གཙོ་ངོས།>> རྩོམ་རིག>>སྒྲུང་གཏམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༧ཉིན།

༄༅།། ཁྱིམ་བྱ།


ཟི་ལིང་། རམས་ཚེ་བྷོ།

        ཁྱིམ་བྱ་དེར་རྨ་བྱའི་སྒྲོ་མདོངས་ལྟ་བུའི་སྒེག་ཉམས་མེད་ནའང་རྒྱུན་དུ་གྱང་ཁ་མཁར་ཁ་ནས་འདབ་སྒྲོ་ལེབ་མོ་གནམ་ལ་བསླངས་ཏེ། གང་ལའང་འཕུར་མི་འདོད་པར་བདག་པོའི་མདུན་ནས་རང་ཉིད་ཀྱི་མཛེས་སྡུག་ཡོད་ཚད་ཕྱིར་མངོན་ཅི་ཐུབ་བྱེད་ཀྱིན་ཡོད།
        ཉིན་ཞིག ཁོ་ཚང་གི་མཁར་སྟེང་ལ་སྐྱ་ཀ་ཁྲ་མོ་ཞིག་བབས་ཏེ། “ད་ལོར། ང་ཚོའི་ཕ་ཡུལ་དུ་ཆར་ཐིགས་ཙམ་ཡང་མ་ལྷུང་བས་ས་གཞི་ཐན་སྐམ་གྱིས་མནར་ཏེ་ལོ་ཏོག་གི་འབྲས་བུ་མི་བཟང་བའི་ཁར། ཐང་ན་འབའ་འབུ་ཙམ་ཡང་བཏུ་རྒྱུ་མེད་པས། དེ་རིང་ངས་ཁྱོད་ཀྱི་ཤིང་གཞོང་གྲུ་བཞིའི་ནང་གི་མ་རྨོས་ལོ་ཏོག་འབྲུ་རྡོག་འགའ་ཟོས་ན་ཨེ་ཆོག”ཅེས་ཞུ་བ་འཐེན་པ་ན། ཁྱིམ་བྱ་གྱང་ཁ་ནས་ལྡིང་སྐོར་དང་བཅས་ཤིང་གཞོང་ཁར་བབས་ཏེ་རྒྱལ་མཚམས་སྲུང་བའི་སོ་སྲུང་དམར་དམག་གཅིག་དང་མཚུངས།
དེ་མུར། སྐྱ་ཀ་ཁྲ་མོ་བུད་མེད་ལྟ་སྐྱོད་ཅན་ཞིག་དང་འདྲ་བར་མཁར་ཁ་ནས་མཆུ་སྒྲོས་གཡས་གཅུ་གཡོན་གཅུ་འགའ་བྱེད་ཞོར་དུ། “ཨ་སྒོང་ལོག ཁྱོད་ཡི་དྭངས་ཀྱིས་རྒྱལ་པོའི་མཛོད་ལ་བདག་པོ་མ་རྒྱག”ཅེས་སྤྲུག་རྡེབ་རེ་བྱས་ཏེ་འཕུར་སོང་།
        ཁྱིམ་བྱའི་སེམས་སུ་བདག་པོ་རང་ལ་ཤིན་ཏུ་བརྩེ་འདང་ཆེ་བའི་ཁར། ནམ་ཡང་གདོང་ལ་འཛུམ་གྱིས་ཁེངས་ཤིང་བཟས་མ་མྱོང་བའི་འབྲུ་རྡོག་རེ་རེར་སེར་སྣ་ཅི་ཡང་མེད་པར་འགྲོ་ཞོར་འདུག་ཞོར་དུ་ངའི་མདུན་དུ་གཏོར་བ་ན། རང་ཉིད་བྱ་སྒོང་སྐྱེས་ཤིག་ཡིན་རུང་སེམས་འགུལ་ཐེབས་མྱོང་ལ། ཁོས་ཁོང་ཚོ་དྲིན་ཕ་མ་ཞིག་གི་བསམ་པས་བཟུང་མྱོང་། ཁོ་རང་ཁྱིམ་གཞི་ཆེན་པོ་འདིའི་ཁྱིམ་བྱར་གྱུར་བ་ནས་བཟུང་རང་ཉིད་ཀྱི་འགན་འཁྲི་གཙོ་བོ་བྱ་སྒོང་གཏོང་རྒྱུ་དེ་ཡིན་པ་ཤེས་ཡོད་པ་ལས། ཁྱིམ་ཚང་དེའི་འཆར་གཞི་དང་འཕེལ་རྒྱས། དར་རྒུད། ཐ་ན་ཁོ་ཚོའི་འགྲོ་འདུག་ཉལ་འཆག་བཅས་ཀྱི་ནང་གཏམ་སྤུ་ཙམ་ཡང་གོ་མྱོང་མེད། གང་ལྟར་བདག་པོའི་འཛུམ་ཆུང་དང་བདག་མོའི་གཏོང་ཕོད་བཅོས་མ་དེ་རིག་ཐེངས་རེར། ཡིད་སེམས་བདེ་རུ་བབས་ཏེ་རང་ཉིད་ཀྱང་གཡང་ཁྱིམ་གྲུ་བཞི་འདིའི་ཁོངས་མི་ཞིག་ཡིན་མདོག་གིས་ཁྱིམ་འདིའི་མཁར་སྟེང་དང་གྱང་གཏིང་བར་ནས་ཉིན་མཚན་ཀུན་ཏུ་འགྲོ་འོང་བྱེད་ཀྱིན་ཡོད།

        ད་ནི་ཉིན་གུང་ཡོལ་ཟིན་པས། སྡེ་ཆེན་པོ་འདི་བུད་མེད་སྒྲེན་ནེ་ཞིག་གན་རྐྱལ་དུ་ཉལ་བ་ལྟར་སྐྱ་ཐིང་ངེར་ཁྲི་གདུགས་ཉི་མའི་ཚ་ཟེར་གྱི་ཀློང་ན་གཞོབ་ལ་ཁད་བྱེད་ཀྱིན་ཡོད། གར་འོང་མི་ཤེས་པའི་ཁྭ་ཏ་ནག་ཆུང་ཞིག་ཁྱིམ་དེའི་ལྟག་རྒྱབ་ཀྱི་སྡོང་མགོ་ལ་བབས་ཏེ། “ཀྭ་ཡེ། གྲོགས་པོ་ལགས། ཁྱེད་ཨེ་སྐོམ་ཀི ཕ་གའི་གྲམ་གཞུང་ན་དྭངས་གཙང་གི་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་ཀྱིན་ཡོད། འགྲོ། སྒོར་ཤོག་དང་། ང་ཚོ་ཆུ་རྐའི་འགྲམ་དུ་རྩེད་དུ་འགྲོ”ཞེས་ཁྭ་ཏས་ཁྱིམ་བྱར་སྐོམ་པས་གཟུར་བར་མཐོང་ནས་ཁ་གསེག་དྲིས།
        ཁྱིམ་བྱའི་སྐྱིད་པའི་གཡང་ཁྱིམ་གྲུ་བཞི་འདིའི་ནང་ན་རང་ལས་སྐྱིད་པའི་འདབ་ཆགས་བྱ་ཞིག་མེད་པར་ནག་ཆུང་ཁྭ་ཏས་ཕྲག་དོག་བྱེད་ཀྱི་ཡོད་སྙམ་སྟེ། “ཁྱོད་ནག་ཆུང་ཁྭ་ཏའི་མགོར་ལྟོས། །ལུས་ཉི་མས་འཚིག་པ་མིན་ན། །རྒྱབ་ནག་རེག་ཆགས་པའི་བྱར་ལྟོས། །འབུ་ནག་རིལ་ཞིག་གི་བཙོག་རེད། །མཆུ་གཡུགས་ཏེ་བཤད་རྒྱུ་མང་ན། །ངས་ཁ་གདངས་ཏེ་གསོན་མིད་རྒྱག་རྒྱུ”ཞེས་བཤད་པ་ན། ཁྭ་ཏ་ནག་ཆུང་དེ་ལྡིང་སྐོར་ཞིག་གིས་ཡལ་ཀ་སྐོམ་པོ་ཞིག་གི་རྩེར་བབས་ཏེ། “ཁྱོད་གྱང་ཁའི་བྱ་ཕོ་དཀར་ལྡང་བོ། །
