུགས་ལས་གོ་ཐུབ་བོ། ། འདིས་བོད་བཙན་པོའི་སྐབས་ཀྱི་བོད་མིའི་བསམ་བློར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བས་ཤན་ཐེབས་པ་དེ་འདྲའི་མངོན་གསུམ་མིན་པ་མཐོང་ངོ་། །   
གསུམ། ནོར་འཁྲུལ་ཡོ་བསྲང་བྱ་དགོས་པའི་སྐོར།
             མི་སུ་ཞིག་ཡིན་རུང་སྐྱོན་མེད་པའམ་ནོར་འཁྲུལ་མེད་པ་ཅན་ཞིག་མེད་པས་དེ་ལ་ཡོ་བསྲང་བྱ་དགོས་པ་ནི་བརྩམས་ཆོས་གཉིས་ལས་བསྟན་ཡོད་དེ། 《ས་སྐྱ་ལེགས་བཤད་》དུ།  “དམ་པ་སྡིག་པ་ཆུང་ཡང་སྤོང་། ། དམན་རྣམས་ཆེན་པོའང་དེ་ལྟ་མིན། ། ཞོ་ལ་རྡུལ་ཕྲན་འབྱར་བ་སེལ། ། ཆང་ལ་ཕབས་ཀྱང་ལྷག་པར་འདེབས། ། ”ཞེས་པ་དང་།  “སྐྱེས་མཆོག་རང་གི་སྐྱོན་ལ་ལྟ། ། སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ། ། རྨ་བྱ་རང་གི་ལུས་ལ་རྟོག། སྲིན་བྱ་གཞན་ལ་ལྟས་ངན་མཐོང་། ། ཅེས་པ་དང་། ཅུང་ཟད་བསམ་པ་ཡོད་རྣམས་ཀྱིས། ། སྐྱོན་དེ་བརྣགས་ལ་གདོན་པར་བྱ། །  དེ་ལྟར་གཉེན་པོ་སྤྱོད་པ་ཡི། ། མི་དེ་གོང་ནས་གོང་དུ་འགྲོ། ”ཞེས་ནོར་འཁྲུལ་ཡོ་བསྲང་དང་བཅོས་སྒྱུར་བྱེད་པ་ནི་རང་ཉིད་མུ་མཐུད་དུ་ཡར་ཐོན་ཡོང་བའི་ཆེད་ཡིན་པར་མ་ཟད་སྔར་ལས་ཇེ་བཟང་དང་ཇེ་ལེགས་སུ་འགྲོ་བའི་ཆོས་ཉིད་ཀྱང་བསྟན་ཡོད། བཏམས་ཤིང་བསྟན་པའི་མདོའི།  དྲི་བ་སོ་བརྒྱད་པར“ནུ་ན་རེ། ། བདག་ལ་བླ་མ་གཤེ་ན་ཆི་ལྟར་བྱ། ། ཕུ་ན་རེ། ། བདག་དགིས་ཉེས་ན། ། ཁས་ལོང་ཤིག། མ་ཉེས་ན། ། འཇམ་བྱང་བར་འཇམ་དུ་ཤོད་ཆིག། མ་ཉེས་པ་གཤེ་ཞེས། ། ཆུ་ཚད་དང་ལོག་པ་ནང་ཚིག་བྱེ་སྟེ་བཀྱེད་ན། ། བདག་ལ་གནོདོ ། ། བདག་ལ་གཡོ་ཡོད་ན། བོར་ཏེ། སླར་བསྐོར་ཞིང་ཡོད་ཆེས་པར་བྱ་བའྀ་རིགས་སོ། ། ”ཞེས་བསྟན་ཡོད་ལ། འདི་ནི་ས་སྐྱ་ལེགས་བཤད་དང་འདྲ་བར་རང་གི་ཉེས་པ་ཡིན་ན་ནི་ངོས་ལེན་ཞུ་དགོས་པ་དང་རང་ལ་མནོང་ཡོད་ན་སྤངས་བའམ་སླར་དེ་ལས་ལྡོག་སྟེ་ནོར་འཁྲུལ་ཡོད་ན་ཡོ་བསྲང་བྱེད་དགོས་པ་བསྟན་ཡོད།
བཞི། ཡོན་ཏན་དང་བརྩོན་འགྲུས།
             ས་སྐྱ་ལེགས་བཤད་ནང་དུ“མཁས་པ་རྣམས་ཀྱིས་དཔྱད་པ་ཡི། ། ཤེས་བྱ་ཤེས་ན་མཁས་པར་བགྲང་། ། བ་ལང་རྒན་གཞོན་དཔྱོད་པ་ལ། ། བླུན་པོ་མཁས་ཀྱང་ཡོན་ཏན་མིན། ། ལེགས་བཤད་བྱིས་པ་དག་ལས་ཀྱང་། ། མཁས་པ་རྣམས་ནི་ཡོངས་སུ་ལེན། ། དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། ། ལྟེ་བ་ལས་ཀྱང་གླ་རྩི་ལེན། ། རིག་པ་ནང་བར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ། ནོར་ལ་རང་ཉིད་ལེན་པ་འདྲ། ། ”ཞེས་མཁས་པ་རྣམས་ཀྱིས་དཔྱད་བྱ་ཡོད་པའི་ཤེས་བྱ་ཤེས་ན་ད་གཟོད་ཡོན་ཏན་དུ་བགྲངས་པ་དང་བྱིས་པ་དག་ལས་ཀྱང་ལེགས་བཤད་ལེན་པ། ནང་པར་འཆི་ཡང་ཡོན་ཏན་སློབ་པ་སོགས་ཡོན་ཏན་སློབ་པར་ཧ་ཅང་མཐོང་ཆེན་བྱ་དགོས་པ་བྲིས་ཡོད། དེ་བཞིན་དུ་བཏམས་ཤིང་བསྟན་པའི་མདོའི།  དྲི་བ་ང་གསུམ་པར“ཕུ་ན་རེ། ཤེས་པ་ཆི་ལྟར་བྱ། ཕུ་ན་རེ། ། ཡོངས་ནི། ། མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་མྱེདེ། མཛངས་པ་ཆི་ཡང་ཤེས་པ་ཡང་། ། བསླབ་པ་ལ་ནི་འགྲུས། ། བསྟན་པ་ལ་ནི་ཉན། ། ལེགས་པ་ལནི། དགྲ་ལ་ཡོད་གྱང་ལེན། ། ཉེས་པ་ལ་ནི། ། བདག་ལ་ཡོད་གྱང་འདོར། ། དྲང་པོར་སྟོན་པ་ལ་ནི་གཤེ་ཡང་དགའོ། ལོག་པར་སྟོན་པ་ནི། ། བྱམས་གྱང་སྤང་ངོ་། ། དེ་ལྟ་བས་ན། ། ཕ་དང་། ཕུ་ནུ་རྒན། རབས་གྱིས་གྱང་། ། བུ་ཚ་གཞོནུ་ནི། ། ཤེས་པའི་ཞོ་ཤ་ཁོང་ན་མ་ལུས། བསླབ་ཆིང་སྦྱང་བ་ལ། ། ཆེད་ཆེ་བ་མྱེདོ། དེ་ལྟ་བས་ན། ། ངན་ཡང་འབྲིང་པོར་འོང་ན། ། འཛངས་པ་ལྟ་སྨོས་གྱང་ཆི་དགོས། ། སྙིང་རྒྱུ་ཁོང་ན་ཡོད་གྱང་། མ་བསྟན་མ་བསླབས། ཆིང་མ་སྦྱངས་ན། འཛངས་པ་ལྟ་འབྲིང་པོར་འོང