ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 06-27


        ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ཏེ་རྟེན་འབྲེལ་ཞུས་པ་དང་ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ།
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་རྗེས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧི་ཅུན་ཁི་ཡིས་ཚོགས་ཆེན་དངོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་རྗེས། ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས་པ་དང་གུང་གཞོན་ཚོགས་པའི་ཚོགས་གླུ་བླངས། དེར་མཐུད་ནས་ན་གཞོན་གདོང་ལེན་རུ་མི་བཅུ་ཡིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ།
        ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཁ་ཡིག་ལ་དུས་རབས་གསར་པའི་རླབས་རྒྱུན་དང་བསྟུན་ནས་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ། ཝང་ཧུའུ་ཉིང་གིས་ཐོག་མར་ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དང་གུང་གཞོན་ཚོགས་མི་ཡོངས་དང་རྒྱ་ཆེའི་ལོ་ཆུང་ན་གཞོན་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་ཞུས།
        ཝང་ཧུའུ་ཉིང་གིས་ཤིས་ཚིག་ནང་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་ན་གཞོན་བྱ་བ་བཟང་བོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་འགོ་བརྩམས་པའི་ཇུས་གཞི་ཆེན་པོ་མངོན་འགྱུར་བྱེད་པ་དེ་དེང་རབས་ན་གཞོན་གྱི་ཕྲག་ཏུ་བབས་ཡོད། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཡིད་ལ་དམ་པོར་འཛིན་པ་དང་དུས་དང་རྣམ་པ་ཀུན་ཏུ་ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། བླ་མེད་ཀུན་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་མུ་མཐུད་དུ་རང་ཉིད་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད་ནམ་ཡང་འབད་འཐབ་སྙིང་སྟོབས་དར་སྤེལ་བྱས་ཏེ། སྤོབས་པ་ཆེན་པོས་གསར་སྐྲུན་གསར་གཏོད་ཁྲོད་ཞུགས་པ་དང་སྤོབས་པ་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གཙོ་ཤུགས་དམག་དཔུང་གི་ནུས་པ་ཁག་ཁུར་བྱེད་དགོས་ཟེར།
        ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ལིས་ཡུས་ཧྥུའུ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་སོགས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ་བ་དང་། ཧི་ཅུན་ཁི་ཡིས་གུང་གཞོན་ཚོགས་པའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཞེས་པའི་སྙན་ཞུ་ཕུལ།
        ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་ཚོགས་འདུར་ཞུགས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1