གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

ཁ་གྱའི་བདེ་ལེགས་རྡོ་རྗེ།​ རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༦ཉིན།

༄༅།། གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གླེང་བ།


ཁ་གྱའི་བདེ་ལེགས་རྡོ་རྗེ།

དང་པོ།  གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་གླེང་ཕྱོགས།
        དེང་གི་དུས་འདིར་གློག་བརྙན་ནི་འཚོ་བའི་མེ་ལོང་ལྟ་བུར་གྱུར། རོང་འབྲོག་ས་ཁུལ་ལ་མཚོན་ནའང་བཅིངས་འགྲོལ་གྱི་རྗེས་ནས་བཟུང་གློག་བརྙན་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྲུབ་ཡོད། དེར་མཐོང་སྣང་གི་རང་བཞིན་ལྡན་པས་ལྟ་མཁན་དག་གིས་མིག་གི་དགའ་སྟོན་དང་ཡིད་ཀྱི་ཟས་སུ་སྨིན་པ། སེམས་ཀྱི་འདོད་བློ་ཇི་བཞིན་དུ་སྐོང་ཐུབ། དེ་བས། གློག་བརྙན་བརྩམས་ཆོས་ནི་དུས་རབས་ཀྱི་དུང་སྒྲ་དང་མི་དམངས་ཀྱི་སྙིང་གཏམ་ཡིན་སྟབས་མི་དམངས་ཀྱི་ཕུགས་བསམ་དང་རེ་འདོད་མཚོན་དགོས་པ་དང་། དམིགས་ཡུལ་དེ་མངོན་འགྱུར་ཆེད་འཁྲབ་གཞུང་རྩོམ་པ་པོ་དངོས་སུ་སྤྱི་ཚོགས་འཚོ་བར་ཞུགས་ནས། མང་ཚོགས་ཀྱི་ཐུགས་ཁུར་གནང་བའི་གནད་དོན་རྣམས་འདོན་ཕོད་པ་དང་། མི་དམངས་ཀྱི་སེམས་གཏིང་གི་སྐད་ཆ་བཤད་ཐུབ་པ་ཞིག་བྱེད་དགོས། གློག་བརྙན་ཡག་ཤོས་ལ་མཚོན་ན། ངེས་པར་དུ་དུས་སྐབས་དེའི་འཚོ་བའི་མེ་ལོང་ལྟ་བུ་ཞིག་ཡིན་དགོས་པས་རྒྱ་ཆེ་བའི་ལྟད་མོ་བ་དག་ལ་སློབ་གསོའི་གོ་སྐོན་ཡག་པོ་ཞིག་སྟེར་ཐུབ། བརྩམས་ཆོས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་རེ་འདོད་མཚོན་ཐུབ་དགོས་པ་ནི་གློག་བརྙན་སྒྱུ་རྩལ་གྱི་ཁ་གཏད་ས་གཙོ་བོ་ཡིན། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དུས་བབ་མཚོན་པ་ལ་གློག་བརྙན་ལས་ལྷག་པ་ཞིག་མི་འདུག་པས།   བོད་ཀྱི་འཚོ་བའི་གཏིང་ཚད་དང་ཟུར་མི་འདྲ་བ་ལ་འཇུག་པ་དང་འཚོ་བ་གཅིག་བསྡུས་མཚོན་དགོས་པ་ནི་སྨོས་མེད་དུ་གྱུར་ཡོད། འདིར་དམིགས་སུ་གླེང་བ་ནི་གློག་བརྙན་ཐོག་མ《ལྷིང་འཇགས་ཀྱི་མ་ཎི་འབུམ》ཞེས་པ་འདི་ཡིན། འདི་ལས་སྣང་བའི་བོད་མིའི་མཛེས་དཔྱོད་དང་དངོས་ཡོད་འཚོ་བ་ལས་འགལ་འདུ་མཚོན་པར་བྱས་ཡོད།   