་ན། ངན་པ་ལ་ལྟ་སྨོས་གྱང་ཅི་དགོས། ། དེ་ལྟ་བས་ན། ། སླད་པ་ཆེད་ཆེ་བར་མངོན་ནོ། ། བུས་བ་གཞོ་ནུ། རྩེ་བའི་གོར། ཡོག་རྩིས་ལ་སོགས་པ། ། འཛངས་གྱི་སྣོན་དུ་འགྲོ་བ་དང་། ཕོང་རྩལ་ལ་སྩོགས་པ། ། དཔའ་བའྀ་སྣོན་དུ་འགྲོ་བ། ལོབ་པར་བསླབས་པའི་རིགས་སོ། ། ཡུན་དུ་ཕན་བ་ནི། དཀའ་ཡང་བསླབ། ། ཡུན་དུ་གནོད་པ་ནི། ། དད་གྱང་བཏང་ན་ཕྲལ་གྱི་ལྟ་ཆི་སྨོས། ། ”ཞེས་བསྟན་པ་ལྟར་ན་མི་ཞིག་ཡིན་ན་མ་སྦྱངས་པར་ཤེས་པ་ཞིག་མེད་པས་ཡོན་ཏན་སློབ་དགོས་པ་དང་། དེ་ལ་ཡང་བརྩོན་འགྲུས་སྐྱེད་དགོས་ལ་རིག་པ་འབྲིང་པོ་དང་ཞན་པ་དག་གིས་ལྷག་པར་དུ་བརྩོན་འགྲུས་སྐྱེད་དགོས་ཚུལ་དང་། ཡོན་ཏན་ཡང་ཕོང་རྩལ་ལ་སོགས་སྦྱངས་ན་དཔའ་བོའི་ཁ་སྣོན་དུ་འགྲོ་ཞེས་འདི་དག་ལའང་ཆུང་དུས་ནས་འབད་པས་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་སྟེ་མི་ཞིག་ཡིན་ན་དཔའ་མཛངས་གཉིས་དང་ལྡན་པར་འབད་པ་བྱེད་པ་ཤེས་ཐུབ་པར་སྙམ།
ལྔ། བཟའ་ཚང་དང་འབྲེལ་བའི་སྐོར།
             《ས་སྐྱ་ལེགས་བཤད་》དུ་ཁྱིམ་སྲིད་ཀྱི་མག་པ་དང་ཆུང་མ་ཇི་ལྟ་བུ་ཞིག་ལེན་ཚུལ་བརྗོད་མེད་པས་འདིར་《བཏམས་ཤིང་བསྟན་པའི་མདོ》ཡི་ནང་གི་དེའི་སྐོར་ལ་བལྟས་ན་བོད་ཀྱི་སྐབས་དེའི་སྤྱི་ཚོགས་ཀྱི་ཟུར་ཞིག་མཐོང་ཐུབ་པས་འདིར་བཀོད་ན། དྲི་བ་ང་བདུན་པར“ནུ་ན་རེ། གཉེན་བྱ་ན་ཆི་ལྟར་བྱ། ཕུ་ན་རེ། ། མནའ་མ་བླངས་ན། ། མནང་དང་འཛངས་བདམོ། དེར་ཡང་མྱི་ལྡན་ན། ། མནང་དོམ་ཤིག། མག་པ་བདམ་དུ་ཡོད་ན། ། འཛངས་ཕྱུག་གཉིས་དོམ་ཤིག། ”ཅེས་མནའ་མ་འཛངས་ཕྱུག་གཉིས་དང་ལྡན་པ་གདམས་པ་དང་དེ་འདྲ་མེད་ན་འཛངས་པ་ལས་རྒྱུ་ནོར་ཅན་འདེམས་པ་དང་མག་པ་ཡིན་ན་འཛངས་ཕྱུག་གཉིས་འདེམས་པ་དེ་ནི“སྐབས་དེའི་དབང་སྒྱུར་གྲལ་རིམ་གྱི་གཉེན་སྒྲིག་གི་ལྟ་བ་མཚོན་ཏེ། རྒྱུ་ནོར་ནི་ཆ་རྐྱེན་ཡིན་པའི་གཉེན་སྒྲིག་ནི་དབང་སྒྱུར་གྲལ་རིམ་གྱིས་རང་ཉིད་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ལ་འདང་རྒྱབ་པ་ལས་དེ་ནི་ངལ་རྩོལ་མི་དམངས་ཀྱི་བརྩེ་དུང་དང་གཏན་ནས་མི་འདྲའོ། ། ”aསྤྱི་ཚོགས་ཀྱི་ཀུན་སྤྱོད་དུས་སྐབས་རེ་རེར་མི་གཅིག་པས། འདི་ལས་སྐབས་དེའི་དབང་སྒྱུར་གྲལ་རིམ་གྱིས་བཟའ་ཟླ་ཅི་ལྟ་བུ་ཞིག་བཙལ་བའི་སྣང་བརྙན་ང་ཚོས་སེམས་ལ་གསལ་ལེར་ཤར་ཐུབ་བོ།
༥བཟའ་ཟླ་ཕན་ཚུན་འདྲ་མཉམ་ཡིན་པ།
             བཟའ་ཟླ་ཇི་ལྟར་སྐྱོང་བའི་སྐོར་བྲིས་པ་དཔེར་ན། དྲི་བ་རེ་གཉིས་པར།  “ནུ་ན་རེ། ། ཆུང་མ་དང་ཧ་ཆང་མཛའ་ཆེས་ན་ནི། ། གཞན་གྱིས་གྱང་ཁྲེལད། ། སྡང་བར་བྱར་ནི། ། མོའང་ཡིད་དུ་འོང་དགུ་བྱེད་ན། ཆི་ལྟར་བྱ། ། ཕུ་ན་རེ། ། ཆི་ལྟར་ཡིད་དུ་འོང་བ་ལ་སྣང་སྟེ། ། ལེགས་པའྀ་ཡིད་དུ་འོང་བ་བྱེད་ན། མཛའ་ཞེས། ། གཞན་གྱིས་མྱི་ཁྲེལ་གྱིས། ། མོས་མ་ཉེས་པར། ། དཔྱས་གྱིས་དོགས་པའྀ་ཕྱིར་སྤང་བའྀ།  ག་ལ་རིགས་སོ། ། གཞུང་གིས་ལེགསན་པ་མ་ཡིན་ན། ། ཡིད་དུ་ཆི་ལྟར་འོང་ཡང་། འཐུན་བར་མ་བྱེད་ཆིག། མོས་མ་ཉེས་དང་། སྣ་འགའ། བདགི་སེམས་དང་མ་མཐུན་པའྀ་ཕྱིར། ། བདག་ལ་དབང་ལ་དབང་ཡོད་ཆེས། དངན་སྡང་དུ་མ་སྡང་ཤིག། ”ཅེས་ཆུང་མའི་སྐད་ཆ་མི་འོས་པ་སོགས་མ་ཡིན་པར་བཟང་བའི་སྐོར་ལ་ནི་ཉན་དགོས་པ་དང་། ཆུང་མ་ལ་ལེགས་ཕྱོགས་ནས་སྙིང་དུ་སྡུག་ན་ནི། མཛའ་དྲགས་ཞེས་གཞན་གྱིས་འཕྱ་མི་སྲིད་ལ། ཆུང་མས་ཉེས་པ་མིན་བཞིན་དུ་གཞན་གྱི་འཕྱ་དམོད་ལ་དོགས་ནས་སྤོང་བ་ནི་ག་ལ་འགྲིག   ཡང་ལུགས་ལྟར་ལེགས་པའི་ཕྱོགས་མ་ཡིན་ན་ནི་སྙིང་དུ་ཅི་ཙམ་སྡུག་ཀྱང་མཐུན་པར་མ་བྱེད་ཅིག   