གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྨེ་རུ་ཡུལ་ལྷ་ཐར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།། བོད་ཀྱི་ཡིག་རྙིང་གི་རིགས་དང་ལུས་ཀྱི་དབྱེ་བ།

རྨེ་རུ་ཡུལ་ལྷ་ཐར།
          བོད་ཀྱི་ཡིག་རྙིང་ནི་གྲངས་འབོར་གཏོས་ཆེ་ལ་ནང་དོན་གྱི་ཁེབས་རྒྱ་ཡངས་པ་དང་།  བརྗོད་བྱ་སྣ་ཚོགས་ཤིང་ལུས་གྱ་ནོམ་པར་ཡོད་ལ། རིག་དངོས་ལོ་རྒྱུས་ཀྱི་ཕྱོགས་མང་པོ་མཚོན་ཡོད་པ་ཞིག་ཡིན་པས། དེ་དག་ལ་རིགས་དབྱེ་དང་ཕྱོགས་སྡོམ་མ་བྱས་པར་ལེགས་སྒྲིག་བྱས་ན་དཀའ་ངལ་ཧ་ཅང་ཆེ་བའི་ལས་སུ་འགྱུར་བ་དང་། དེ་ལས་ལྡོག་སྟེ་བོད་ཀྱི་ཡིག་རྙིང་ཁག་རུབ་རུབ་ཀྱིས་ཕྱོགས་བསྡུས་རིགས་དབྱེ་ལེགས་པོ་ཞིག་བྱས་པ་ཡིན་ཚེ།  ཕྱིན་ཆད་ཀྱི་ལེགས་སྒྲིག་དཔེ་སྐྲུན་དང་ལྟ་ཀློག་ཞིབ་འཇུག་བཅས་བྱེད་སྐབས་སྟབས་བདེ་བ་དང་།  མི་རྣམས་ཀྱི་བསམ་བློའི་ནང་ཡིག་རྙིང་སྤྱི་ལ་ཕྱོགས་བསྡུས་རང་བཞིན་གྱི་ངོས་འཛིན་སྐྱ་ཐིག་ཅིག་ཡོད་པར་བྱེད་ཐུབ། དེའང་བོད་ཀྱི་ཡིག་རྙིང་སྤྱི་ལ་གོ་བབ་དཔྱད་བསྡུར་ཅིག་བྱས་པ་ཡིན་ན། དེ་ལ་རིགས་དབྱེ་བྱེད་པ་དེ་ཧ་ཅང་དཀའ་ངལ་ཆེ་བའི་གནས་ཤིག་མ་ལགས་ཏེ། ང་ཚོས་དེ་ཉིད་རིགས་ཆེན་པོ་གཉིས་དང་ལུས་བཅུ་དྲུག་ཏུ་དབྱེ་བ་ཕྱེ་ཆོག་པ་རེད།  
          འདིར་རིགས་ཞེས་པ་ནི། ཁྱད་ཆོས་ཐུན་མོང་དུ་ཡོད་པའི་རྣམ་གྲངས་སོ་སོར་ཕྱེ་བ་ལ་ཟེར་ཏེ། གཙོ་བོ་ཚད་གཞི་མི་འདྲ་བ་གཞིར་བཟུང་ནས་ཚན་པ་ཁག་གཅིག་ལ་ཐུན་མོང་དུ་གྲུབ་པའི་ཁྱད་ཆོས་ལ་དམིགས་ནས་ཕྱེ་བའི་སྡེ་ཚན་ཞིག་ཡིན། དཔེར་ན། མི་ལ་ཆེ་ཆུང་དང་དཔའ་རྟུལ། རབ་འབྲིང་། ཞ་བོ། འོན་པ། བླུན་པོ མཁས་པ། འབངས་ཐ་མལ། དཔོན་པོ་སོགས་མང་ནའང་རིགས་ཆེ་བ་ཕོ་མོ་གཉིས་སུ་མ་འདུས་པ་མེད་དེ། སོ་སོ་རེ་རེར་ཐུན་མོང་གཅིག་མཐུན་གྱི་ཁྱད་ཆོས་འབའ་ཞིག་གྲུབ་ཡོད་པས་རེད། དེ་བཞིན་བོད་ཀྱི་ཡིག་རྙིང་ལ་མཚོན་ནའང་། དེ་ལ་ལུས་འདྲ་མིན་གང་མང་ཞིག་ཡོད་ནའང་རིགས་གཉིས་སུ་དབྱེ་རུང་བ་ལྟར་ཡིན།  
          ལུས་ལ་མཚོན་ན། དེ་ནི་ཡིག་ཚང་གི་འབྲི་བརྐོ་དང་བསྡུ་ཉར། བརྒྱུད་སྤེལ་བཅས་བྱེད་པའི་རྣམ་པ་སྟེ་ཡིག་རིས་དེ་ཉིད་ཀྱི་གཞི་ལ་ཡོད་པའི་གནས་སྟངས་ཀྱི་ངོ་བོ་དེ་ལ་བརྟེན་ནས་བརྗོད་པ་ཡིན། དེ་ཡང་ཡིག་རྙིང་དེ་རྣམས་ལ་ལ་ཞིག་རྡོ་ལ་བརྐོས་ཡོད་པ་དང་ལ་ལ་ཞིག་ལྕགས་ལ་བྱས་ཡོད་པ། ལ་ལ་ཞིག་ཏ་ལའི་ལོ་མར་བྲིས་ཡོད་པ་དང་ཡང་ལ་ལ་ཞིག་ཤོག་དྲིལ་དུ་བྲིས་ཡོད་པ། ལ་ལ་ཞིག་ལྡེབས་བྲིས་སུ་ཡོད་པ་སོགས་ལུས་ཀྱི་རྣམ་པ་མི་འདྲ་བ་སོ་སོར་སྣང་བ་དེ་གཞིར་བཟུང་ནས་ལུས་ཀྱི་སྡེ་ཚན་དབྱེ་ལུགས་འདི་ངོ་སྤྲད་པ་ཡིན།  
          དེ་ལ་ཐོག་མར་འདིར་རིགས་ཆེན་པོ་གཉིས་སུ་དབྱེ་ལུགས་བརྗོད་པ་ལ།  སྤྱིར་ན་རིགས་དང་ལུས་ཀྱི་དབྱེ་བའི་སྐོར་གླེང་སྐབས་ཕྱོགས་གཉིས་ཀྱི་ཐད་ནས་དབྱེ་ཞིབ་ཀྱིས་བརྗོད་ཆོག་པ་སྟེ། ནང་དོན་དང་རྣམ་པ་གཉིས་ཀྱི་ཆ་ནས་བརྗོད་རུང་བ་ཡིན་མོད། འདིར་བརྗོད་པའི་རིགས་དང་ལུས་ནི་ཡིག་རྙིང་གི་རྣམ་པ་གཙོ་བོར་བཟུང་ནས་སྤྲོས་པ་ཡིན། རྒྱུ་མཚན་ནི། རྒྱལ་ཁབ་ཕྱི་ནང་གི་ཡིག་ཚང་རིག་པའི་ཁྱབ་ཁོངས་སུ་ཡིག་ཚང་གི་ལུས་ལ་དཔྱད་སྐབས་རྒྱུན་པར་རྣམ་པའི་ཆ་ནས་ཞིབ་འཇུག་བྱས་པ་ཡིན་ལ། དེ་ནི་ལོ་རྒྱུས་སྟེང་གི་ཡིག་ཚང་ཁག་རྣམ་པ་མི་འདྲ་བའི་ངང་ནས་ཟིན་ཐོར་བཀོད་ཡོད་པའི་ཆ་དེ་དམིགས་སུ་བཟུང་བས་ཡིན་པ་རེད། དེའི་ཕྱིར་ན། འདིར་ཡང་རིག་ཚན་གང་དེའི་ཞིབ་འཇུག་བྱེད་སྟངས་གཞིར་བཟུང་ནས་རྣམ་པའི་ཆ་གཙོར་བཏོན་ཡོད་པ་ལས་ནང་དོན་གྱི་ཆ་ནས་བོད་ཀྱི་ཡིག་རྙིང་ལ་རིགས་དབྱེ་བྱས་མེད།             
དང་པོ།  བོད་ཀྱི་ཡིག་རྙིང་གི་རིགས།
          བོད་ཀྱི་ཡིག་རྙིང་ལ་རིགས་དབྱེ་སྐབས་ཁོ་བོས་གོང་དུ་ཞུས་པ་ལྟར་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་གཞིར་བཟུང་ནས་ཁྱབ་ཆེ་ས་ནས་དབྱེ་བསྡུ་བྱས་པ་ཡིན་ལ། བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་ཆའི་རིགས་སྤྱི་ལ་དབྱེ་བ་དགར་སྐབས་དེ་ལ་ལུགས་བརྐོས་ཀྱི་རིགས་དང་བྲིས་མའི་རིགས། པར་མའི་རིགས་བཅས་རིགས་ཆེན་པོ་གསུམ་དུ་བསྡུ་རུང་བ་དང་། བོད་ཀྱི་ཡིག་རྙིང་ནི་བོད་ལ་པར་སྐྲུན་ལག་རྩལ་མ་དར་བའི་སྔོན་ལ་བྱུང་བ་ཡིན་པས་པར་མའི་རིགས་སུ་དབྱེ་ཐབས་མེད་པ་ཡིན། འོན་ཀྱང་དེང་སྐབས་བོད་ཀྱི་ཡིག་རྙིང་ཁག་རིམ་པ་བཞིན་ལྕགས་པར་དུ་འདེབས་བཞིན་ཡོད་པ་འདི་པར་མའི་རིགས་མིན་ནམ་ཟེར་ན། དེ་ནི་ཁོ་བོས་གནའ་བོའི་པར་གཞི་ངོ་མ་གདོད་མའི་རྒྱུ་ཆ་དེ་མིན་པར་བརྟེན་ནས་རིགས་གསུམ་དུ་དགར་ནས་དབྱེ་མེད།                  