བྱེ་བྲག་ཏུ་གློག་བརྙན་འདིའི་སྤྱི་ཁོག་མདོར་ཙམ་གླེང་ན། ལོ་སར་ཚེས་གཅིག་ནས་ཚེས་གསུམ་བར་གྱི་དུས་ཡུན་ཐུང་ངུའི་ནང་དུ་བནྡེ་ཆུང་ཆུང་ཞིག་དགོན་པ་ནས་རང་ཡུལ་དུ་ལོག་པའི་ལམ་བར་གྱི་གནས་ཚུལ་དང་རང་ཡུལ་དུ་ཉིན་འགར་བསྡད་པའི་མཐོང་སྣང་། དེ་ནས་ཕྱིར་དགོན་པར་ལོག་པའི་བར་གྱི་གནས་ཚུལ་བརྗོད་པ་ལ་བརྟེན་ནས་ཕ་ཡུལ་དང་དགོན་པའི་འཚོ་བའི་ཁྱད་པར། རབ་བྱུང་བ་དང་ཁྱིམ་པའི་བར་གྱི་འགལ་འབྲེལ། རྒན་པ་དང་གཞོན་པའི་བསམ་བློའི་འཁྱེར་སྟངས། ཆོས་ལུགས་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་འབྲེལ་བཅས་མཚོན་ཡོད་ལ། བོད་མིའི་བརྩེ་གདུང་དང་མཛེས་དཔྱོད་ཀྱི་ལྟ་བ།  བླང་དོར་གྱི་ལྟ་བ་བཅས་མཚོན་པར་བྱས་ཡོད།   འདི་ལས་དུས་སྐབས་འདི་དང་བོད་མིའི་ནང་སེམས་ཀྱི་འགྱུར་བ་དང་འཇིག་ཉེན་གང་ཞིག་བརྙན་རིས་སུ་མཚོན་འདུག     གཞན་ཡང་། གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་འབུམ》ནི་རང་རྒྱལ་གྱི་གློག་བརྙན་ལོ་རྒྱུས་སྟེང་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་སྟོན་པ་དང་མཛེས་རྩལ་པ་བཅས་བོད་རིགས་ཡིན་པའི་གློག་བརྙན་ཐེངས་དང་པོ་གསལ་བར་བསྒྲགས་ཡོད་པ།  དེ་མིན།  བོད་རང་གི་འཚོ་བ་དང་སྲོལ་རྒྱུན་གཙོ་བོར་མཚོན་པའི་གློག་བརྙན་དང་པོ། ཕ་སྐད་ཀྱི་གདངས་མ་ཡལ་བའི་བོད་སྐད་ཀྱི་གློག་བརྙན་ཐོག་མ་སོགས། གློག་བརྙན་འདི་ལ་དེང་དུས་ཀྱི་མཁས་པ་མང་པོ་ཞིག་གིས་གདེང་འཇོག་ཚད་མཐོན་པོར་གནང་ཡོད། དེ་ལ་པེ་ཅིན་ན་གཞོན་ཚགས་པར་གྱིས།"《ལྷིང་འཇགས་ཀྱི་མ་ཎི་འབུམ》ལ་དབྱི་ལིང་གི་གློག་བརྙན་གྱི་ཁྱད་ཆོས་ལྡན་ལ་ཕལ་བའི་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་ཕྲན་བུ་རུམ་པ་ལས་འུད་བརྗོད་ཀྱིས་དབེན། བརྙན་འདིའི་མགོ་བར་མཇུག་གསུམ་དུ་བོད་སྐད་ཀྱི་འོ་དྲིས་ཁྱབ་ཅིང་། ཆེད་ལས་རང་བཞིན་ལྡན་པའི་འཁྲབ་སྟོན་པས་འཁྲབ་པ་མིན་ཡང་ཡིད་ཀྱི་དྭངས་བ་འདྲེན་པར་བྱེད། བརྙན་གྱི་མགོ་མ་མིག་ལམ་དུ་མངོན་མ་ཐག་ཏུ་གངས་རིའི་ལྗོངས་ཀྱི་ཁྱད་ཆོས་ཀྱིས་བཟི་བར་བྱས་འོངས།"ཞེས་དེ་ལྟར་གདེང་འཇོག་གནང་ཡོད་པ་དང་། གཞན་ཡང་། སྐབས་བཅུ་པའི་ཧྥའོ་ཧྲན་གློག་བརྙན་གྱི་དཔྱད་འདེམས་ཚོགས་པས་ཀྱང"《ལྷིང་འཇགས་ཀྱི་མ་ཎི་་འབུམ》ཞེས་པའི་གློག་བརྙན་འདི་ནི། འཁྲབ་ཁྲིད་པའི་ཆེད་ལས་མ་ཡིན་པའི་འཁྲབ་སྟོན་པ་དག་གི་འཇོན་ནུས་དེ་དམ་འཛིན་སྒོས། འཁྲབ་གཞུང་བརྒྱུད་དེ་མིའི་རིགས་ཀྱི་བྱམས་དང་སྙིང་རྗེའི་ཟུར་ངོས་དེ་མངོན་པར་བྱས་ཡོད"ཅེས་དཔྱད་བརྗོད་ཐུང་ངུ་དེ་འདྲའང་སྤེལ་ཡོད།  