གཞོན་ནུའི་ལས་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-27


        གཞོན་ནུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུ་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་གི་ཡོད། ཚོགས་ར་མི་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་དམིགས་ནས་གལ་ཆེའི་ཆོད་སྡོམ་རབ་དང་རིམ་པ་གནང་བ་དང་། དེང་རབས་གཞོན་ནུར་ལོ་རྒྱུས་ཀྱི་འགན་ཁྲི་དང་འཚར་ལོངས་ལམ་བུ་གསལ་སྟོན་གནང་བ། གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་གོང་འཕེལ་གྱི་གཙོ་གནད་གསལ་སྟོན་གནང་ཡོད།
        སྤྱི་ཚེས་༢༦ཉིན་ནས་བཟུང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་ཚུན་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་རེད། གཞོན་དུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་གྱུར། གཞོན་ནུ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འབྱུང་འགྱུར་གྱི་གོང་འཕེལ་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ནས་ད་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཏང་དབུ་བརྙེས་ནས་ལོ་ངོ་༩༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་ཞེས་ནན་བཏོན་གནང་ཡོད།
        ཞི་ཅིན་ཕིང་གིས། གཞོན་ནུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་ལ། རང་རེའི་ཏང་གི་འབྱུང་འགྱུར་དང་རེ་བ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་སྲོལ་གཏོད་པའི་གྲས་ཡིན་པའི་བློ་མཐུན་ལི་ཏ་ཀྲའོ་ཡིས་འདི་འདྲ་ཞིག་གསུང་མྱོང་ཡོད་དེ། གཞོན་ནུས་འཛམ་གླིང་ཤེས་དཔལ་ལྡན་པ་དང་། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ། རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ལང་ཚོའི་ཁྱིམ་གཞིས་འཛུགས་པ། ལང་ཚོ་ལས་རྒྱལ་ཁབ་དང་། ལང་ཚོ་ལས་མི་རིགས། ལང་ཚོ་ལས་མིའི་རིགས། ལང་ཚོ་ལས་སའི་གོ་ལ། ལང་ཚོ་ལས་འཇིག་རྟེན་ཁམས་བཅས་ལ་ལེགས་སྐྱེས་འབུལ་དགོས། གཞོན་ནུས་དཀའ་ཚེགས་ཆེ་བའི་ཁོར་ཡུག་དེ་རང་ཉིད་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་ལ་བརྩི་བ་དང་། དོན་ཆུང་དོན་ཆེན་ལ་བརྩིས་ནས་སྒྲུབ་པ། ཏན་ཏན་ཏིག་ཏིག་སྒོ་ནས་མདུན་སྐྱོད་བྱེད་དགོས།
        གཞོན་ནུའི་སྐབས་སུ་བར་ཆད་དང་། འགལ་རྐྱེན། ཚོད་བགམ་བཅས་བརྒྱུད་ཚེ་མི་ཚེའི་ལམ་བུའི་ཐོག་བསྐྱོད་རྒྱུར་ཕན་ཐོགས་ཡོད།
        གཞོན་ནུ་སློབ་མར་བསམ་པའི་བཀོད་ཤུགས་དང་གསར་སྐྲུན་ནུས་པ་ལྡན་པ་ནི་གསར་སྐྲུན་ལས་གཏོད་ཀྱི་སྟོབས་ཤུགས་ཤིག་ཡིན་ཞེས་གསུང་མྱོང་ཡོད།
        རྒྱལ་ནང་གི་མཐོ་རིམ་སློབ་གྲྭའི་བཞུགས་མོལ་ཚོགས་འདུ་ནས་གཞན་ཡུལ་གྱི་གཏམ་བཤད་སྟེགས་བུའི་ཐོག་དང་། གཞོན་ནུ་མཉམ་འབྲེལ་ཚོགས་པ་དང་སློབ་གྲྭ་བའི་མཉམ་འབྲེལ་ཚོགས་པར་བཀྲིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ་ནས་སློབ་གྲྭ་ཆེན་མོ་བའི་གསར་སྐྲུན་ལས་གཏོད་ཚོགས་པ་དང་གཞོན་ནུ་དང་བླངས་པར་ཕྱག་ཡིག་བསྐུར་གནང་བའི་བར་སྤྱི་ཁྱབ་ཧྲུའུ་ཅིས་དེང་རབས་གཞོན་ནུར་རྒྱང་རིང་ཕུགས་བསམ་ཡོད་པ་དང་། ཏན་ཏན་ཏིག་ཏིག་གིས་འབད་འཐབ་བྱས་ཏེ། མི་རིགས་བསྐྱར་དར་གྱི་ཆེད་རྨང་གཞི་འདིང་བ་དང་། མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་ཟམ་མི་ཆད་པ་གནང་ཡོད།
        སྤྱི་ལོ་2017ལོའི་ཟླ་བ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས། སློབ་མ་ཚོས་སློབ་ཐོན་བྱས་རྗེས་མེས་རྒྱལ་དང་མི་དམངས་ཆེད་རང་ཉིད་ཀྱི་ཤེས་ཡོན་དང་འཇོན་ཐང་བཏོན་ནས། རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་སྐུལ་མ་གནང་ཡོད།