          ༡ ལུགས་བརྐོས་ཀྱི་རིགས།
          ལུགས་བརྐོས་ཀྱི་རིགས་ཞེས་པ་ནི་རྡོ་དང་བྲག །  ཤིང་། ལྕགས་ཆས་སོགས་ཀྱི་སྟེང་དུ་བརྐོ་བཟོ་དང་ལུགས་བླུག་པའི་སྐོར་གྱི་ཡིག་རྙིང་གི་རིགས་དེ་ལ་ཟེར། ལུགས་བརྐོས་ཀྱི་རིགས་དེ་ཕལ་ཆེར་བོད་བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བ་ཞིག་ཡིན་པ་དང་། ཡང་དེ་ལས་སྔ་བའི་རྒྱལ་ཕྲན་སིལ་མའི་དུས་དང་ཞང་ཞུང་རྒྱལ་རབས་དུས་སུའང་ཡོད་ངེས་པ་ཡིན་རུང་། ད་སྔ་ད་དུང་སྒྲུབ་བྱེད་ཡིད་བརྟན་འཕེར་བ་ཞིག་རྙེད་མེད་པའི་རྒྱུ་མཚན་གྱིས། ང་ཚོས་ལུགས་བརྐོས་ཀྱི་རིགས་དེ་གཙོ་བོ་བཙན་པོའི་རྒྱལ་རབས་སྐབས་སུ་བོད་རང་དང་མཐའ་འབྲེལ་རྒྱལ་ཁབ་ཁག་བར་མཐུན་འབྲེལ་དུ་བརྐོ་ས་པའི་རྡོ་རིང་ཡི་གེ་དང་བློན་ཆེན་པོ་དང་སྐྱེས་ཆེན་དམ་པ་དག་ལ་བཀའ་གཙིགས་མཛད་པའི་རྡོ་རིང་ཡི་གེ། ནང་བའི་བསྟན་པ་བླ་ནས་བླ་རུ་འཕེལ་བའི་འབུལ་བྱང་སྨོན་ཚིག་ཏུ་བླུགས་པའི་ཅོང་ཡིག །ནང་བའི་ཆོས་གཞུང་སོགས་བྲག་ལ་བརྐོས་པའི་བྲག་བརྐོས་ཡི་གེ་དང་རྡོ་བརྐོས་ཡི་གེ་སོགས་ལ་གོ་བ་ཡིན། དེ་དག་ཚང་མ་སྐབས་དེའི་བརྐོ་བཟོའི་ལག་རྩལ་དང་ལུགས་ལྡུག་པའི་ལག་རྩལ་ལ་བརྟེན་ནས་ཕྱི་རབས་པ་དག་གི་བགོ་སྐལ་དུ་བརྐོས་ཤིང་ལུགས་སུ་བླུགས་ཡོད་པ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དེ་དག་ལག་བྲིས་མ་དང་མི་འདྲ་བར་ཡུན་རིང་ཉར་ཚགས་བྱེད་ཐུབ་པའི་ཁྱད་ཆོས་ལྡན།                     
          ༢ བྲིས་མའི་རིགས།
          བྲིས་མའི་རིགས་ནི་བོད་ཀྱི་ཡིག་རྙིང་གི་ནང་གྲངས་འབོར་མང་ཤོས་ཟིན་པའི་སྐོར་ཡིན་ལ། དེ་ནི་བོད་ལ་པར་སྐྲུན་ལག་རྩལ་མ་དར་བའི་སྐབས་སུ་ཡིག་མཁན་དག་གི་ཕག་ནས་ཐོན་པའི་གནའ་བོའི་ཡིག་ཚང་གི་རིགས་ཕལ་ཆེ་བ་ལ་ཟེར་བ་ཡིན། བྲིས་མའི་རིགས་དེའི་ནང་ད་ལྟ་བོན་དགོན་རྙིང་བ་ཁག་ནང་ཉར་ཚགས་བྱས་ཡོད་པའི་གནའ་བོའི་ཡིག་ཚང་རྙིང་བ་ཁག་ཅིག་འདུས་ལ། བོད་བཙན་པོའི་རྒྱལ་རབས་སྐབས་ཆབ་སྲིད་ཀྱི་དགོས་དབང་སོགས་རྣམ་པ་མི་འདྲ་བ་ལས་བྱུང་བའི་ཁྲམ་དང་བང་བུ།   ཤིང་ལྤགས་ཡི་གེ། ནང་ཆོས་བརྗོད་བར་གྱུར་བའི་ཏ་ལའི་ལོ་མའི་ཡི་གེ། གནའ་བོའི་དགོན་སྡེ་དག་གི་ལྡེབས་སུ་བྲིས་གནང་མཛད་པའི་ལྡེབས་བྲིས།   ཏུན་ཧོང་རྒྱུད་དུ་ཕོན་ཆེ་ཤོས་སུ་མཆིས་བའི་ཤོག་དྲིལ་ཁག་དང་། གཞུང་ཡིག་ཡིག་ཆ། སྒེར་གྱི་གན་རྒྱ་སོགས་ཀྱང་འདུ་བ་ཡིན། དེ་ཡང《བསྟན་འགྱུར》ཁྲོད་བཞུགས་པའི《དཀར་ཆག་ལྡན་དཀར་མ》ལྟར་ན། དུས་རབས་བདུན་པ་ནས་དུས་རབས་བརྒྱད་པའི་དུས་མཇུག་བར་རྒྱ་བོད་ཀྱི་མཁས་པ་དང་ལོ་ཙཱ་བ་དག་གིས་བསྒྱུར་བ་དང་མཛད་པའི་བོད་ཡིག་དཔེ་རྙིང་རིགས་བདུན་བརྒྱ་ལྷག་ཡོད་པར་བརྗོད་འདུག་པ་དང་། དེའི་ཐོག་ལ་རྗེས་སོར་བྱུང་བའི་དཔེ་རྙིང་ཁག་དཀྱུས་གཅིག་ཏུ་བསྣན་ན། བོད་ཆེན་པོའི་རྒྱལ་རབས་སྐབས་ཀྱི་ཁྲི་སྲོང་བཙན་ནས་བོད་སིལ་བུར་འཐོར་བའི་བར་གྱི་ལོ་ངོ་བརྒྱ་ཕྲག་ནང “བོད་ཡིག་དཔེ་རྙིང་གི་གྲངས་འབོར་ཧ་ལམ་སྟོང་ཕྲག་བརྒལ་ཡོད” ①པར་འདུག་པས། དེ་དག་ཚང་མ་བྲིས་མའི་རིགས་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། གཞན་ཡང་། བྲིས་མའི་རིགས་དེ་ལ་བརྡ་ཐབས་རྙིང་བའི་སྐོར་དང་། དབུ་ཅན་གྱི་སྐོར། དབུ་མེད་ཀྱི་སྐོར་བཅས་ཡོད་པ་ཡིན་ལ། སཾསྐྲྀཏའི་ཡི་གེའང་ཡོད་པ་རེད། 
གཉིས་པ། བོད་ཀྱི་ཡིག་རྙིང་གི་ལུས།