དེ་མིན་ཆུང་མ་མ་ཉེས་པར་བྱ་བ་འགའ་ཞིག་རང་གི་འདོད་བློ་དང་མ་མཐུན་པར་བརྟེན་ནས། རང་ལ་དབང་ཡོད་སྙམ་སྟེ་བརྙས་་བཅོས་ཀྱི་སྡང་ཟུག་མ་བྱེད་ཅིག་ཅེས་བཟའ་ཟླ་ཇི་ལྟར་སྐྱོང་བའི་ལུགས་ཏེ་བཟའ་ཟླ་བར་ཕན་ཚུན་འདྲ་མཉམ་ཡིན་པ་ལ་སོགས་གསལ་བོ་ཤེས་ཐུབ་པས་འདི་ནི་སྐབས་དེའི་སྤྱི་ཚོགས་གོམས་སྲོལ་ཤེས་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་རེད། གཞན་ཡང་མནའ་མ་དང་སྒྱུག་མོའི་བར་ལ་ཁ་མཆུ་བྱུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྒྱོ་མོས་ཀྱང་མནའ་མར་ཐད་ཀར་ཚིག་ངན་པས་གཤེ་གཤེ་མི་གཏོང་པར་གནས་ལུགས་བཤད་ནས་བླང་དོར་སྟོན་པ། མནའ་མས་ཀྱང་ཁྱོ་གའི་ཕ་མ་རང་གི་ཕ་མར་ངོས་བཟུང་ནས་གུས་བཀུར་དང་། ནམ་ཞིག་རང་ཡང་སྒྱུག་མོ་ཡིན་པ་སོགས་ལ་བསམ་ནས་ཕ་མར་སྲི་ཞུ་སྒྲུབ་པ་སོགས་རང་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དེ་ཡང་མཐོང་ཐུབ། ཁྱིམ་བཟང་ཚང་ཕན་ཚུན་དབར་འཆམ་མཐུན་ཡོང་དགོས་ན་ཤ་ཞེན་དང་ཕྱི་ཐག་ཡོད་པར་བྱས་ཏེ་བུ་ཞིག་ཡིན་ན་ཕའི་སེམས་དང་མཐུན་པ། གཅུང་པོ་ཞིག་ཡིན་ན་གཅེན་པོའི་སེམས་དང་མཐུན་པ། བྲན་འཁོར་ཞིག་ཡིན་ན་རྗེ་བོའི་སེམས་དང་མཐུན་པ། ཆུང་མ་ཞིག་ཡིན་ན་ཁྱོ་གའི་སེམས་དང་མཐུན་པ། གཡོག་པོ་ཞིག་ཡིན་ན་དཔོན་པོའི་སེམས་དང་མཐུན་ན་ད་གཟོད་གཉེན་འཁོར་ཀུན་བདེ་བར་བྱེད་ནུས་པ་བསྟན་ཡོད་པར་མ་ཟད་སེམས་མི་མཐུན་པ་ལ་སྙིང་ནད་ཆེ་བ་ཡང་མེད་པ་སོགས་ཤ་གཉེན་སྐྱོང་ཚུལ་དང་བཟའ་ཚང་འགྲིག་མོ་ཡོང་བའི་ཐབས་ལམ་བྲིས་ཡོད། འདིར་ཡང་ཕན་ཚུན་སེམས་མཐུན་དགོས་པ་ལས་ཕན་ཚུན་བར་བསྟུན་དགོས་པ་མིན་པ་འདིས་བོད་མིའི་ཕན་ཚུན་བརྩི་མཐོང་གི་རིག་གནས་གསལ་བོ་ཤེས་ཐུབ་བོ། །
དྲུག    ཕ་མར་སྲི་ཞུ་དང་དྲིན་ལན་འཇལ་ཚུལ།
             《ས་སྐྱ་ལེགས་བཤད་》ནང་དུ“ཇི་ལྟར་ཕ་མ་བུར་བྱམས་ཀྱང་། ། དེ་ལྟར་བུ་ཚས་ཕ་མ་མིན། ། ཕ་མས་བུ་ཚ་བསྐྱངས་བསྐྱངས་ནས། ། ཕ་མ་རྒས་ནས་བུ་ཚས་བརྙས་། ། ”ཞེས་བསྟན་ཏེ། བུ་ཚས་ཕ་མར་བརྙས་མི་རུང་བ་དེ་གཙོ་བོར་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་ལྟ་བའི་ཐོག་ནས་བཤད་པ་རེད། 《བཏམས་ཤིང་བསྟན་པའི་མདོ》ཡི་ནང་དུ་ཡང་ཕ་མར་སྲི་ཞུ་བྱེད་དགོས་པ་བྲིས་ཡོད་དེ། དྲི་བ་སོ་གཉིས་པར“ནུ་ན་རེ། ། སྲི་ཞུ་བྱ་ཆི་བཟང་། ། ཕུ་ན་རེ། ། བུ་ཙས་ནི་ཕ་མ་དང་། ། གཉེན་བཤེས་མྱི་འགྱོད་པར་ནུས་ན། ། སྲི་ཞུའི་མཆོགོ། དེ་ལྟ་བས་ན། ། བུ་དང་ཆུང་མ་བས་ནི། ། ཕ་མ་དང་ཕུ་ནུ་བོ།   ཕངས་པར་བརྩི་དགོསོ། བུ་ཚཕ་མས་གསོས་ཏེ། ། ཕངས་བའི་རིམ་འགྲོ་མྱིག་དང་མཚུངས་པར་བྱས་པ་ཡང་། ། རྒས་བའི་བསེལ་དང་ལན་གློན་བར་དགོསུ་ཟད་དེ། ། སྐྱེས་ན་སླར་ལན་གློན་ཞིང་ཆི་ནུས་གྱིས་བྱ་བའི་རིགས་སོ། ། དཔེར་ན། གཆན་གཟན། མཚའ་དང་བུ་རྒོད་ཀྱི་བུ་ཡང་། ། ཕ་མའི་དྲིན་གྱི་ལན་གློན་ན། མྱིའི་བུ་ལྟ་ཆི་སྨོས་མ་རབས་གྱིས་ཕན་གཞན་དུ་གདགསུ་མྱེད་གྱང་། ། ཕ་མའི་ངག་མཉན་ཏེ། ། ཡིད་དང་མ་གལ་པེའི་རིམ་གྲོ་ཆེར་བྱ་བའི་རིགས་སོ། ། བུའང་ཐུགས་ཐུབ་མྱི་བྱེད་ན། མནའ་མ་ལྟ་ཆི་སྨོས། ། ཕ་དང་བླ་མ་ལ། ། སྲི་ཞུ་མྱེད་ན། ། དེ་ནི་ཕྱུགས་དང་མཚུངས་གྱིས། ། མྱི་ཞེས་མྱིང་མ་གདགས་ཤིག། ”ཅེས་དཔེ་སྒོ་ནས་ཕ་མ་སྲི་ཞུ་བྱ་དགོས་པ་དང་ཕ་མར་སྲི་ཞུ་བྱེད་པ་ནི་སྲི་ཞུའི་མཆོག་ཡིན་པ་བྲིས་ཡོད་པ་འདི་ནི་ཕ་མས་བུ་དྲིན་གྱིས་བསྐྱངས་བའི་ལྟ་བ་གཅིག་པུའི་ཐོག་ནས་ཕ་མར་དྲི་ལན་འཇལ་དགོས་པ་བསྟན་པ་ལས་ནང་བསྟན་གྱི་ཤན་ཞུགས་མེད་པ་འདྲ། སྐབས་དེའི་བརྩམས་ཆོས་གཞན་དག་ལས་ཀྱང་ཕ་མར་དྲིན་གྱིས་བསྐྱངས་དགོས་ཚུལ་བསྟན་པ་མཐོང་ཐུབ་སྟེ། དྲི་བ་དོན་བདུན་པའི་ནང་དུ་ཕ་དང་མ་སུ་ཡིན་རུང་རང་གི་བུ་ཕྲུག་ལ་ཉེ་རིང་མེད་ལ། ཕ་མས་རང་གི་བུ་ཕྲུག་ཉེས་པར་དོགས་ནས་ལོག་པའི་ལམ་མི་སྟོན་པར་མ་ཟད་སྙིང་གི་གཏམ་འཆད། གལ་ཏེ་ཕ་མས་ལོག་པའི་ལམ་ལ་སྐུལ་བའི་ཚིག་བཤད་ན། ལོག་པ་ཚོར་བཞིན་དུ་དོན་ངན་པ་བསྒྲུབ་པ་མི་འགྲིག་པས་སྤོང་དགོས་པ་བསྟན་ཡོད།