དེ་ཡང་གློག་བརྙན་འདིའི་པར་རིས་སྒྲིག་སྦྱོར་དང་ནང་དོན་ཐད་ཀྱི་ཁྱད་ཆོས་གཙོ་བོ་ནི་རྙོག་འཛིང་དང་འགུལ་སྤྱོད་ཆེར་མེད་པས་ལྷིང་འཇགས་ཀྱི་མ་ཎི་འབུམ་ཞེས་པའི་ལྷིང་འཇགས་ཀྱི་དོན་དང་མཐུན་ལ། ཕྱོགས་གཞན་ཞིག་ནས་འཁྲབ་ཁྲིད་པའི་ཆེད་ལས་མ་ཡིན་པའི་འཁྲབ་སྟོན་པའི་འཇོན་རྩལ་དེ་དམ་འཛིན་དང་། འཁྲབ་རའི་བཀོད་སྒྲིག རོལ་དབྱངས་ཀྱི་གདམ་གསེས་ལ་སོགས་པར་བསྔགས་པ་འཐོབ་འོས། གློག་བརྙན་འདི་ནི་བོད་རིགས་ཀྱི་བརྗོད་གཞིའི་གློག་བརྙན་ཁྲོད་ཀྱི་ཐོད་བརྒལ་ཆེན་པོ་ཞིག་སྟེ།གཏམ་རྒྱུད་བྱུང་འཕེལ་གྱི་བརྒྱུད་རིམ་དང་སྣང་བརྙན་བཞེངས་སྐྲུན་གྱི་ཆུ་ཚད་སོགས་གང་གི་ཆ་ནས་ཀྱང་གཟེངས་སུ་ཐོན་པ་ཞིག་ཡིན་པར་མ་ཟད། དེ་ནི་སོས་དལ་བག་ཕེབས་ཀྱིས་རིག་གནས་ཤིག་གི་ངོ་བོའི་སྟེང་ནས་མྱོང་རོལ་བྱ་རྒྱུའི་གློག་བརྙན་ཞིག་རེད།  མདོར་ན།   གློག་བརྙན་འདི་ལས་བོད་ཀྱི་འཚོ་བའི་རང་བཞིན་ནི་ཁུ་སིམ་དང་ལྷིང་འཇགས་སུ་གནས་ཀྱང་།   དུས་ཀྱི་འགྱུར་བ་དང་དངོས་པོའི་འཕེལ་སྟོབས་ཀྱི་དབང་གིས་ལྷིང་འཇགས་ཀྱི་རིག་གནས་གང་ཞིག་ལྷིང་འཇགས་ཀྱི་ཟུར་དང་གནས་མི་འདྲ་བའི་ཁྱབ་ཁོངས་སུ་འགྱུར་ལྡོག་དང་འཕོ་འགྱུར།   ཐ་ན་འཇིག་ཉེན་གསར་པའི་ལེའུ་བསྐྲུན་པ་དེ་རང་བཞིན་གྱིས་མངོན་ཡོང་བ་རེད།    དེ་ནི་འབོད་སྐུལ་དང་རིག་གནས་གསར་པའི་བརྡ་རྟགས་ཤིག་ཀྱང་ཡིན་སྲིད།  
གཉིས་པ།  གློག་བརྙན་དུ《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ཀྱི་ཚན་པ་གཅིག་བཀོད་སྒྲིག་བྱས་པའི་དགོས་པ་གླེང་བ། 
        སྤྱིར་ན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་ནི་དངོས་ཡོད་རིང་ལུགས་སུ་གྲུབ་པའི་གློག་བརྙན་གྱི་ལུགས་སུ་གནས་པས།    དེ་ལས་བོད་མིའི་དེ་རིང་གི་འཚོ་བའི་རིམ་པ་དང་འཚོ་བའི་གནས་སྟངས།  བསམ་པའི་འཁྱེར་སོ།   དུས་བབ་ཀྱི་འགྱུར་བ།   རིག་གནས་མཉམ་བསྲེས།   ཉེན་ཁའི་བརྡ་རྟགས་ཀྱི་རྣམ་པ་དང་སྣང་བརྙན་མངོན་པར་མཚོན་པའི་གློག་བརྙན་ཡག་ཤོས་སུ་འགྲོ་བ་ཡིན།  《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》འདི་ནི་རྩོམ་པ་པོ་ཝུའུ་ཁྲང་ཨིན་གྱིས་བརྩམས་པའི་ཀྲུང་གོའི་གནའ་རབས་སྒྲུང་ཆེན་བཞིའི་ཡ་གྱལ་ཡིན་ལ། དུས་རབས་བཅུ་དྲུག་པའི་མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་བརྩམས་གྲུབ་གནང་། རྟོགས་བརྗོད་འདི་ལས་ཐང་སིན་བླ་མ་དགེ་སློབ་རྣམས་ནུབ་ཕྱོགས་དམ་པའི་ཡུལ་དུ་ཆོས་ཞུ་བར་སོང་བའི་སྐབས་སུ་དཀའ་བ་དགུ་དགུ་བརྒྱད་ཅུ་གྱ་གཅིག་འཕྲད་པའི་གཏམ་རྒྱུད་ཅིག་བྲིས་ཡོད། དེ་དུས་སུ་ཆོས་ལུགས་ཀྱི་བཀག་རྒྱ་ཤིན་ཏུ་ཆེ་བས། ཆོས་པས་ཆོས་ཀྱི་དོན་དང་རིགས་ཀྱི་ཆེད་དུ་དཀའ་ལས་ཤིན་ཏུ་མྱངས་པར་མཚོན་ཡོད། བནྡེ་ཨ་ཁུ་ལོ་ངོ་བཅུ་ལྷག་ལ་སྟོད་ཉི་མ་ལྷ་སར་མཇལ་བར་འདོད་པའི་འདུན་པ་འབུར་དུ་དོད་པ་དེའི་སྟེང་ནས་རྒན་པ་ཚོས་ཆོས་ལ་བཅངས་པའི་དད་པ་ནི་དུས་ནམ་ཡང་འགྱུར་མེད་དུ་གནས་ཐུབ་པ་མཚོན་ཐུབ། ཡིན་ཡང་དེང་རབས་ན་གཞོན་དག་ནི་སྔོན་མའི་རྒན་རབས་པ་ཚོ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། འདི་ནི་ཕྱིའི་རིག་གནས་ལས་ནང་གི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ཡིན་པར་འདོད། སྔོན་མར་མཚོན་ན《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ལས་བརྗོད་པ་བཞིན་ཆོས་པས་ཆོས་སྒྲུབ་པར་ཟླ་ནས་ཟླ་དང་ལོ་ནས་ལོ་བར་དཀའ་བ་དང་བར་ཆད་ཁྱད་དུ་གསོད་དགོས་པའི་གནས་ལུགས་དེ་གསལ་བོར་བསྟན། དེ་བས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་བྱུང་རིམ་དེ་འདྲ་ཞིག་བཀོད་སྒྲིག་བྱས་འདུག  
        མདོར་དྲིལ་ན། གློག་བརྙན་བྱུང་བ་ནས་བོད་ཀྱི་གློག་བརྙན་གྱི་ལོ་རྒྱུས་གསར་པ་ཞིག་བྲིས་པ་ནི་བོད་ཀྱི་འདས་མ་ད་གསུམ་གྱི་གློག་བརྙན་རིག་པ་དང་གློག་བརྙན་ཐོན་སྐྱེད།  གློག་བརྙན་ཚོང་ལས།  གློག་བརྙན་རིག་གཞུང་ལ་སྔར་ལས་ཡངས་བའི་བགྲོད་ལམ་ཡངས་པོ་དང་སྔར་ལས་བརྗིད་པའི་དཔལ་ཡོན་ཤེས་རིག་གི་དར་ཆ་ཞིག་སྒྲེང་བར་དོན་དངོས་དང་ལག་ལེན་གྱི་བརྡར་ཤ་བཅད་ཡོང་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པར་འདོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1