          འཛམ་གླིང་གི་ལོ་རྒྱུས་ཐད་ནས་བརྗོད་ན། སྔ་ཕྱིར་རུས་བརྐོས་ཡི་གེ་དང་རྡོ་བརྐོས་ཡི་གེ། ཤིང་ལྤགས་ཡི་གེ། པགས་པའི་ཐོག་བྲིས་པའི་ཡི་གེ།  རྩྭ་ཤོག་སྟེང་བྲིས་པའི་ཡི་གེ།   ལོ་མའི་སྟེང་བྲིས་པའི་ཡི་གེ། སྨྱུག་ཁྲམ་ཡི་གེ། ལྕགས་རིགས་ཀྱི་བརྐོས་ཡིག །  པར་རྙིང་སོགས་ཡིག་རྙིང་སྣ་ཚོགས་པ་བྱུང་མྱོང་བ་དང་། དེ་དག་ཚང་མ་ས་གནས་མི་འདྲ་བ་དང་མི་རིགས་མི་འདྲ་བ། ཚོ་ཁག་མི་འདྲ་བ་སོ་སོས་འབྲི་བརྐོ་དང་པར་རྒྱག་སོགས་བྱས་ཏེ་སྤྱི་ཚོགས་འཚོ་བའི་ཁྲོད་རྒྱ་ཁྱབ་དང་ཡང་ན་ཕྱོགས་རེ་བའི་སྒོ་ནས་བཀོལ་སྤྱོད་བྱས་པ་ཡིན་ལ། དེ་ལ་བརྟེན་ནས་རིམ་གྱིས་ལུས་སྣ་ཚོགས་པའི་ཡིག་རྙིང་ཁག་རིམ་བརྒྱུད་བྱས་ཡོང་བ་རེད། རང་བྱུང་གི་ཆ་རྐྱེན་མི་འདྲ་བ་དང་སྤྱི་ཚོགས་འཕེལ་བའི་བརྒྱུད་རིམ་མི་འདྲ་བ།  འབྲི་བརྐོ་དང་པར་རྒྱག་བྱ་བའི་ཁྱད་ཆོས་མི་མཚུངས་པ་སོགས་ཀྱི་དབང་གིས། མི་རིགས་སོ་སོས་བཀོལ་བའི་ཡིག་རྙིང་ལ་ལུས་ཀྱི་རྣམ་པའང་མི་འདྲ་བ་སྣ་ཚོགས་འདུག་མོད།  སྤྱིར་ན་ཚང་མས་ཆེས་སྟབས་བདེ་བའི་རང་བྱུང་དངོས་གཟུགས་ལུས་སུ་བྱེད་པ་ནས་རིམ་གྱིས་ཤོག་བུ་ལུས་སུ་བྱེད་པའི་ཕྱོགས་སུ་འཕེལ་འགྱུར་བྱུང་བའི་ལོ་རྒྱུས་ནི་གཅིག་འདྲ་ཡིན། མིའི་རིགས་ཀྱི་ཚན་རིག་ལག་རྩལ་རིམ་གྱིས་གོང་འཕེལ་ཕྱིན་པ་དང་ཤེས་རིག་ཆུ་ཚད་གོང་མཐོར་འཕེལ་བ་དང་ལྷན་དུ།  ཡིག་རྙིང་གི་ལུས་ཀྱི་འཕེལ་རྒྱས་རྣམ་པའང་ལྕི་བ་ནས་ཡང་བ་དང་དེར་འཁོད་པའི་ཡིག་རིས་ཀྱི་འདུས་ཚད་ཀྱང་ཉུང་བ་ནས་མང་བ། བརྡ་འཕྲིན་བརྒྱུད་སྤེལ་གྱི་མྱུར་ཚད་ཀྱང་དལ་བ་ནས་མགྱོགས་པའི་ཕྱོགས་སུ་འཕེལ་འགྱུར་འབྱུང་གི་ཡོད་པ་རེད།  
          བརྗོད་བྱར་གྱུར་བའི་བོད་ཀྱི་ཡིག་རྙིང་ནི་བོད་ལ་པར་སྐྲུན་ལག་རྩལ་མ་དར་བའི་གོང་རོལ་དུ་བྱུང་བའི་ཡིག་ཚང་ཁག་ཡིན་པས་པར་མའི་སྐོར་ལ་འབྲེལ་བ་མེད་པ་དང་།①དེང་སྐབས་གསར་དུ་དར་བའི་ཆ་འཕྲིན་ཅན་གྱི་ལུས་ཀྱི་རྣམ་པ་ནི་དེ་བས་ཀྱང་གླེང་ཐབས་མེད་པ་རེད། བོད་ཀྱི་ཡིག་རྙིང་འདི་དག་ནི་མ་མཐར་ཡང་ལོ་ངོ་ཆིག་སྟོང་ལྷག་གི་གོང་དུ་བྱུང་བ་ཤ་སྟག་ཡིན་འདུག་པས། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་ལ་དུས་རིམ་གྱི་འགྱུར་ལྡོག་གང་མང་བྱུང་མྱོང་བ་དང་། དེ་བཞིན་དུས་ཀྱི་འགྱུར་བའི་ཁྲོད་ནས་ཡིག་རྙིང་ཁག་གི་ལུས་ཀྱི་རྣམ་པར་ཡང་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་རྐྱེན། ད་སྔ་མཐོང་ཆོས་སུ་གྱུར་བའི་དཔེ་གཟུགས་ལས་འདས་པའི་ལུས་ཀྱི་རྣམ་པ་མང་བོ་ཞིག་འབྱུང་བཞིའི་ཁམས་སུ་འཐིམས་ཡོད་ངེས་པ་ཁ་ཚོན་བཅད་ནས་སྨྲ་སྤོབས་པ་ཞིག་རེད། དགའ་འོས་པ་ལ། ད་སྔ་རང་རེར་མཐོང་སྣང་དུ་ཡོད་པའི་ཡིག་རྙིང་ཁག་ཕལ་ཆེ་བ་ནི་གནའ་རྫས་སྔོག་འདོན་བརྒྱུད་རིམ་ཁྲོད་ས་འོག་ནས་ཐོན་པའམ་གཏེར་ནས་བཏོན་པ་དག་ཡིན་པས་བསྡུ་ཉར་བྱས་པ་ཅུང་བཟང་ལ་སྔོན་གྱི་ལུས་ཀྱི་རྣམ་པ་མ་འགྱུར་བར་ཡོད་པ་ཧ་ཅང་མང་བ་དང་། དེས་སྐབས་དེའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་འདུག་པས་ཡིག་ཚང་གི་རིན་ཐང་ཡང་ཧ་ཅང་ཆེ། འོན་ཀྱང་དེ་དག་གཅིག་བསྡུས་སུ་མེད་པར་ཁ་འཐོར་སྣ་ཚོགས་སུ་འདུག་པ་དང་། ཡིག་རིས་ཀྱི་རྣམ་པའང་འདྲ་མི་འདྲ་གང་མང་ཞིག་འདུག་པའི་དབང་གིས། ང་ཚོས་ངེས་པར་ཆེད་དམིགས་ཀྱིས་ལུས་ཀྱི་རྣམ་པའི་སྐོར་ལ་ལེགས་སྒྲིག་དང་དབྱེ་བསྡུ་བྱེད་རྒྱུ་ནི་བོད་ཀྱི་ཡིག་རྙིང་རིག་པའི་གཞུང་ལུགས་འཛུགས་པར་མེད་མི་རུང་བའི་རིག་གཞུང་གི་ལས་ཀ་ཡིན་པ་དང་། དེ་ལ་མུ་མཐུད་ཞིབ་འཇུག་དང་སློབ་སྦྱོང་། དག་སྒྲིག། ཞུ་དག་གཏན་འབེབས་སོགས་བྱེད་པའི་བརྒྱུད་རིམ་ཁྲོད་ངེས་པར་ཐག་གཅོད་བྱ་དགོས་པའི་གནད་དུ་གྱུར་ཡོད། དེས་ན་གཤམ་དུ་བོད་ཀྱི་ཡིག་རྙིང་གི་ལུས་ཀྱི་སྐོར་རེ་རེ་ནས་གླེང་བར་བྱ་བ་ལ།                              
          ༡  ཁྲམ་བྱང་།
          ཁྲམ་བྱང་གི་སྐོར་འདི་ནི་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་བོད་ཀྱིས་ནུབ་ལྗོངས་དང་རྨ་ནུབ་འགྲུལ་ལམ་ཁག་དབང་དུ་བསྒྱུར་བ་ལས་ཤུལ་ལུས་སུ་ཡོད་པ་དག་ཡིན་ཞིང་།  འདི་དག་ད་ལྟ་དབྱིན་ཇི་དང་ཨུ་རུ་སུ། རྒྱལ་ནང་གི་ལི་ཡུལ་ཞིན་ཅང་དང་བོད་ལྗོངས།  ཨ་མདོ་མཚོ་སྔོན་སོགས་སུ་ཉར་ཡོད་ལ། ཕལ་ཆེར་ཁྲམ་བྱང800ལྷག་ཡོད་པ་རེད།   