བདུན། མིའི་འགྲོ་ལུགས་འདུག་སྟངས་སྐོར།
             《བཏམས་ཤིང་བསྟན་པའི་མདོ》ཡི་ནང་དུ་བྱ་བ་བསྒྲུབས་སྐབས་ཀྱི་གནད་དོན་མང་པོ་ཞིག་འཆད་ཡོད་པ་དཔེར་ན་བྱ་བ་གང་ཞིག་ཡིན་རུང་རྩ་བའམ་གཞུང་ནི་དྲང་བོས་འཛིན་པ་དང་། ཡན་ལག་ཀྱང་མ་ནོར་བར་སྒྲུབ་པ། དེ་ལས་དྲང་པོ་ནི་རྒྱལ་པོའི་ཆོས། ཁྲིམས་ཀུན་ལ་སྙོམས་ན་དྲང་ཞེས་བྱ་ཤིང་། ཡན་ལག་མ་ནོར་བར་སྒྲུབ་པ་ནི་ཁྲིམས་ལས་མི་འབྱུང་བའི་རིགས་ལ་བདེན་དང་མི་བདེན། ཡིན་དང་མ་ཡིན་སོགས་དབྱེ་བ་འབྱེད་ཐུབ་པ། མདོར་ན་མིའི་དཔོན་པོ་པྱེད་ན་ནམ་མཁའ་དང་མཚུངས་བར་སྙོམས་ཤིང་། སྲང་མདའ་དང་འདྲ་བར་དྲང་ལ། བདེན་ཅན་གྱིས་མ་རངས་པ་མེད་པ་དང་། འཚོ་སྐྱོང་གིས་མ་ཁྱབ་པ་མེད་པར་བྱ་བའི་རིགས་སོ་ཞེས་བོད་ཀྱི་གཏམ་དཔེར་ཡང་མི་དྲང་མོ་མདའ་འདྲ་འདྲ། བུ་རྒོད་པོ་སྟག་འདྲ་འདྲ་ཟེར་བ་བཞིན་མི་དྲང་མོ་དུས་དང་རྣམ་པ་ཀུན་ཏུ་གཞན་གྱིས་བཀུར་བ་དེ་འདི་ལས་ཀྱང་མཚོན་ཐུབ། དྲི་བ་བཅུ་གསུམ་པར“ནུ་ན་རེ། ། དྲང་པོའི་ཆོས་བྱས་གྱང་། ། ལ་ལ་འཁྱམས་པ་ཡོད་ན། ། ཆི་ཉེས། ཕུ་ན་རེ། ། དེ་ལྟ་བུ་ནི་དཀོན་པའི་རིགསྟེ། འགའ་ཞིག་ཡོད་དུ་ཟིན་གྱང་། ། བདག་གིས་མ་ཉེན་ཡང་དག་པ་ལ། ། དབང་མྱེད་པར་འོངས་ན། ། སུས་གྱང་མྱེད་པར་འོངས་ན། ། སུས་གྱང་མྱི་སློན་ཏེ། ། སྲོག་ཆད་པ་དང་། འདྲས། ། འགྱོད་པའི་ས་མྱེད་དོ ། ཡོངས་གྱང་། ཉེས་བྱེ་བྱེད་དེ་ལེགས་པ་ནི། ། བརྒྱའ་ལ་གཆིག་གོ། ལེགས་བྱེད་བྱེད་ལེགས་པ་ནི། ཀུན་ནོ། ”ཞེས་དྲང་བདེན་ཚུལ་བཞིན་བྱས་ན་ཕམ་ཉེས་ཡོང་པ་ཧ་ཅང་དཀོན་པ་ཡིན། འགའ་ཞིག་བྱུང་པ་སྲིད་ཀྱང་རང་གིས་མ་ཉེས་པ་དངོས་འབྲེལ་ལ་དབང་མེད་དུ་དེ་ལྟར་གྱུར་པ་ཡིན་ན་སུས་ཀྱང་མི་བསྙོན་ལ། སྤྱིར་བྱ་བ་ངན་པ་བྱས་བྱས་ནས་ལེགས་པ་བྱུང་བ་ནི་བརྒྱ་ལ་སྲིད་མཐའ་ཙམ་དང་བྱ་བ་བཟང་པོ་བྱས་བྱས་ནས་ལེགས་པོ་ཡོང་བ་ནི་ཀུན་ལ་སྲིད་དོ 《ས་སྐྱ་ལེགས་བཤད་》ནང་དུ་ཡང་།  “རང་དོན་འབད་པས་བསྒྲུབ་འདོད་ན། ། དེ་ཡིས་དང་པོར་གཞན་དོན་སྒྲུབས། ། རང་དོན་ཁོ་ན་གཙོར་བྱེད་པ། ། དེ་ཡིས་རང་དོན་འགྲུབ་མི་ཟད། ། ”ཅེས་པ་ལྟར་གཞན་གྱི་བྱ་བ་བསྒྲུབ་ན་རང་གི་དོན་ཀྱང་འགྲུབ་པ་བསྟན་ཡོད། བྱ་བ་དྲང་བདེན་མ་བྱས་པར་བྱ་ངན་གཡོ་ཐབས་ཁོ་ན་བྱེད་བཞིན་དུ་གསོན་པོར་སྡོད་པ་ལས་དྲང་ཞིང་ཚད་མ་འབའ་ཞིག་བྱེད་བཞིན་དུ་ཤི་དགོས་བྱུང་ཡང་ཆོག་པ་ཙམ་གྱི་བར་དུ་སྲན་ཚུགས་པར་བྱ་དགོས་ལ། ཕྱི་ཚུལ་བཟང་ཞིང་ཁ་སྙན་ལ་ཞེ་འཁྱོག་པའི་ཁོག་རུལ་དུ་གནས་པར་མི་བྱེད་པ་བསྟན་ཡོད་དེ། དྲི་བ་དགུ་པར།  “ནུ་ན་རེ། ། དྲང་པོར་བྱར་མྱི་བྱར་མྱི་རུང་བ་ཞིག་ཡོད་ན། སྲན་ཆི་ཚམ་དུ་གཟུགས། ། ཕུ་ན་རེ། ། ཉེས་པོ་ཡོན་པོ་བྱེད་བྱེད་དེ། གསོན་བ་བས། ། དྲང་པོ་སྙོམས་པ་བྱེད་བྱེདེ་ཤི་ཡང་བླ་བ་ཚམ་དུ་སྲན་གཟུགས་དགོསོ། ། ཕྱི་བྱད་བཟང་ཞིང་ཁ་དྲང་ལ་སྙིང་ཡོ་དང་ཁོང་གསོབ་དུ་འདུག་པར་མ་བྱེད་ཆིག། ”ཅེས་ཁ་ཡག་ངོ་དགའ་བྱེད་པ་ལས་ཤི་ན་བཟང་བའི་དྲང་པོར་བཟུང་བའི་ལྟ་ཚུལ་འདི་ལྟ་བུ་ལ་ང་ཚོ་ཡིད་སྨོན་འཆོར།
བརྒྱད།  བྱ་བ་གང་ཡིན་ཡང་བློ་འདྲི་གྲོས་བསྡུར་བྱ་དགོས་པའི་སྐོར།