        འབུ་གྲོག་མ་ཟ་བའི་འདྲེ་ཞིག་རེད། །བྱ་སྒོང་བ་རུམ་པའི་ལྷ་ཞིག་རེད། །མཚོན་དམར་པོའི་གྲི་སྣེ་བརྡར་བཞིན་འདུག །སང་ནངས་མོ་ནམ་མཁའ་ཡར་ལངས་ལ། །ལུས་གསོན་མིད་སུས་རྒྱག་མི་ཤེས་ཀི”ཞེས་རོ་ཁ་གཟའ་ཁ་དེའི་ཁ་ནས་བཀྲ་མི་ཤིས་པའི་ཨག་སྐད་རེ་བརྒྱབ་སྟེ་འཕུར་སོང་།
        ཁྱིམ་བྱ་ཁོང་ཁྲོ་དྲག་པོ་ཞིག་ལངས་རེ་རོ་བྱ་ཐན་བྱ་ཁྱོད་ཀྱི་ཁ་ནང་ལ་རྨ་ཁ་ཚུར་འདྲ་བ་ཞིག་འབུད་ཁོ་ཐག་ཡིན་ཞེས་ཁེར་ལབ་ཅིག་བྱས་པ་དང་།
        དེ་ནས་སྒོ་ང་གཏང་ལ་རན་པས་རྩྭ་ཕུང་སྐྱག་ཚང་འདྲ་བ་དེའི་ནང་དུ་སེམས་ཆུང་གིས་ཉལ་བྱུང་། དེ་རིང་ཁྱིམ་ཚང་འདིའི་རྒན་དར་གཞོན་གསུམ་ཚང་མ་ཁོམ་ལོང་ཞིག་མེད་པར་སྒོའི་ཕྱི་ནང་ཀུན་ན་ཡར་འགྲོ་མར་འོང་བྱེད་པར་བལྟས་ན་སང་ཉིན་ཁོ་ཚོར་དོན་དག་ཅིག་ཡོད་པ་འདྲ། བྱ་ཕོ་ནི་ཁོ་ཚང་གི་གསོས་བྱ་ཡིན་པས། ཁྱིམ་ཚང་དེའི་གནས་ཚུལ་ལ་རྒྱུས་ལོན་རྒྱུ་གོམས་ལོབས་སུ་སོང་མེད་པའི་ཁར་ཁྱིམ་དེའི་བྱ་བ་ཙག་ཙིག་ལ་འདྲི་རྩད་བྱེད་པའི་དབང་ཆ་ཡང་གཏན་ནས་མེད།
        ཕྱི་དྲོར། ཁོའི་ཁྱིམ་ན་བདག་པོ་བདག་མོ་སུའང་མེད་པའི་གོ་སྐབས་དང་བསྟན་ནས། བྱ་དེ་ཕོ་ཞིག་ནགས་རི་ནགས་བསྐོར་བརྒྱུད་ཅིང་ནགས་ལམ་ཕྲ་མོ་དེད་ནས། ཞིང་ཁའི་རྣང་མའི་བར་ནས་འཇབ་འཇབ་དུ་ཡོང་སྟེ་ཤིང་སྒོ་གྲུ་བཞིའི་ཧྲག་བར་ནས་ད་སོ་མ་གསང་འཕྲིན་ཞིག་ཐོས་སོང་བར་ལྟར། “ཨ་རོག རིགས་གཅིག་སྤུན་ཆུང་ལོ་ལོ། །འཇིག་རྟེན་སྒྱུ་མའི་གྲོང་གི །མགོ་ནག་མི་ཡི་དྲུང་ན། །སྐྱིད་ཀྱི་བདེ་བ་ཨེ་ཡོད། །སྐྱིད་པའི་བདེ་བ་མེད་ན། །འདབ་ཆགས་ནགས་ལུང་མཐའ་ན། །ཟས་ཀྱི་སྡེར་པ་མེད་རུང་། །རྒུམ་བུ་འབུ་རྒྱུ་ཡོད་ཀི། །”ཞེས་བྱ་དེ་ཕོས་ཡིད་སེམས་སྨྲེང་བའི་ངང་ནས་སྒོའི་ཧྲག་བར་ནས་ཁྱིམ་བྱར་སེམས་གཏམ་འདི་བརྗོད་པ་ན། ཁྱིམ་བྱས་ད་དུང་སྒོ་ང་བཏང་མ་ཚར་བ་ལོས་ཡིན། འགུལ་ཙམ་ཡང་མི་བྱེད་པར་མཚམས་པ་དམར་ལོག་སྒོམ་ལ་བཞུགས་པ་ལྟར་ཁ་ཅི་ཡང་མ་གྲག་པར་བསྡད།