          བོད་ཀྱིས་མཐའ་བཞིའི་རྒྱལ་ཕྲན་མང་བོ་ཆབ་འོག་ཏུ་བསྡུས་པ་དང་འབྲེལ། ཆབ་སྲིད་ཀྱི་དགོས་དབང་གིས་མཐའ་ཁུལ་ས་གནས་ཁག་དང་བརྡ་འཕྲིན་འབུལ་སྐྱེལ་གྱི་གནས་ཚུལ་བྱུང་བ་དང་། གཞུང་ནས་མར་བཏང་བའི་ཡིག་ཆ་དང་འོག་ནས་གོང་ལ་སྐྱེལ་བའི་སྙན་སེང་ཁག་ཁྲམ་བྱང་ཐོག་འགོད་པའི་སྲོལ་བྱུང་བ་རེད། གཞན་བོད་ཆེན་པོའི་རྒྱལ་རབས་དུས་སུ་སྲིད་གཞུང་གིས་དམག་མི་དང་དམག་མིའི་ནང་མིར་སྦྲོད་པའི་དམག་ཁྲལ་རྐང་འདོན་བྱས་པའི་རྟགས་སམ་ལག་འཁྱེར་ལྟ་བུའི་ཁྲམ་བྱང་ཡང་ཡོད།  ཕྱིས་སྤྱི་ལོ744ལོ་ནས་བཟུང་བཙན་པོའི་བཀའ་ལྟར་ཤིང་གི་བྱང་བུ་དེ་རིགས་རྩིས་མེད་དུ་བཏང་སྟེ་ཤོག་བུ་སེར་པོའི་ཐོག་ཡི་གེ་བྲིས་པའི་ཤོག་བྱང་གིས་ཚབ་བྱས་ཤིང་། ①སྐབས་དེར་ཡུལ་སོ་སོར་ཡུལ་དམག་སྒྲིག་འཛུགས་བྱས་ཡོད་པའི་རྟགས་སུ་ཁྲམ་སྐྱའམ་བྱང་བུ་དཀར་པོ་རེ་སྤྲོད་པའི་སྲོལ་ཡང་བྱུང་འདུག  དེ་ལ་ཁྲམ་བྱང་གི་སྐོར་ནི་སྤྱིར་བཏང་ཤིང་གྲུ་བཞི་ནར་མོ་ངོས་ལེབ་ཁོད་སྙོམས་ཐོག་བྲིས་པའི་ལུས་སུ་ཡོད་ལ།  དེར་ཤིང་ཁྲམ་ཡང་ཟེར་གྱི་ཡོད་ཅིང་།  ལ་ལའི་ངོས་གཅིག་ཁ་དོག་དམར་པོ་ཡིན་ལ་དེའི་ཐོག་འཁྱུག་རིས་བྲིས་པའང་མཆིས།  ཁྲམ་ཆེ་ཤོས་དེ་དག་གི་རིང་ཚད་ལ38cmདང་ཞེང་ལ3.2cmམཐུག་ཚད་ལ0.5cmཡོད་པ་དང་། སྤྱིར་བཏང་བའི་རིང་ཚད8-18cmདང་། ཞེང་ཚད1.8-3cmམཐུག་ཚད0.3-0.5cmབཅས་ཡིན་པར་འདུག།  ཁྲམ་དེ་དག་ཕལ་ཆེ་བ་ངོས་གཅིག་ཏུ་ཡི་གེ་བྲིས་པ་ཅན་ཡིན་པ་དང་ཡང་ལ་ཤས་ངོས་གཉིས་པོར་བྲིས་འདུག་པའང་ཡོད་ལ། སྤྱིར་བཏང་བྱས་ན་ཡིག་ཕྲེང་གཅིག་ནས་གསུམ་བར་ཡོད། གཞན་ཡང་ཁྲམ་དེ་ཚོ་མང་ཤོས་ལ་གཞོག་བརྒྱབ་ཤུལ་གསལ་བོར་ཡོད་པས་ཐེངས་ཁ་ཤས་ལ་བཀོལ་མྱོང་བ་གསལ་བོ་ཡིན་པ་དང་། དེ་དག་གི་གཡས་ངོས་སུ་ཁུང་བུ་རེ་ཕུག་འདུག་པ་འབྲེང་སྐུད་ཀྱིས་བརྒྱུས་ཏེ་ཕྱོགས་གཅིག་ཏུ་བསྡུས་ནས་འཇོག་པ་ཡིན། འགའ་རེའི་གཡས་ངོས་སུ་ཀོང་ཀོང་གྲུ་བཞི་རེ་བཟོས་ཡོད་པའི་དཀྱིལ་དུ་ཤུར་ཁའམ་མིག་བུ་རེ་བཏོད་འདུག།  དེར་མ་ཟད། ཁྲམ་རེ་འགའི་འབྲེང་སྐུད་ཀྱི་མདུད་པའི་སྟེང་འབྲེལ་ཡོད་དཔོན་པོའི་ཐམ་ཡིག་བཀོད་ཡོད།   དེ་མིན་ད་དུང “བྱང་བུ་དགུ་བཀྲ” ཞེས་པ་ཞིག་ཡོད་ལུགས《ལྡེའུ་ཆོས་འབྱུང》①དུ་འཁོད་པ་དེ་ནི་ཁྲིམས་སར་གྱོད་དོན་གཏུག་བཤེར་དང་གྱོད་གཞི་ཐག་གཅོད་བྱེད་སྐབས་ཆེད་དུ་བཀོལ་བའི་བྱང་བུའི་རིགས་ཤིག་ཡིན། གོང་གསལ་ཁྲམ་དང་བྱང་བུ་འདི་རིགས་ནི་བོད་ཆེན་པོའི་རྒྱལ་རབས་སྐབས་སུ་དམག་དོན་ཐད་ལ་བཀོལ་ཤུགས་ཆེ་བས།②དེ་ལ་རལ་བ་དང་ཆད་པའི་སྐྱོན་མི་འབྱུང་བའི་ཁག་ཐེག་ཡོད་པ་དང་། ཡིག་གཟུགས་གཙོ་བོ་དབུ་ཅན་ཡིན་ལ་ཅུང་འཁྱུག་བྲིས་བྱས་པའི་ཁྱད་ཆོས་ལྡན།                     
          ༢ ཤིང་ལྤགས་ཡི་གེ།
          ཤིང་ལྤགས་ཡི་གེ་ནི་ཤིང་གི་པགས་པའི་སྟེང་བྲིས་པའི་ཡིག་རྙིང་ལ་བརྗོད་པ་དང་། ད་སྔ་མཐོང་ཆོས་སུ་གྱུར་བའི་ཤིང་ལྤགས་ཡི་གེ་ནི་གཙོ་བོ་སྟག་པ་དཀར་བོའི་པགས་པའི་ཐོག་བྲིས་པའི་ཡི་གེ་ཡིན། ཤིང་ལྤགས་ཡི་གེ་འདི་རིགས་དུས་རབས་གང་གི་ནང་བྱུང་བ་ཁ་ཚོན་གཅོད་དཀའ་ནའང་། འཕེལ་འགྱུར་གྱི་ཆོས་ཉིད་ལ་དཔྱད་ན་ཁྲམ་བྱང་དང་ཤོག་བུའི་ལུས་ཀྱི་སྔ་རོལ་དུ་བྱུང་ངེས་པར་སྙམ་པས། དེང་དུས་བཀོལ་བའི་བོད་ཡིག་འདི་ཉིད་ལས་གཞན་གནའ་བོའི་བོད་ཀྱི་ཡིག་གཟུགས་རྙིང་བའི་ཤིང་ལྤགས་ཡི་གེའང་ཡོད་སྲིད་པ་དང་། རྗེས་སོར་རིམ་གྱིས་མི་རྙེད་པའི་ངེས་པའང་མེད།  ཤིང་ལྤགས་ཡི་གེ་འདི་རིགས་ད་སྔ་གནའ་བོའི་དགོན་རྙིང་དག་ན་ཡོད་པར་བརྗོད་ལ། ཡིག་གཟུགས་ལ་དབུ་ཅན་དང་འབྲུ་ཚའི་གཟུགས་དང་ཡིག་གཟུགས་སྦོམ་པོས་བྲིས་པ་སོགས་ཅི་རིགས་མཆིས།  
          ཤིང་ལྤགས་ཡི་གེ་ནི་སྤྱིར་བཏང་གྲོ་ག་ཤིང་ཤུན་ནམ་སྟག་ཤུན་གྱི་ཡི་གེ་འདི་ལ་བྱ་བ་ཡིན་ཞིང་། སྔོན་ཆད། བོད་དུ་གྲོ་ག་ཤིང་ཤུན་སྟེང་བོད་ཡིག་དང་ལེགས་སྦྱར་ཡི་གེ་བྲིས་ཏེ་ཤོག་དྲིལ་གྱི་རྣམ་པ་དང་ལྟེབས་མགོ་མ་དང་སྣ་རིང་གླེགས་བམ་གྱི་རྣམ་པ་སོགས་སུ་བྱས་ནས་ཡོད་པ་དེང་སྐབས་ཀྱང་མཇལ་རྒྱུ་འདུག།  ལོ་ཆེན་རིན་བཟང་གི་རྣམ་ཐར་འབྲིང་བོ་ལས་གསལ་བ་ལྟར་ན། ལོ་ཆེན་དེ་ཉིད་ཁ་ཆེ་ནས་ཡབ་ཡུམ་མཇལ་དུ་འགྲོ་དགོངས་ནས་གདམས་ངག་རྣམས་གྲོ་ག་སེར་པོ་ལ་བྲིས་རྒྱའི་བེ་བུམ་མཛད་ནས་བྱོན་འདོད་པ་ལས། སྔར་ཡུལ་དུ་ལུང་བསྟན་དུས་སུ་རྒྱ་གར་ཤར་ནུབ་ཆུ་བཞིན་འཁྲུག་ཟེར་བ་དེ་དྲན་ནས། དཔེ་ཆ་རྣམས་བླ་མ་ཏ་ཏ་ཀ་རའི་ཕྱག་ཏུ་བཞག་ནས། རྒྱ་དཀར་ཤར་ཕྱོགས་ལ་བྱོན་③ཞེས་སྟག་ཤུན་ཐོག་བྲིས་པའི་གླེགས་བམ་སྐབས་དེར་ཁོང་གིས་བསྣམས་ཕེབས་ཚུལ་གསལ་བ་ལྟར་ལ།  ད་ལྟ་མངའ་རིས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་གྲོ་ག་ཤིང་ཤུན་ཐོག་བྲིས་པ་རྒྱ་དཔེ་དང་བོད་དཔེ་བྲིས་མ་ལྟེབས་མགོ་ཅན་གྱི་ཡིག་ཚང་རྙིང་གྲས་ཡོད་པས་ཀྱང་། ལུས་འདི་ཅན་གྱི་ཡིག་རྙིང་ནི་སྔ་མོ་ཞིག་ནས་ཡོད་པ་རྟོགས།                        