             《ས་སྐྱ་ལེགས་བཤད་》ཡིན་ནའང་འདྲ་《བཏམས་ཤིང་བསྟན་པའི་མདོ》ཡིན་ནའང་འདྲ་བྱ་བ་ལ་གྲོས་བྱ་དགོས་ཚུལ་བསྟན་ཡོད་མོད་སྔ་མར་གྲོས་བྱ་བའི་དགོས་པ་ཙམ་བཤད་ཡོད་པ་དཔེར་ན། བློ་ལྡན་བྱ་བ་ཅུང་ཟད་ཀྱང་། ། རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ། ། གྲུབ་པར་གྱུར་ན་ལྟ་ཅི་སྨོས། ། མ་གྲུབ་ན་ཡང་མཛེས་པའི་རྒྱུ། ། ཞེས་པ་དང་། བློ་གྲོས་ལྡན་པ་གཉིས་བགྲོས་ན། ། བློ་གྲོས་ལེགས་པ་གཞན་འབྱུང་སྲིད། ། ཡུང་བ་དང་ནི་ཚ་ལ་ལས། ། ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། ། ཞེས་གྲོས་བྱེད་པ་ནི་གཅིག་ནས་མི་རབ་གཅིག་གི་བློ་མཐའ་ལས་མི་ངན་གཉིས་ཀྱི་བློ་གྲོས་དགའ་ཟེར་བ་ལྟར་བྱ་བ་ཅི་ཞིག་བསྒྲུབ་ཀྱང་གྲོས་བསྡུར་བས་ན་བྱ་བ་ལེགས་པོ་འགྲུབ་འོངས་པ་དང་། གཉིས་ནས་གལ་ཏེ་མ་འགྲུབ་ཀྱང་མཛེས་པའི་རྒྱུ་ཡིན་པ་བསྟན་ཡོད། གཞན་མི་ཉམས་མྱོང་ཅན་དང་བློ་གྲོས་ཅན་ལ་བློ་འདྲི་དགོས་པ་བརྗོད་པ། དཔེར་ན། རང་ལ་བློ་གྲོས་མི་ལྡན་ན། ། བློ་ཆེན་གཞན་ལ་ལེགས་པར་འདྲི། ། ལག་པས་དགྲ་བོ་མི་གསོད་ན། ། མཚོན་ཆ་ལེན་པར་མི་བྱེད་དམ། ། ཞེས་པ་ནི་རང་རེའི་ཁ་དཔེར་ཡང་མི་ཤེས་ན་མི་དྲིས། ། མི་རིག་ན་སྒང་ལ་བུད་ཟེར་བ་བཞིན་ནོ ། ད་རུང་བཏམས་ཤིང་བསྟན་པའི་མདོའི་ནང་དུ་གྲོས་གཞི་གང་ཞིག་ཡིན་རུང་ཐོག་མ་ནས་ཀྱང་ཞིབ་ཏུ་བསམས་པ། གྲོས་བྱ་བའི་སྐབས་གཞན་གྱི་འཕྱ་སྨོད་སོགས་ལ་དོགས་བྱེད་པ་སོགས་སྤང་ཏེ་སྤོབས་པས་བརྗོད་པ། གྲོས་ཞེས་པ་ཡང་མི་གཅིག་གིས་ལེགས་པར་མི་ཤེས་པས་མང་པོ་མཉམ་དུ་འཛོམས་ནས་དེའི་ནང་གི་གནས་ལུགས་དང་མཐུན་པ་གཞིར་བཟུང་དགོས་པ་ལས་རང་གི་འདོད་པ་ལྟར་མ་བྱས་ན་མི་འགྲིག་ན་གྲོས་བྱེད་པའི་དགོས་པ་ཡང་མེད་པ་སོགས་བྱེ་བྲག་གི་གྲོས་བྱ་སྟངས་སོགས་དྲི་བ་བཅུ་དགུ་པ་དང་ཉི་ཤུ་པར་གཟིགས་དང་དུས་ད་ལྟ་ཡང་ང་ཚོ་ལ་མཁོ་བའི་བསླབ་བྱ་ལེན་རྒྱུ་ཡོད་དོ། །    
དགུ། བཟང་བོ་ལ་བྱ་དགའ་དང་ངན་པ་ལ་ཆད་པ་གཅོད་དགོས་པའི་སྐོར།
             བཟང་བོ་ལ་བྱ་དགའ་དང་ངན་པ་ལ་ཆད་པ་གཅོད་པ་འདི་བོད་བཙན་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་བོད་ཀྱི་ཁྲིམས་ཀྱི་ནང་དུ་བཞག་ཡོད་དེ། དཔེར་ན། མི་དཔའ་བོ་ལ་སྟག་དང་གཟིགས་ལྤགས་གནང་པ། མི་སྡར་མ་ལ་ལྦ་ཞྭ་གྱོན་པ། བློན་པོ་བྱས་རྗེས་ཅན་ལ་བྲན་གཡོག་དང་ས་ཞིང་སྟེར་བར་མ་ཟད་བསྟོད་ཚིག་རྡོ་རིང་ལ་འབྲི་བའི་ལུགས་ཡོད། བཏམས་ཤིང་བསྟན་པོའི་མདོ་ཡང་བཙན་པོའི་སྐབས་ཀྱི་བརྩམས་ཆོས་ཞིག་ཡིན་པས་འདིའི་སྐོར་ཞིབ་བརྗོད་བྱས་ཡོད། དྲི་བ་སོ་གཅིག་པར“ནུ་ན་རེ། ། གཡོག་བྲན་གཉིས་ལེགས་གཉིས་ཞིག་བྱ་ན། ། ཆད་པ་དང་བྱ་དགའ་བྱ་བ་ཆེད་ཆེ་འམ་ཆུང་། སྤྱོ་བ་ཡང་མཚངས་མཚམས་མ་བྲུས་ན་ནི་སྙིང་མྱི་ཚིམ། ། བྲུ་དྲགས་ན་ནི། ། ཡི་ཆད་ན་ཆི་ལྟར་བྱའ ། ཕུ་ན་རེ། ཆད་པ་ནི། ། ཉེས་པ་བྱེད་དུ་མྱི་གཞུག་པའི་སྡིགས་མོ། ། བྱ་དགའ་ནི། ལེགས་པའིཞོ་ཤ། ཁོང་ན་མ་ལུས་པའི་། མྱིག་འདྲེན་པ་སྟེ། ། འདི་ནི། ། ཐོག་ཏུ་ཕེབས་པ་དང་། མདོང་རྩོལ་ཆེར་བྱ་བའི་རིགས་སོ། ། སྤྱོ་བའི་གྱོད་ཚམ་ལ་ནི། ། ཁོ་ན་ཉིད་གྱིས། ། ཆི་ཉེས་པའྀ་ཕྱིར། སྤྱོས་པས། ཆོག་གིས། ། ཕ་མྱེས་ལ་སྩོགས་པསྨོས་ཤིང་སྤྱོས་པ་ནི། ཡི་ཆད་པར་འོང་གིས། ། མཚང་བྲུ་བའི་མྱི་རིགས་སོ་ལེགས་པ་བྱས་གྱང་ངོ་སོ་མྱེད། ། ཉེས་པ་བྱས་གྱང་། གྱོད་མྱི་རྨ་བ་ནི། ། ཆིས་འཇམ་ཞིང་ལེགས་པ་མ་ཡིན་གྱི།  འཁྲུག་པ་ཡིན་ནོ། ”ཞེས་བརྗོད་པ་ལྟར་ན། ཆད་པ་ནི་ཉེས་པ་བྱེད་དུ་མི་འཇུག་པའི་དྲན་སྐུལ་དང་། བྱ་དགའ་ནི་ལེགས་ཆའི་ནུས་པ་ཁོག་ནས་མ་ལུས་པར་འདོན་དུ་འཇུག་པ་དང་། གཞན་ལ་མིག་དཔེ་སྟོན་པ། གཤེ་གཤེ་གཏོང་ན་ཡང་ཉེས་པའི་ཚད་གཞིར་བལྟས་ནས་བཏང་ན་ཆོག་པ་ལས་ཁོའི་ཕ་མེས་ལ་སོགས་པའི་ལོ་འཕྲོས་བགྲངས་ནས་དམོད་པར་བྱེད་པ་ནི་ཡིད་ཆད་པར་འགྱུར་སྲིད་པས་ཐལ་དྲགས་པ་དག་བྱ་བ་མི་རིགས་སོ། ལེགས་པ་བྱས་ཀྱང་ངོ་སོ་མེད་པ་དང་། ཉེས་པ་བྱས་ཀྱང་ལེ་ལན་མི་བདའ་བ་ནི་འཇམ་ཞིང་ལེགས་པ་ཅིས་ཀྱང་མ་ཡིན།     དོན་རྣམས་འཁྲུགས་པའི་རྒྱུ་ཡིན་པ་བསྟན་པ་སོགས་ལས་སྐབས་དེའི་བོད་མིའི་མི་ཆོས་བསམ་བློ་ང་ཚོས་དྲན་པའི་ངོས་སུ་ལྦ་ལེར་འཆར་རྒྱུ་ཡོད།   