        ཡུད་ཙམ་ཞིག་ནས་ཁྱིམ་བྱས་གཤོག་སྒྲོ་ལེབ་མོ་དཀྲུག་དཀྲུག་ཙམ་བྱས་རྗེས་བྱ་དེ་ཕོའི་སྐད་ལ་ལན་ཞིག་སྟེར་བསམས་ནས། འདབ་ཆགས་བརྒྱ་ཡི་ཕ་ས་སྟེ། ཚིང་ཚིང་གི་ནགས་ཚལ་དང་། ཞིམ་མངར་ཅན་གྱི་སིལ་ཏོག སྙན་འཇེབས་ཀྱི་གསུང་དབྱངས། མེ་ཏོག་གི་དགའ་ཚལ་བཅས་ཡིད་ལ་ཝ་ལེར་འཆར་ཡོང་ནའང་། རང་ཉིད་དུས་རབས་ག་ཚོད་ཅིག་དང་མེས་པོ་སུ་ཡི་རིང་ལ་འདབ་ཆགས་ཁྱུ་ཡི་གྲས་ནས་བདས་ཏེ་གཟེབ་དང་ར་བས་སྦྲེལ་བའི་དྲ་ནང་དུ་འཇུག་དོན་ཅི་ཡིན་ནམ་ཞེས་བློ་ནན་གྱིས་གཏོང་བཞིན་པའི་སྐབས་སུ། བདག་མོ་དེའི་ལག་ཟུང་ལྕགས་ཀྱི་སྐམ་པ་ཞིག་དང་འདྲ་བར་ཁོ་མོའི་གཤོག་འོག་ལ་ལག་སྙོབ་ཅིག་བྱས་ཏེ་སོ་མར་བཏང་བའི་སྒོ་ང་ཆ་མ་དེ་སླ་ང་ཚ་འདེའི་ནང་གི་གོ་རེ་ལེན་ལེན་བྱས་ཏེ་འཕྲོག་སོང་།
        མཚན་མོ་དེར། དཀར་གསལ་ཟླ་བའི་འོད་མདངས་འཁྱག་སིབ་སིབ་ངང་མུན་ནག་གི་བྱ་ཁང་ནང་ལ་ཕོག་པས། ཁྱིམ་བྱ་དེས་བྱ་སྒྲོ་ལེབ་མོ་འདར་སིག་སིག་ལུས་ལ་གྲང་འདར་རེ་སྐྱེས་ཏེ་གཏན་ནས་གཉིད་མ་ཁུགས་ནའང་། སང་ཉིན་སྔ་མོར་བདག་པོ་ཚང་ལ་དོན་དག་གལ་ཆེན་ཞིག་བསྒྲུབ་རྒྱུ་ཡོད་པ་འདྲ་བས། བྱ་མགོ་མ་གྲགས་ཏེ་ནམ་ཚོད་འཛིན་རྒྱུ་ནི་རང་གི་ལས་ཀ་ཤག་ཤག་ཅིག་ཡིན་པ་ཡིད་ལ་དམ་པོར་བཅངས་ཡོད།
        “ཁྲོག ཁྲོག ཁྲོག”ཅེས་ད་རག་པར་དུ་ཐོས་མ་མྱོང་བའི་རྡོག་སྒྲ་ལྕི་མོ་ཞིག་ཁྱིམ་བྱའི་སྔས་འགྲམ་ནས་རྡོག་འདབས་བར་དུ་རྒྱུ་བ་ན། ཁྱིམ་བྱ་ཡེར་སེར་ཡར་ལངས་ཏེ་ཞིབ་ཏུ་བལྟས་ཙ་ན། ཉིན་དཀར་སྡོང་ཀོག་སྐམ་པོ་དེའི་སྐྱིབས་ན་མི་གསོད་ཀྱི་ལག་དམར་བཞིན་བསྐུངས་འདུག་པའི་ཐན་བྱ་འུག་རྒན་དེས་ཁོའི་སྔས་འགྲམ་གྱི་རྒུམ་འབུ་བརྐུ་བཞིན་འདུག