          ༣ པགས་ཡིག
          པགས་ཡིག་ཅེས་པ་ནི་མི་དང་སྲོག་ཆགས་གང་རུང་གི་པགས་པའི་སྟེང་བྲིས་པའི་ཡི་གེ་ལ་ཟེར་བ་དང་། དེ་ཉིད་གནའ་བོའི་དུས་སུ་འཛམ་གླིང་གི་མི་རིགས་མང་བོ་ཞིག་ལ་བྱུང་མྱོང་བ་རེད། རྩད་ཞིབ་བྱས་པ་ལྟར་ན། བོད་དུ་སེམས་ཅན་གྱི་པགས་པའི་སྟེང་བྲིས་པའི་ཡི་གེ་ནི་དེ་སྔ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་དགོན་སྡེ་ཞིག་ཏུ་རྙེད་སོན་བྱུང་འདུག་ལ།②ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་དགེ་རྒན་ཞུས་ལེ་ཧྭ་ལགས་ཀྱིས་གསུངས་པ་ལྟར་ན། སྤྱི་ལོ1998ལོར་ཁོང་གིས་པེ་ཅིན་དུ་སོག་རིགས་ཀྱི་དགེ་རྒན་ཆེན་མོ་ཞིག་དང་འཕྲད་སྐབས་མཁྲེགས་ཤོག་ཅིག་མཐོང་མྱོང་བ་དང་། ནང་དོན་ནི་བོན་ཆོས་སྤེལ་སྐབས་བཀོལ་བའི་བརྡ་རྟགས་འབའ་ཞིག་ཡིན་ལ། ཡིག་གཟུགས་སྦོམ་པོ་དབུ་ཅན་གྱིས་བྲིས་འདུག་ཟེར། དེའི་ཆ་ཤས་ཤིག་པགས་པ་དང་ཆ་ཤས་ཤིག་ཤོག་བུས་གྲུབ་པ་ཞིག་ཡིན་པར་བཤད། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་དང་མཚོ་ནུབ་ཁུལ། མཚོ་བྱང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་དང་བོད་ལྗོངས་སོགས་ས་ཁུལ་མང་བོར་པགས་ཡིག་ཡོད་པར་བཤད་རུང་། དངོས་སུ་མཐོང་བའི་སྐལ་བ་མ་ལྡན། པགས་ཡིག་ནི་པར་སྐྲུན་ལག་རྩལ་མ་བྱུང་སྔོན་དུ་བྱུང་བ་ཐག་གིས་གཅོད་ནུས་སྙམ་པས། བོད་ལ་ཡིག་རྙིང་ཐད་ཀྱི་པགས་ཡིག་ཡོད་པ་ནི་རིགས་པས་དཔྱད་གཟོད་དུ་གྲུབ་བོ། །                      
          ༤ རྫ་ཆས་ཡི་གེ།
          རྫ་ཆས་ལས་སྣོན་བྱེད་བའི་དུས་སུ་དེའི་སྟེང་ལ་ཡི་གེ་འབྲི་བ་དང་། དེ་ནས་རྫ་ཆས་བསྲེགས་རྗེས་སུ་དེའི་སྟེང་བྱུང་བའི་ཡི་གེ་ལ་རྫ་ཆས་ཡི་གེ་རུ་འབོད། རྫ་ཆས་ཡི་གེ་ནི་རྫ་ལས་བྱས་པའི་སྣོད་ཆས་སོགས་སུ་བྲིས་པ་ཡིན་པས་རྒྱུན་པར་ཡིག་འབྲུ་ཉུང་བ་དང་། ཡིག་གཟུགས་ལ་དབུ་ཅན་གཟབ་མའི་རིགས་དར་ཆེ། གཙོ་བོ་གནའ་རྫས་སྔོག་འདོན་སྐབས་སུ་གནའ་བོའི་བང་སོ་དང་མཁར་ཤུལ་བཅས་ནས་ཐོན་པ་ཡིན།                     
          ༥ བྲག་བརྐོས་ཡི་གེ།
          རང་བྱུང་གི་བྲག་ལྡེབས་ལ་བརྐོས་པའི་ཡིག་རིགས་ལ་བྲག་བརྐོས་ཡི་གེ་ཟེར་བ་དང་། འདིའི་ལོ་རྒྱུས་རིང་བ་ཞང་ཞུང་རྒྱལ་རབས་སྐབས་སུའང་བྱུང་ཡོད་ཚུལ་བོན་པོའི་རིག་གནས་ལོ་རྒྱུས་ཡིག་ཚང་འགའི་ནང་གསལ① དེ་མིན་ད་སྔ་མཐོང་ཆོས་སུ་གྱུར་བའི་བྲག་བརྐོས་ཡི་གེ་སྐོར་ལ་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་འཕན་ཡུལ་རྒྱལ་ལྷ་ཁང་གི་རྡོ་བརྐོས་སྦྱར་བྱང་ཡི་གེ། ཆབ་མདོ་བྲག་གཡབ་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེ། ཡུལ་ཤུལ་བེ་ཁོག་གི་བྲག་བརྐོས་ཡི་གེ། ལེབ་ཁོག་གི་བྲག་བརྐོས་ཡི་གེ།   བྲག་ཡེར་བའི་རྡོ་བརྐོས་ཡི་གེ།   ཆ་གར་བང་སོའི་རྡོ་བརྐོས་ཡི་གེ།   ལྷོ་བྲག་གི་བྲག་བརྐོས་ཡི་གེ་སོགས་ཡོད། ནང་དོན་གྱི་ཆ་ནས་གཙོ་བོ་ཆོས་ལུགས་ཀྱི་སྐོར་ཡིན་པ་དང་། ལོ་རྒྱུས་དང་ཆབ་སྲིད་ཐད་ཀྱི་ནང་དོན་ཡང་འདུས་ཡོད། བྲག་བརྐོས་ཡི་གེ་འདི་རིགས་ཀྱི་ཡིག་འབྲུ་ཉུང་ཤོས་ལ་བཅུ་ཕྲག་ལྷག་ནས་མང་ཤོས་ལ་བརྒྱ་ཕྲག་བརྒལ་བའི་བར་ཆ་མི་སྙོམས་པ་རེད།
          ༦ རྡོ་བརྐོས་ཡི་གེ།
          རྡོ་བརྐོས་ཡི་གེ་ནི་རྡོ་ལེབ་སྟེང་བརྐོས་བའི་ཡི་གེ་ལ་བརྗོད་པ་དང་དེར་རང་བྱུང་རྡོ་ལེབ་སྟེང་བརྐོས་པའི་རིགས་ཤིག་དང་མིས་དབྱིབས་གཟུགས་བཏོད་པའི་རྡོ་ལེབ་སྟེང་བརྐོས་པའི་རིགས་གཉིས་ཡོད། རྡོ་ལེབ་ཀྱི་རྣམ་པའི་ཐད་ནས་བརྗོད་ཚད་ལྡན་ཅན་དང་ཚད་ལྡན་མ་ཡིན་པའི་རིགས་གང་མང་ཡོད་པ་རེད། ཚད་ལྡན་མིན་པ་ཅན་ལ་མཚོན་ན་སྟབས་བདེའི་འདོན་ཆོག་སྐོར་དང་སྐུ་བརྙན་བརྐོས་པའི་རིགས་མང་བ་དང་། ཚད་ལྡན་ཅན་གྱི་རྡོ་བརྐོས་ལ་གོང་སྨོས་ཆོས་ལུགས་ཀྱི་བརྗོད་བྱ་ཕུད་པའི་ལོ་རྒྱུས་དང་ཆབ་སྲིད་ཐད་ཀྱི་ནང་དོན་ཅན་ཡང་ཡོད་པས་རིགས་ཀྱང་མང་བ་ཡིན།
          ༧ རྡོ་རིང་ཡི་གེ།