             《ས་སྐྱ་ལེགས་བཤད་》ནང་དུ་བསྟོད་པ་བྱས་ན་དགའ་བ་ནི་བླུན་པོ་དང་དེ་ལས་ལྡོག་ན་མཁས་པ་ཡིན་པར་བསྟན་ཡོད། སྤྱིར་ང་རྒྱལ་དང་ཁེངས་དྲེགས་སོགས་སྤོང་བ་ལས་བསྟོད་དགོས་ས་ཞིག་ལ་བསྟོད་པ་དང་སྨད་དགོས་ས་ཞིག་ལ་སྨད་པ་མ་བྱས་ན་གོང་དུ་བརྗོད་པ་བཞིན་ལེགས་ཆའི་ནུས་པ་ཁོག་ནས་མ་ལུས་པར་འདོན་དུ་འཇུག་ཐབས་མེད་དོ།།                    
བཅུ།  ཁྲིམས་ཀྱི་སྐོར།
             《ས་སྐྱ་ལེགས་བཤད་》ནང་དུ་ཁྲིམས་ཀྱི་སྐོར་མང་པོ་མེད་མོད་ཁྲིམས་དང་འགལ་ན་རེ་ཞིག་རྒྱལ་ཡང་ཕམ་ངེས་ཡིན་པ་བསྟན་ཡོད་དེ། དཔེར་ན།  “མི་གང་ཁྲིམས་ལས་གང་འདའ་བ། ། རེ་ཞིག་རྒྱལ་ཡང་ཕམ་པ་ཡིན། ། ཆུ་སྐྱར་ཁྲིམས་ལས་འདས་པ་ཡིས། ། ས་ཀུན་ཐོབ་ཀྱང་སེང་གེས་བསད། ། ”ཅེས་པ་ལྟ་བུ། ། བཏམས་ཤིང་བསྟན་པའི་མདོའི་ནང་དུ་ཁྲིམས་ཀྱི་སྐོར་ལ་དྲི་བ་གཉིས་འདུག་སྟེ། འདིའི་ནང་ཁྲིམས་དང་འགལ་ན་ཁྲིམས་ཆད་ཕོག་པ་གཞིར་བཞག་གི་སྟེང་ཁྲིམས་ཐག་ཅི་ལྟར་གཅོད་ཚུལ་ལ་ཡང་ལན་ཞིག་བཏབ་ཡོད་པ་ནི་ཁྲིམས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། བོད་ཀྱི་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ཀྱི་སྲིད་དབང་གཅིག་གྱུར་ནས་རྒྱ་བསྐྱེད་པའི་དུས་ཞིག་ཡིན་པར་མ་ཟད་ཁྲིམས་ཡང་སྔོན་དང་བསྡུར་ན་ཅུང་འཐུས་ཚང་དུ་སོང་ཡོད་པའི་སྐབས་ཞིག་ཀྱང་ཡིན་པར་སྙམ་མོ། དྲི་བ་སོ་དགུ་རུ། ནུ་ན་རེ། ། མྱི་ཆིགིས་ཉེས་བྱས་ན། ། བྱེ་བྲག་དབྱེར་ཡོད་དཾ་མྱེད། ། ཕུ་ན་རེ། ། བྱེ་བྲག་དབྱེར་ཡོད་དེ། ། གཞོ་ནུའི་ཚེ་ལ་ནི་ཉོས་ཉེས་སོ་ཆོག་བྱསུ་ཟིན་གྱང་། ། མཁོན་དུ་མྱི་རུང་ངོ་། ། བློ་རྫོགསྟེ། ། ཉེས་ན་ནི། ཉེས་ཡང་དགིས། ། མཁོན་དུ་མི་རུངོ་། ། རྗེ་གོལ་གཉིས་ཕ་བུ་གཉིས་དཔོན་གཡོག་གཉིས་སུ་ཡང་། མཁོན་དུ་གཟུང་ངཾ་མྱི་གཟུང་དེ་བྱ་བའྀ་རིགསོ། ། ”ཞེས་བསྟན་པ་ལྟར་ན། སྐབས་དེ་ནས་བཟུང་ན་ཚོད་མ་ལོན་པའི་དུས་སུ་ཉེས་པ་ཞིག་བསགས་ནའང་འཁོན་དུ་མི་འཛིན་པ། བསམ་ཤེས་ཐུབ་ནས་ཉེས་པ་བསགས་ན་ནི་ཉེས་པ་བྱས་པ་རང་ཡིན་པས་འཁོན་དུ་འཛིན་རུང་ངོ་། འདི་ལྟ་བུ་ཀྲུང་གོར་མཚོན་ན་དབུ་བཪྙེས་རྗེས་ད་གཟོད་ཁྲིམས་ནང་དུ་གཏན་འཁེལ་བྱས་པ་ཡིན་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པ། ཉེས་ཁྲིམས་འགན་ཁུར་བའི་ལོ་ཚོད། ལོ་བཅུ་དྲུག་ཏུ་ལོན་པའི་མིའི་ནག་ཉེས་བཟོས་ན། ངེས་པར་དུ་ཉེས་དོན་གྱི་འགན་ཁུར་དགོས། ལོ་བཅུ་བཞི་སོན་པ་དང་བཅུ་དྲུག་མ་སོན་པའི་མིས་བསམ་བཟོས་ནས་མི་གསད་པ་དང་། བསམ་བཟོས་ནས་གནོད་སྐྱེལ་ཏེ་མི་ལ་རྨས་ལྗི་མོ་ཕོག་པའམ་ཤི་བ། བཙན་གཡེམ། འཕྲོག་བཅོམ། དུད་ཚོང་རྒྱག་པ། མེ་གཏོང་བ། འབར་གཏོར། དུག་ནག་འདེབས་པའི་ནག་ཉེས་དང་འགལ་ན། ངེས་པར་དུ་ཉེས་ཁྲིམས་འགན་ཁུར་དགོས། ལོ་བཅུ་དྲུག་སོན་པ་དང་ལོ་བཅོ་བརྒྱད་མ་སོན་པའི་མིའི་ནག་ཉེས་བཟོས་ན། གུ་ཡང་ངམ་ཇེ་ཡང་དུ་བཏང་ནས་ཆད་པ་གཅོད་པ། ལོ་བཅུ་དྲུག་མ་སོན་པའི་མི་ལ་ཉེས་ཁྲིམས་ཀྱི་ཆད་པ་མི་གཅོད་ལ། ཁོའི་ཁྱིམ་བདག་དང་ལྟ་རྟོག་པ་ལ་བདག་བྱེད་པའམ་སློབ་གསོ་གཏོང་དུ་འཇུག་པ། ངེས་པར་དུ་དགོས་བའི་སྐབས། བཀག་ཉར་གྱིས་བསླབ་གཅུན་བྱས་ཆོག། ཅེས་གཏན་ཁེལ་བྱས་ཡོད། འཁོན་བྱུང་ཀྱང་དགྲ་ཤ་ཁྲིམས་ཀྱིས་བླངས་ན་ཆོག་པ་བསྟན་ཡོད་པ་ནི་དྲི་བ་ཞེ་གསུམ་པར“ནུ་ན་རེ། ། མཁོན་བྱུང་ན། ཤ་གཉེར་དཾ་མི་གཉེར། ཕུ་ན་རེ། ། ཤ་ཁྲིམས་ཀྱིས་གཉེར་པས་ཆོགོ། ”ཞེས་བསྟན་པ་ལྟར་ཡིན་ལ། སྤྱིར་དགྲ་ཤ་ལེན་པ་ནི་སྤྱིར་ཁྲིམས་ལུགས་འཐུས་མི་ཚང་ཞིང་། དྲང་བདེན་དང་། འདྲ་མཉམ་མིན་པའི་སྐབས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པ་ལས་གལ་ཏེ་ཁྲིམས་ལུགས་འཐུས་ཚང་ཞིང་དྲང་བདེན་ཡིན་ན་དེ་འདྲའི་གནས་ཚུལ་འབྱུང་པའི་ཚད་ཉུང་བས་སྐབས་དེར་བོད་ཀྱི་ཁྲིམས་ཡང་ལྟོས་བཅས་ཀྱིས་བཤད་ན་ཅུང་འཐུས་ཚང་ཡིན་པ་ཤེས་ཐུབ་བོ། །                 