        ཞི་ཅིན་ཕིང་གིས། ང་རང་ནས་ཁྱེད་ཚོར་ཕུགས་བསམ་དེ་འདྲ་ཡོད་པ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་། བྱ་བ་ཆེན་པོ་བསྒྲུབ་པའི་ཕུགས་བསམ་འཛུགས་དགོས་པ་ལས། དཔོན་པོ་ཆེན་པོ་བྱེད་པའི་ཕུགས་བསམ་འཛུགས་མི་རུང་། དཔོན་པོ་ཆེན་པོ་བྱེད་པ་དེ་དོན་དངོས་ཐོག་བྱ་བ་ཆེན་པོ་སྒྲུབ་ཆེད་ཡིན་པས། སྒེར་གྱི་མཚན་སྙན་དང་ཁེ་ཕན་ཐོབ་ཆེད་མིན་ཞེས་གསུངས་ཡོད།
        གུང་གཞོན་སྡེ་ཚོགས་ནི་ཏང་གི་ལས་རོགས་དང་རྒྱབ་སྣོན་དམག་ཡིན་ལ། ཏང་གི་གཞོན་ནུའི་ལས་དོན་གྱི་འགན་འཁུར་མཁན་གལ་ཆེན་ཞིག་ཡིན།
        གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་དར་སྲོལ་སྣེ་ཁྲིད་དང་། གོམས་སྲོལ་སྣེ་ཁྲིད་བྱེད་པའི་ནུས་པ་ཡོད་དགོས། གཞོན་ནུ་ཡོད་སར། སྡེ་ཚོགས་སྒྲིག་འཛུགས་འཛུགས་དགོས། རླབས་ཆེའི་དམིགས་འབེན་གྱི་ཐོག་ནས་གཞོན་ནུར་བསམ་པའི་འབོད་སྐུལ་བྱེད་དགོས་པ་སྟེ། སྤྱི་ལོ་2013ལོའི་ཟླ་བ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་པའི་མཉམ་སྡེབ་གླེང་མོལ་ཐོག་གཅིག་བསྡུས་འགྲེལ་བཤད་གནང་ནས། དུས་རབས་གསར་པར་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུར་ཞབས་ཞུ་བྱེད་པའི་ལས་དོན་གྱི་གཙོ་གནད་གཏན་འཁེལ་གནང་ཡོད།
        སྤྱི་ལོ་2015ལོའི་ཀྲུང་དབྱང་གི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གུང་གཞོན་སྡེ་ཚོགས་ལས་དོན་གྱི་འགག་རྩ་ནི་ཆབ་སྲིད་རང་བཞིན་རྩ་བར་འཛིན་པ་དང་། སྔོན་ཐོན་རང་བཞིན་ཐོག་ནས་རང་ཉིད་སྲ་བརྟན་དུ་གཏོང་བ། མང་ཚོགས་རང་བཞིན་གྱི་ཐོག་ནས་རྩ་བ་འཛུགས་པ་བཅས་ཡིན་ཞེས་གསུངས་ཡོད།
        ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གུང་གཞོན་སྡེ་ཚོགས་དེ་མང་ཚོགས་ཚོགས་པ་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་དགོས་ཞེས་ནན་བཤད་གནང་ཡོད།
        ཞི་ཅིན་ཕིང་གིས། བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་པའི་སྒྲིག་འཛུགས་ཀྱིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཤུགས་ཆེར་བཏང་ཏེ། མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུའི་སྒྲིག་འཛུགས་སྐུལ་སློང་བྱེད་དགོས་ཞེས་གསུངས་ཡོད།
        གཞོན་ནུར་ཕུགས་བསམ་དང་འཇོན་ཐང་ཡོད་པ་དང་། འགན་འཁྲི་འཁུར་ཕོད་ཚེ། རྒྱལ་ཁབ་ལ་མདུན་ལམ་ཡོད་པ་མ་ཟད་མི་རིགས་ལ་རེ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། སླར་ཡང་དེང་དུས་གཞོན་ནུ་ཚོས་ལང་ཚོའི་ཕུགས་བསམ་བཅངས་ནས། འབད་འཐབ་ཁྲོད་མི་ཚེའི་འོད་སྟོང་གཏོད་དགོས་པའི་སྐུལ་མ་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་མི་རབས་ནས་མི་རབས་བར་གྱི་གཞོན་ནུའི་རྒྱུན་མཐུད་འབད་འཐབ་ཁྲོད་དོན་དངོས་ལ་འགྱུར་རྒྱུ་ཡིན། ཏང་ཡོངས་ཀྱིས་གཞོན་ནུར་ཐུགས་འཁུར་དང་གཅེས་སྐྱོང་བྱས་ཏེ། ཁོང་ཚོར་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པའི་སྟེགས་བུ་སྐྲུན་དགོས། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱང་རིང་གི་ཕུགས་བསམ་འཛུགས་པ། ཏན་ཏན་ཏིག་ཏིག་བཅས་བྱས་ཏེ། བློ་སྟོབས་ཆེན་པོས་དུས་རབས་ཀྱི་སྣེ་ཁྲིད་པ་བྱེད་དགོས་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་བསམ་མངོན་པར་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་ལྷོད་མེད་བྱས་ནས་མི་ཚེའི་འོད་སྣང་མངོན་པར་བྱེད་དགོས་ཞེས་གསུངས་གནང་ཡོད།


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1