          རྡོ་རིང་གི་ཡི་གེ་ནི་བོད་ཀྱི་ཡིག་རྙིང་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། དེ་དག་ཕལ་ཆེ་བ་བོད་བཙན་པོའི་རྒྱལ་རབས་ཀྱི་སྟོབས་འབྱོར་མངའ་ཐང་དར་བའི་རྩེ་མོར་སོན་པའི་དུས་སུ་བྱུང་བ་འབའ་ཞིག་ཡིན། དེ་ལ་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་དང་ཞོལ་རྡོ་རིང་ཡི་གེ། འཕྱོངས་རྒྱས་སྟག་རྩེའི་ཟམ་སྣའི་རྡོ་རིང་ཡི་གེ། ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ཡི་གེ། ལྷ་སའི་གཙུག་ལག་ཁང་མདུན་གྱི་བོད་རྒྱ་མཐུན་པའི་གཙིགས་ཀྱི་རྡོ་རིང་ཡི་གེ། ཁྲོམ་ཆེན་རྡོ་རིང་ཡི་གེ།  སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་ཡི་གེ། རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ། མངའ་རིས་པུ་ཧྲེང་གི་རྡོ་རིང་ཡི་གེ། ཀོང་པོ་གླང་དཀར་གྱི་རྡོ་རིང་ཡི་གེ། སྟོད་ལུང་ཡབ་ཕུ་ར་ཚག་དགོན་གྱི་རྡོ་རིང་ཡི་གེ། འཕན་ཡུལ་རྒྱལ་ལྷ་ཁང་གི་རྡོ་རིང་ཡི་གེ།  གཙང་གྲོང་གི་རྡོ་རིང་ཡི་གེ། འཇང་ཡུལ་གྱི་རྡོ་རིང་ཡི་གེ། བྲུ་ཤའི་རྡོ་རིང་ཡི་གེ། ཉ་བཟོ་གྲུ་ཁའི་རྡོ་རིང་ཡི་གེ་སོགས་ཡོད། རྡོ་རིང་འདི་དག་གི་ཡི་གེ་མང་བར་ཡིག་འབྲུ་སྟོང་ཕྲག་ལྷག་དང་ཉུང་བར་བཅུ་ཕྲག་ལྷག་ཡོད་ལ། བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་དང་ཆོས་ལུགས། དམག་དོན་སོགས་ཀྱི་ནང་དོན་མཚོན་ཡོད་པ་རེད།   རྡོ་རིང་དེ་དག་མང་ཤོས་ལ་ཆར་ཁེབས་དང་ཏོག་ལྡན་ཞིང་ངོས་བཞི་དང་ཡང་ན་ངོས་གཉིས་སུ་ཡི་གེ་བཀོད་ཡོད་པ་དང་། ཡིག་གཟུགས་ལ་གཟབ་མ་ཤས་ཆེ།  བོད་ཀྱི་ལོ་རྒྱུས་སྟེང་ཕྱིས་སུའང་རྡོ་རིང་འཛུགས་པའི་སྲོལ་ཀ་མུ་མཐུད་རྒྱུན་བསྐྱངས་མྱོང་བ་དང་། དེ་དག་ནི་ས་གནས་དཔོན་པོ་དང་དགོན་པ།  མི་སྒེར་སོགས་ཀྱིས་བསླངས་པ་ལས་ས་གནས་སྲིད་གཞུང་གིས་བསླངས་པ་ཞིག་ཕལ་ཆེར་མི་འདུག                    
          ༨ དྲིལ་བུའི་ཡི་གེ(ཅོང་ཡིག)
          དྲིལ་ཡིག་གམ་ཅོང་ཡིག་ནི་ཁྲོ་ལྕགས་དང་ལི་ཡིས་བླུགས་པའི་དྲིལ་བུའམ་ཅོང་གི་ཐོག་བཀོད་པའི་ཡི་གེའི་རིགས་ཡིན་ལ། གཙོ་བོ་འབུལ་བྱང་སྨོན་ཚིག་ཏུ་བླུགས་པའི་རིགས་ཡིན་པ་དང་ཡུན་རིང་གནས་ཐུབ་པའི་དོན་དུ་དྲིལ་ཡིག་ལུགས་སུ་བླུགས་པ་ཞིག་རེད། ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་དྲིལ་བུའི་ཡི་གེ་དང་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཡི་གེ། བྲག་ཡེར་བའི་ལྷ་ཁང་གི་དྲིལ་བུའི་ཡི་གེ། ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་བུའི་ཡི་གེ་བཅས་ནི་ད་སྔ་མཇལ་དུ་ཡོད་པའི་དྲིལ་ཡིག་སྐོར་ཡིན། ཡིག་གྲངས་ལ་ཡིག་འབྲུ་སུམ་ཅུ་ནས་བདུན་ཅུ་བར་སྣ་ཚོགས་སུ་ཡོད། དྲིལ་ཡིག་གི་ཡིག་གཟུགས་ནི་གཟབ་མ་ཤ་སྟག་ཏུ་འདུག་པ་དང་། དུས་ཕྱིས་བོད་དུ་དྲིལ་ཡིག་ལྡུག་པའི་སྲོལ་འདི་མུ་མཐུད་དར་ཏེ་ད་ལྟའི་བར་དུ་དྲིལ་ཡིག་ཆེ་ཆུང་མི་འདྲ་བ་སྟོང་ཕྲག་ལྷག་བླུགས་ཡོད་ལ། ནང་དོན་དང་ཡིག་གྲངས་ཐད་ནས་ཀྱང་སྔོན་མ་ལས་ཆེ་ཆེར་འགོངས་ཡོད་པ་རེད།                      
          ༩ ཤོག་དྲིལ་ཡི་གེ།
          ཤོལ་དྲིལ་ཡིག་རྙིང་ཁག་ནི་རྒྱུ་ཤོག་བུར་བྲིས་པའི་ཡིག་ཚང་གི་སྐོར་ཡིན་པ་དང་། གཙོ་བོ་ཏུན་ཧོང་གི་ཡིག་རྙིང་ཁྲོད་ནས་ཐོན་པ་ཡིན། བོན་པོའི་ཆོས་གཞུང་དང་འབྲེལ་བའི་ཤོག་དྲིལ་མང་ཚུལ་བོན་གྱི་མཁས་པ་ཚོས་གསུངས་ཤིང་གནས་ལུགས་ཡོད་པར་འདོད།  ཤོག་བུའི་བཟོ་རྩལ་འདི་བོད་ལ་ག་དུས་བྱུང་བར་ཁ་ཚོན་བཅད་ནས་སྨྲ་མི་སྤོབས་ནའང་། གནའ་བོའི་ཨེ་ཇེབ(Egypt/埃及)ཀྱི་མིས་སྤྱི་ལོ་སྔོན་གྱི་ལོ3500ཡི་གོང་རོལ་ནས་རྩྭ་ཤོག་གསར་གཏོད་བྱས་ཡོད་པ་སྐབས་དེའི་བང་སོའི་རོ་སྒམ་ལས་རྙེད་ཡོད་པ་དང་། རྒྱ་ནག་ཏུ་ཧན་གུར་ཤར་མའི་སྐབས་སུ་རྩྭ་ཤོག་ལས་རྒྱུ་བ་ལེགས་པའི་ཤོག་བུ་ངོ་མ་གསར་གཏོད་བྱས་པར་བརྗོད་པས།  རང་རེར་ཡང་བཙན་པོའི་རྒྱལ་རབས་མ་ཚུགས་གོང་ནས་ཤོག་བུ་མེད་པའི་ངེས་པ་མི་འདུག་སྙམ།  འདིར་བརྗོད་པའི་ཡིག་རྙིང་གི་ཤོག་དྲིལ་ནི་པར་སྐྲུན་ལག་རྩལ་མ་དར་སྔོན་ཏེ་ལོ་ཆེན་རིན་བཟང་སྔོན་ལ་བྱུང་བའི་ལག་བྲིས་ཤོག་དྲིལ་གྱི་སྐོར་ཡིན་པ་དང་།  ཤོག་དྲིལ་དེ་དག་ལས་མང་ཤོས་ནི་ཆོས་ལུགས་རིག་གནས་སྐོར་གྱི་ནང་དོན་ཡིན་ལ། དེ་ལས་གཞན་ད་དུང་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་དང་གསོ་དཔྱད། རྩོམ་རིག །ཁྲིམས་ཡིག །  བུན་ཡིག །  གན་རྒྱ་སོགས་བརྗོད་བྱར་བྱས་པའི་ཤོག་དྲིལ་ཡང་མང་བོ་སྣང་། ཤོག་དྲིལ་དེ་རིགས་སྤྱིར་བཏང་དྲས་ཁ31x21cmཅན་གྱི་ཤོག་ངོས་རྐྱང་བ་སྦྱར་བ་ལས་གྲུབ་པ་དང་། རིང་ཚད་ལ200-500cmབར་ཡོད་ཅིང་། ཆེས་རིང་ཤོས་ལ1000cmཅན་ཡང་ཡོད། ཤོག་དྲིལ་སྟེང་བྲིས་པའི་ཡི་གེ་ལ་གཟབ་མ་དང་འབྲུ་ཚ།   གཤར་མ་སོགས་ཅི་རིགས་མཆིས། དེ་ནི་བོད་ཀྱི་ཡིག་རྙིང་ཁྲོད་གྲངས་འབོར་ཆེས་མང་ཤོས་ཟིན་པའི་ཡིག་ཚང་གི་རིགས་ཤིག་རེད།  བོད་ཡིག་ལ་ཤོག་དྲིལ་གྱི་དཔེ་གཟུགས་འདི་བཙན་པོའི་རྒྱལ་རབས་ཀྱི་སྐབས་ནས་བྱུང་ཡོད་ལ། ཕྱིས་ཀྱི་དུས་ཡུན་རིང་བོ་ཞིག་གི་ནང་དཔེ་གཟུགས་འདི་སྤྱད་ཡོད་པར་འདུག།  ཧ་ལམ་དུས་རབས་བཅུ་གསུམ་ཡས་མས་ལའང་ད་དུང་ཤོལ་དྲིལ་གྱི་དཔེ་གཟུགས་འདི་སྤྱོད་པའི་རྣམ་པ་ཡོད་པར་བཤད།①  ཤོག་བུའི་རིགས་ཀྱི་ཡིག་ཚང་ལ་མཚོན་ན། བོད་དུ་སྔ་ཕྱིར་གན་ཤོག་དང་ཁྱེང་པོའི་ལྡེང་ཤོག། ཀོང་པོ་ཅི་ཚགས་ཀྱི་ཤོག་བུ།  འབྲུ་ཤོག།  ལྷོ་ཤོག།  གཙང་ཤོག།  གྱན་ཤོག།  རྒྱ་ཤོག་སོགས་འབྲི་ཤོག་མི་འདྲ་བའི་རིགས་དང་། གསེར་ཤོག་དང་དངུལ་ཤོག།  མཐིང་ཤོག་སོགས་རིན་ཆེན་བཏུལ་བའི་ཤོག་བུ་རིགས་མི་འདྲ་བ་སྣ་ཚོགས་མཆིས་པ་ལས། ད་ལྟ་ང་ཚོས་མཇལ་ཐུབ་པའི་ཤོག་བུ་སྔ་ཤོས་ལ་དུས་རབས་བརྒྱད་པའི་སྐབས་ཀྱི་ཤོག་བུ་དང་།  ལྷོ་ཁ་གྲོ་མཁར་ཆོས་སྡེ་དང་ཆབ་མདོ་ཁུལ་དུ་བཞུགས་པའི་ཤེར་ཕྱིན་ཡུམ་སྐྱ་བྲིས་ལྟ་བུ་ཡིན་ཞིང་། མཐིང་ཤོག་ལ་མཚོན་ནའང་། དུས་རབས་བརྒྱད་པའི་སྐབས་ནས་ཡོད་པའི་ཡིག་རྙིང་ལ་གསལ་བ་ལྟར་རོ། །①                    
          ༡༠ གླེགས་བམ་ཡི་གེ།
          གླེགས་བམ་ལ་པོ་ཏི་ཡང་ཟེར་བ་དང་། དེ་ནི་ཤོག་བུ་བྱུང་རྗེས་དཔེ་དེབ་ཀྱི་རྣམ་པས་བྱུང་བའི་ཡིག་ཚང་གི་ལུས་སམ་རིགས་ཤིག་ལ་བྱ།  ད་ལྟ་དུས་ཀྱི་རྐྱེན་པས་བོད་ཀྱི་གནའ་བོའི་དུས་ཀྱི་གླེགས་བམ་སྐོར་ལག་ཏུ་ཆུད་ཁག་པོ་ཡིན་ནའང་། གོང་སྨོས་ཤོག་དྲིལ་ཁག་མང་བོ་བྱུང་བ་དེས་གླེགས་བམ་ཡོད་ངེས་པ་ཚད་མས་གྲུབ་པ་དང་། 《ལྡེའུ་ཆོས་འབྱུང》ལས་ཀྱང “གླེགས་བམ་ཕལ་ཆེར་གཏེར་དུ་སྦས” ②ཞེས་འབྱུང་ལ། བཙན་པོའི་རྒྱལ་རབས་སུ་བཀའ་དང་བསྟན་བཅོས་དེ་འདྲ་མང་བོ་ཞིག་བསྒྱུར་བ་ལས་ཀྱང་གླེགས་བམ་ཡོད་ངེས་པ་ཡིན་ཞིང་། ཁོ་བོས་བསམ་ན་དེ་སྔའི་གླེགས་བམ་རྣམས་མང་ཤོས་དུས་ཀྱིས་འཇིག་པ་དང་ལྷག་ལུས་དག་སྐད་གསར་བཅད་སོགས་ཀྱི་དབང་གིས་ཡང་བསྐྱར་གླེགས་བམ་དུ་བྲིས་པས་སྔ་དུས་ཀྱི་གླེགས་བམ་པར་གཞི་དངོས་དག་རྒྱུན་ཆད་པར་འདོད།  
          བོད་ཀྱི་རིག་གཞུང་ལོ་རྒྱུས་ལྟར་ན། གླེགས་བམ་གྱི་དཔེ་གཟུགས་འདི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ནས་བོད་དུ་དར་འོངས་པ་ཞིག་ཏུ་བཤད་དེ། ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་ཚུལ་ཁྲིམས་ཀྱིས་རྒྱལ་པོ་དེའི་རིང་ལོ་ཙཱ་བ་ལི་ཐེ་སི་དང་པཎྜི་ཏ་བློ་སེམས་འཚོ་གཉིས་ཀྱིས་གླེགས་བམ་བོད་དུ་བསྣམས་ནས་ཕེབས་ཚུལ་གསལ་ཞིང་།③བོད་ཀྱི་ཆེས་ཐོག་མའི་གླེགས་བམ་གྱི་ཆེ་ཆུང་གི་སྐོར་ལ། 《བཻ་དཀར་གཡའ་སེལ》ལས། སངས་རྒྱས་ཀྱི“བཀའ་དེ་དག་འབྲི་བའི་གཞི་ནི་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་གང་ཡང་རུང་བ་ལ་གླེགས་བམ་མམ་ལེགས་སྦྱར་དུ་པུསྟི་ཀ་ཞེས་འབོད་པ་དེའི་ཚད་ནི་རྒྱུད་སྡེ་གོང་མ་འགར་སོར་བཅུ་གཉིས་པའམ་བཅུ་དྲུག་ཏུ་བཤད་པ་དང་། བརྒྱད་སྟོང་པ་ལས་ཚད་མེད་པར་གསུངས་པའི་པུསྟི་ཀ་དེར་ནི་ལྷག་པ་ཚུལ་ཁྲིམས”  ①ཞེས་སོགས་གསུངས་པ་ལྟར། སྔ་མོའི་དུས་ཀྱི་གསུང་རབ་གླེགས་བམ་གྱི་ཚད་ནི་སོར་བཅུ་གཉིས་ནས་བཅུ་དྲུག་ཅན་དུ་ཡོད་པ་ཤེས།   ཡང་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་གི་ཁྲོད། གསུང་རབ་ཡིག་ཚང་མང་བོ་ཞིག་ཐོག་མའི་སྐབས་ལ་རང་རང་སོ་སོར་གའུ་ཁ་རང་འགྲིག་ཏུ་སོང་བ་ལྟ་བུའི་གླེགས་ཤིང་རེ་རེ་འདུག་པ་ལ། མ་ཕྱིའི་རྣམ་པ་ནི་གླེགས་བམ་གྱི་རྣམ་པར་ཡོད་པ་དཔག་ཐུབ་ཅིང་། ཕྱི་གླིང་གི་བོད་རིག་པའི་མཁས་པ་འབུམ་རམས་པ་ཨ་མེ་ཧད་ལིར(Dr.Amy