བཅུ་གཅིག   ཤུལ་བཞག་གི་སྐོར།
             《ས་སྐྱ་ལེགས་བཤད་》ནང་དུ་རང་གི་བུ་རབས་ཚ་རྒྱུད་ལ་ཅི་ཞིག་འཇོག་པ་དང་རྒྱུ་ནོར་བཞག་པའི་ཉེས་པ་བསྟན་ཡོད་དེ། དཔེར་ན།  “རིགས་རྒྱུད་རྒུད་ཀྱིས་དོགས་པས་ན། ། བློ་ཆུང་ཅུང་ཟད་རྙེད་པ་གསོག། མཁས་པ་རིགས་རྒྱུད་མཐོ་ཐོབ་ཕྱིར། ། གསུག་བཞིན་གཞན་ལ་སྦྱིན་པ་གཏོང་། ། རིགས་རྒྱུད་ཕྱུག་པོར་བྱ་སྙམ་ནས། ། རང་ཉིད་བཙོངས་ནས་བུ་ལ་སྟེར། ། བུ་ངན་ཕ་ལ་རྒོལ་བཞིན་དུ། ། ནོར་རྣམས་བརླགས་ནས་ཁྱི་བཞིན་འཁྱམས། །  ཞེས་པ་ལྟར་ཡིན་ཏེ། ས་པཎ་གྱིས་མཁས་པའི་རིགས་རྒྱུད་མཐོ་ཐོབ་ཕྱིར་རྒྱུ་ནོར་སྦྱིན་པ་གཏོང་བ་དང་ཤུལ་དུ་རྒྱུ་ནོར་བཞག་པའི་ཉེས་པ་བསྟན་ཡོད། 《བཏམས་ཤིང་བསྟན་པའི་མདོ》ཡི་ནང་དུ་རང་གི་བུ་བུ་མོ་སོགས་ལ་ཤུལ་གཞག་འདྲ་དགོས་ན་ཅི་ཞིག་འཇོག་པའི་སྐོར་གླེང་སྐབས། དྲི་བ་རེ་དྲུག་པར“ནུ་ན་རེ། ། ཧ་ཅང་དབུལ་ཆེས་ན། ། རེས་འགའ་བཞག་གྱང་དགོསྣ་ཆིས་བྱ། ། ཕུ་ན་རེ། ། ཡོང་སྣི། ། འཛངས་པ་དྲང་པོས་བཞག་ན། ། བཞགི་རབ་འོ ། དཔའ་བོ། ། ཐབས་མཁས་པས་བཞག་ན། བཞགི་རབ་འོག་འོ ། བརྟན་པོ་གཟུང་ཐུབ་པས་བཞག་ན། ། བཞགི་འབྲིབ་བ་འོ ། རྣོན་མ་ནོར་དང་གོས་གྱིས། བཞག་པ་ནི། ། བཞག་གི་མཐའ་མ་འོ ། ”ཞེས་བསྟན་འདུག་པ་ལྟར་ན། བཙན་པོའི་སྐབས་སྤྱིར་བཏང་ལས་སྤྱིར་བཏང་མ་ཡིན་པའི་ཕུ་བོ་ཞིག་གི་བསམ་ཚུལ་ཡང་མཛངས་པ་དང་དྲང་པོའི་གཤིས་ལུགས་བཞག་ན་བཞག་གི་རབ་ཡིན་པ་དང་། དཔའ་བ་དང་ཐབས་མཁས་པའི་བློ་རྩལ་བཞག་ན་བཞག་གི་རབ་འོག་མ་དང་། བརྟན་པོ་དང་རང་ཚུགས་ཐུབ་པའི་ཀུན་སྤྱོད་བཞག་ན་བཞག་གི་འབྲིང་། གལ་ཆེན་པའི་རྒྱུ་ནོར་དང་གོས་བཞག་པ་ནི་བཞག་གི་མཐའ་མ་ཡིན་ཞེས་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་བཟུང་མིའི་བསམ་བློ་ཀུན་སྤྱོད་ལ་ཧ་ཅང་མཐོང་ཆེན་བྱེད་པ་ཤེས་ཐུབ་བོ། །                      
སྡོམ་བྱང་།
             《ས་སྐྱ་ལེགས་བཤད་》ནི་དུས་རབས་བཅུ་གསུམ་ཡས་མས་སུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རྒྱ་གཞུང་ལ་དཔེ་བྱས་ཤིང་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་སོགས་ལ་བརྟེན་ནས་བྲིས་པའི་བོད་ཀྱི་ལེགས་བཤད་ཐོག་མ་ཡིན་པས་དེའི་སྐོར་ལ་ཞིབ་འཇུག་བྱ་མཁན་ཡང་མང་པར་མ་ཟད་ནང་དོན་གྱི་ཆ་ལ་ཡང་དཔྱད་འཇོག་གང་མང་བྱས་ཡོད་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་དུ་ལེགས་བཤད་ཀྱི་རྩོམ་རིག་གི་མ་དཔེར་གཅིག་པུ་བཟུང་ཡོད་དོ ། ཡིན་ནའང་ལེགས་བཤད་འདིར་ཚིག་རྒྱན་སྦྱོར་སྟངས་དང་ནང་དོན་སོགས་ཀྱི་ཆ་ནས་རིག་གནས་གཞན་གྱི་ཤན་ཤུགས་ཐེབས་ཡོད་པ་གདོན་མི་ཟའོ། །  
             