        “ཨ། ཞ་ར། ཁྱོད་ཀྱིས་ཅི་ཞིག་རྐུ་བཞིན་ཡོད”ཅེས་སྐད་གསེང་མཐོན་པོས་འུར་བརྒྱབ་པ་ན། འུག་རྒན་ཞ་ར་དེའི་གདོང་ལ་འཛུམ་ཞིག་ལངས་ཏེ།
          “གྲོགས་པོ། ངེད་གཉིས་ནི་ལོ་མང་ཞིག་གི་གྲོགས་པོ་ཡིན་ལ་ཁྱིམ་མཚེས་ཀྱང་ཡིན། ངས་ད་རག་བར་དུ་ཁྱོད་ཀྱི་ཁ་ཟས་ཏིལ་འབྲུ་ཙམ་ཡང་བརྐུས་མ་མྱོང་ལ་འཕྲོག་ཀྱང་མྱོང་མེད། ང་འུག་པ་ཞ་རས་ཉིན་མོར་ཅི་མི་མཐོང་བ་བདེན་མོད། ངས་མུན་ནག་གི་འཇིག་རྟེན་འདི་ནས་མགོ་ནག་མི་ཡི་གདུག་རྩུབ་དང་གཡོ་སྒྱུ། ཧམ་སེམས་དང་ལྐོག་ཇུས་མ་ལུས་མཐོང་ཐུབ་པས། དོ་དགོང་། ང་འདབ་ཆགས་ཞ་ར་ཞིག་མི་ཡུལ་ནམ་ཚོད་འཛིན་མཁས་ཀྱི་ཁྱིམ་བྱ་ཁྱོད་སྐྱེལ་མ་བྱ་རུ་འོངས་པ་ཡིན། ད་བདེ་མོ་གྱིས”ཞེས་གཤོག་རྡེབ་ཅིག་བྱས་ཏེ་རྒྱང་དུ་འཕུར་སོང་།
        “ཀག ཀག ཀག”
        སང་ཉིན་ནམ་ལངས་ཀྱི་བྱ་མགོ་མ་གྲགས་བྱུང་།
        ཀག ཀག ཀག”
          སང་ཉིན་ནམ་ལངས་ཀྱི་བྱ་བར་མ་གྲགས་བྱུང་།
        “ཀག ཀག ཀག”
        སང་ཉིན་ནམ་ལངས་ཀྱི་བྱ་གཞུག་མ་གྲགས་བྱུང་།
        གཤིས་འཇམ་ཞིང་གཞུང་དྲང་ལ། བློ་དཀར་ཞིང་ཐུགས་དཀྱེལ་ཡངས་པ། ལས་ལ་བརྩོན་ཞིང་རྒྱུ་འབྲས་བརྩི་བའི་ཁྱིམ་བྱས་རང་ཉིད་ཀྱི་ལས་ཀ་ཡོད་དོ་ཅོག་བསྒྲུབས་ཚར་རྗེས། ཁ་རོག་གེར། ཁུ་སིམ་མེར། ཐ་ན་འཕག་འཚག་ཙམ་ཡང་མི་རྒྱག་པར་མལ་སྐྱག་ཚང་འདྲ་བའི་ནང་ན་བདེ་བར་གཉིད་ཡོད་དུས། རྣ་ལམ་དུ་བདག་པོ་འཛུམ་མདངས་ཅན་དེས་གྲི་ཆུང་བརྡར་བའི་སག་སྒྲ་ཞིག་ཁོའི་རྣ་ལམ་དུ་བྲག་ཅ་བཞིན། བོའུ་སྐད་བཞིན། ཁྭ་ཏའི་ཐན་སྐད་བཞིན་ཇེ་ཉེ་ནས་ཇེ་ཉེ་རེད།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1