《བཏམས་ཤིང་བསྟན་པོའི་མདོ》ཡི་རྩོམ་པ་པོ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་མེད་པ་རྩོམ་འདི་ལས་ཤེས་ཐུབ་ལ། ཁོས་མང་ཚོགས་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་དོན་ཞིག་སྟེ། ཕུ་ནུ་གཉིས་ཁ་བྲལ་ཁའི་སྙིང་གཏམ་བརྗོད་པ་རྒྱུ་ཆ་བྱས་ཏེ་བྲིས་ཡོད་པས་བོད་ཀྱི་སྐབས་དེའི་མིའི་བསམ་བློ་དང་། ཀུན་སྤྱོད་ཀྱི་ཚད་གཞི་ཡིན་པས་བོད་བཙན་པོའི་དུས་ཀྱི་བསམ་བློ་དང་གོམས་སྲོལ་སོགས་མངོན་པར་མཚོན་པའི་རྩོམ་རིག་གི་བརྩམས་ཆོས་ཆེས་བཟང་ཤོས་རེད། ལྷག་པར་དུ་ཁོས་ཁྱིམ་པའི་འཚོ་བའི་ཁྲོད་ཀྱི་བྱེ་བྲག་གི་གནད་དོན་དག་གི་དོར་ལེན་ལ་ལན་བཏབ་ཡོད་པ་འདི་དག་ས་སྐྱ་ལེགས་བཤད་ལས་རིན་ཐང་ཆེ་བར་སྙམ། རྩོམ་ཐབས་དྲི་བ་དྲིས་ལན་གྱི་འབྲི་ཐབས་སྤྱད་པ་འདིས་གནད་དོན་རེ་རེ་བྱེ་བྲག་ཏུ་བཤད་ཡོད་པས་རྩོམ་རྩལ་ཁྱད་དུ་འཕགས་པ་ཞིག་རེད། བརྩམས་ཆོས་གཉིས་ལ་སྤྱིའི་ཆ་ནས་བལྟས་ན་བྱ་བའི་སྤང་བླང་སྟོན་པ་འདྲ་མོད་བྱེ་བྲག་གི་ནང་དོན་ཕྱི་མའི་བྲིས་བ་བཟང་བ་དཔེར་ན། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་གནད་དོན་མང་པོ་ཞིག་བྲིས་ཡོད། བྱ་བ་ཞིག་ཡིན་ནའང་འདྲ་དངོས་པོ་ཞིག་ཡིན་ནའང་འདྲ་བཟང་ངན་གྱི་ཕྱོགས་གཉིས་ཡོད་ངེས་པས་བརྩམས་ཆོས་འདི་གཉིས་ཀྱིས་མི་འདང་བའི་ཆ་ལ་ཕན་ཚུན་ཁ་གསབ་བྱས་ན་ང་ཚོའི་མི་ཚེ་ལོ་ཟླའི་ཁྲོད་དུ་ཕན་ཐོགས་ཆེ་བར་སྙམ་མོ། ། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་དང་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས། རྩོམ་ཡིག་གསེར་གྱི་སྦྲམ་བུ་སོགས་སུ་ནང་དུ་བཏམས་ཤིང་བསྟན་པོའི་མདོ་བཞག་མེད་མོད་། ལྷག་པ་ཆོས་འཕེལ་གྱིས་བསྒྲིགས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་དུ་དྲངས་ཡོད་པར་མ་ཟད་འདིའི་ཁྱད་ཆོས་རེ་གཉིས་ཡང་བརྗོད་ཡོད། རྒྱ་ཡེ་བཀྲ་བྷོས་བསྒྲིགས་པའི་ལེགས་བཤད་ཟླ་བའི་ནང་དུ་ལེགས་བཤད་རྣམས་ཀྱི་མགོ་རུ་བཞག་པ་འདིས་ཀྱང་བསྟན་བཅོས་རྩོམ་རིག་རང་བཞིན་ལ་མཐོང་ཆེན་བྱེད་པ་ཤེས་ཐུང་བོ། འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ནས་ཆད་ལྷག་ཤོར་མི་ཉན་པའི་ལེགས་བཤད་ཀྱི་རྩོམ་རིག་གལ་ཆེན་ཡིན་པས་འདིས་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་ཡོད་པ་བཤད་དཀའ་མོད། འདིས་བོད་ཀྱི་ཀུན་སྤྱོད་དང་མི་ཆོས་ཕྱོགས་ལ་ཤན་ཤུགས་ཐེབས་ཡོད་པར་སྙམ་མོ། ། མཇུག་མཐར་ལོ་བ་དོན་འགྲུབ་དབང་བོའི་སྐད་ཆ་གཅིག་གིས་རྩོམ་འདིའི་མཇུག་བསྒྲིལ་ལོ། །  “ལོ་རྒྱུས་ཀྱི་མི་སྣ་དང་ལོ་རྒྱུས་ཀྱི་རྩོམ་རིག་ལ་ནམ་ཡིན་རུང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་སྲིད། འོན་ཀྱང་ལོ་རྒྱུས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལྟ་བུར་གྱུར་པའི་ངལ་རྩོལ་མི་དམངས་ལ་མཚོན་ན། རང་ཉིད་ཀྱི་བདེ་ཐང་གི་གཤིས་ཀས་རང་ཉིད་ལ་ཕན་པའི་ཀུན་སྤྱོད་དང་། དད་མོས། སྒྲིག་སྲོལ་སོགས་དང་ལེན་བྱེད་བཞིན་ཡོད་པར་མ་ཟད། ངོས་ཟིན་གྱི་ཁྲོད་ནས་སྙིགས་དོར་བཅུད་ལེན་སྒོས་རང་ཉིད་ཀྱི་ཕུགས་བསམ་ཁྲོད་ཀྱི་སྒྱུ་རྩལ་སྣང་བརྙན་བཞེངས་སྐྲུན་བྱེད་བཞིན་ཡོད་དོ། ”①ཞེས་པ་བཞིན་བོད་རིགས་མི་དམངས་ཡང་དེ་ལས་མ་འདས་སོ། ། 
             (མགོན་པོ་བཀྲ་ཤིས། ཕ་ཡུལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2013ལོའི་ཤེས་རམས་པ། ) (མཛུབ་སྟོན་དགེ་རྒན། བཀྲ་བྷ། )
             ①མགོན་པོ་ཚེ་རིང་། ཏུན་ཧོང་ཡིག་རྙིང་ལས《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ》ལ་དཔྱད་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2008ལོར་པར།   ཤོག་ངོས་2
             ①《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། 》གཙོ་སྒྲིག་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་2པའི་པར་གཞི། ཤོག་ངོས་328-330རུ་གསལ།
             ①丹珠昂奔:二藏族文化散论.北京: 中国友谊出版公司,   l993.269.
             ①丹珠昂奔:《佛教与藏族文学》 中央民族学院出版设. l988年 l2月第一版,第 l03页

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1