Heler)ལགས་ཀྱི་ངོ་སྤྲོད་ལས་ཀྱང་། ཁོང་གིས་གསར་རྙེད་བྱུང་བའི་ཡིག་ཚང་ཁྲོད་དུ་དུས་རབས་དགུ་བའི་དུས་ཀྱི་གླེགས་ཤིང་ཞིག་ཡོད་པ་རིང་ཚད་ལ་རྨིད66དང་ཞེང་ཚད་ལ་རྨིད19ཡོད་ཅིང་། གླེགས་ཤིང་གི་མདུན་ངོས་སུ་པདྨ་འདབ་བརྒྱད་ཀྱིས་བརྒྱན་པའི་ཆོས་འཁོར་གསུམ་དང་། གླེགས་ཤིང་གི་ཟུར་ངོས་སུ་སྐུ་བརྙན་བརྐོས་འདུག་ཅེས་གསུངས་འདུག་པ་ལྟར་དང་།②འདི་དང་ཆ་མཚུངས་པའི་རི་མོ་འཁོད་པ་ཞིག་དུས་རབས་བརྒྱད་པ་ནས་དགུ་བའི་བར་བྱུང་བའི་ཏུན་ཧོང་གི་ཡིག་ཚང་ཁྲོད་ཀྱི་ཞབས་ཤོག་སྟེང་དུའང་འདུག་ལ།③ 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བམ་པོ་དང་། ལེའུ་དང་།  ཤད་དང་། ཚེག་དང་། གྲངས་བཞུགས་པའི་ཚད་བསྟན་པ》ཞེས་པ་ལས་ཀྱང་། “ད་ལྟ་གཡོ་རུ་ཁྲ་སྣ་ན་བཞུགས་སོ།  དེ་ཡང་འགྱུར་མ་རྒྱས་ནས་ཕྱིས་སྤྱི་ལོ763ལོའི་རྒྱལ་བུ་མུ་ཏིག་བཙན་པོའི་ཐུགས་དམ་དུ་བརྫངས་སྐད། ལྕགས་ཐུར་ཅན་དེ་དང་བིད་པ་ཏར་བསྟུན་ཅིང་སྤ་གོར་བཻ་རོ་ཙ་ནས་ཞུ་ཆེན་བྱས་ནས་ཆེ་ལོང་༡གཏན་ལ་ཕབ་ནས་དྲུག་དུམ་པ་༡བྲིས་པར་གདའ། པན་བི་ཏ་ལ་མ་ཐུགས་ཀྱང་སྔར་གྱི་བས་འགྱུར་མ་ལས་རྒྱས་སྐད། གླེགས་ཤིང་ལས་མཚན་དུ་ཐོགས་པ་རྒྱལ་པོའི་ཐུགས་དམ་པར་གབ་ཅན་ཞེས་གྲགས། དེ་ལ་ཐུགས་ཆེས་ནས་ཐུགས་དམ་དུ་མཛད། བླ་འགྱུར་འབྲིང་པོ་བྱ་བ་ལགས” ①ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་གླེགས་བམ་ཡོད་ཚུལ་གསལ། དེ་མིན་ཡིག་རྙིངp.T.1128ལས་ཀྱང “རྟའྀ་ལོ་ལ་དར་མ་ཤེས་རབ་འབུམ་པ་སྡེ་བརྒྱད། ཤ་ཅུར་བྲིས་ནས། ཤ་ཅུ་གཞིར་བཞག་པ་དང་། བདེ་གམསུ་བརྫངས་པའྀ་ཕྱི་ཆས་དང་། གླེགས་ཐག་དང་། མེན་དྲྀ་ལ་སྩོགས་པ། ལས་གོད་ཅེས་གསོལ་བ་ནི། །  དཔྱ་ལས་སྦྱོར་ཆག་པར་བླ་ནས་འཐད་པ་འམ། འདི་བཞིན་གོད་སར། རྩེ་རྗེ་གནས་བརྟན་དང་། དར་མ་འདྲི་བ་རྣམས། གྱི་སུག་རྒྱ་འཆང་བ་ཡང་མ་མཆིས་པས། རྩིས་འདིའ་ཚེ་ཡང་གོད་དུ་མ་སྩལ། སླད་ཀྱི་བསྟན་བརྩིས་བཟང་པོ་ཞིག་མཆིས་ན། གོད་དུ་སྩལ་ཚང་ཆད་མས་དབྲི་བར་བགོས་སོ།” ཞེས་གླེགས་ཐག་གི་ཐ་སྙད་བྱུང་བ་ལས་ཀྱང་། བཙན་པོའི་རྒྱལ་རབས་དུས་ལ་གླེགས་བམ་གྱི་ལུས་འདི་བྱུང་བ་ཚད་མར་གྲུབ་བོ། །  
          སྐབས་དེའི་གླེགས་བམ་རིགས་ཀྱི་ཡིག་རྙིང་དག་ལ་བལྟས་ན། ད་ལྟའི་གླེགས་བམ་བཞིན་གྱི་ཁྱད་ཆོས་ཡོངས་སུ་ཚང་མེད་རུང་། གོང་སྨོས་བཞིན་གླེགས་ཤིང་དང་གླེགས་ཐག་ཡོད་པ་ཕུད། མངའ་རིས་འཁོར་ཆགས་དགོན་པའི་ཡིག་རྙིང་ལ་དཔྱད་ན་དུས་རབས་བཅུ་བའི་ནང་གདོང་དར་བསྒྲོན་པའི་སྲོལ་བྱུང་འདུག་པ་རྟོགས་པ་དང་།② ཞལ་ཁེབས་③དང་དཔེ་རས་④སོགས་སྤྱོད་པའི་སྲོལ་ཡང་བྱུང་ཡོད།  
          གླེགས་བམ་གྱི་རྒྱུ་གཙོ་བོ་ནི་ཤོག་བུ་ཡིན་ལ།  ཕྱིས་སུ་འཕེལ་རྒྱས་ཕྱིན་པ་ལས། མདའ་ཚད་མ་དང་ཁྲུ་གང་མ། སྣ་ཐུང་སོགས་ཀྱི་དབྱེ་བ་བྱུང་ཡོད་པ་དང་། དེ་ལས་མདའ་ཚད་མ་ནི་དེབ་རིང་སྟེ་རིང་ཚད་མདའ་དང་མཉམ་པས་དེ་ལྟར་མིང་བཏགས་པ་ཡིན། མདའ་ཚད་མའི་རིང་ཚད་ལ་སྤྱིར་བཏང60-64cmཡས་མས་ཡོད་པ་དང་། ཞེང་ལ9cmཡས་མས་ཡོད། ཁྲུ་གང་མ་ནི་དེབ་འབྲིང་ལ་གོ་བ་ཡིན་ལ་དེའི་རིང་ཚད་ལ་སྤྱིར་བཏང55-60cmཡས་མས་དང་ཞེང་ལ9cmཡས་མས་ཡོད། སྣ་ཐུང་གི་ཚད་གཞི་ནི་གཅིག་གྱུར་མིན་པར།  རིང་ཚད2cmཡས་མས་ནས55cmཡས་མས་བར་དང་ཞེང་ལའང7cmནས9cmབར་སྣ་ཚོགས་ཡོད།  
          བཙན་པོའི་རྒྱལ་རབས་དུས་ཀྱི་གླེགས་བམ་དེ་དག་གི་ནང་དོན་ཆོས་ལུགས་དང་ལོ་རྒྱུས།  རྩོམ་རིག།  ཡིག་སྒྱུར། གསོ་རིག་སོགས་གྱ་ནོམ་ལ། ཡིག་གཟུགས་གཙོ་བོ་དབུ་ཅན་ཡིན་ལ་གཤར་མའི་རིགས་ཀྱང་ཡོད།  
          ཟུར་དུ་གསལ་བཤད་བྱེད་རྒྱུ་ཞིག་ལ། བོད་ཆེན་པོའི་རྒྱལ་རབས་དུས་སུ “གླེགས་བུའི་དཔེ” དང “ཤོག་ཤོག་ཡུག་རིངས།”  “ཤོག་ཤོག་ཡུག་ཐུང” ལྟ་བུའི་གསུང་རབ་འབྲི་བཞེངས་ཀྱི་ལུས་ཀྱི་རྣམ་པ་མི་འདྲ་བ་བྱུང་ཡོད་པར་གསལ་བ་ལས།①སྐབས་དེར་གླེགས་བམ་དང་ཤོག་དྲིལ་རིང་བ།  ཤོག་དྲིལ་ཐུང་བ་སོགས་ཀྱི་ཁྱད་པར་བྱུང་ཡོད་པ་མཐོང་ཐུབ་ཅིང་། གླེགས་བམ་གྱི་ཚད་བམ་གྲངས་ཀྱིས་མཚོན་པར་བྱེད་སྲོལ་དེ་ཡང་། རྒྱ་གར་འཕགས་པའི་ཡུལ་ནས་དར་བ་ཞིག་མ་ཡིན་པར། བཙན་པོའི་རྒྱལ་རབས་ཕྱི་མའི་དུས་ནས་བོད་རང་སར་དར་བའི་ཚད་གཞི་ཞིག་ཡིན་པར་འདུག་གོ། །②                    
          ༡༡ ཏ་ལའི་ལོ་མའི་ཡི་གེ།
          ཏ་ལའི་ལོ་མའི་སྟེང་བྲིས་པའི་ཡི་གེའི་སྐོར་ནི་ཡིག་རྙིང་གི་ཁྲོད་གོ་གནས་ཆེན་པོ་བཟུང་བའི་ཡིག་ཚང་ཞིག་ཡིན་པ་དང་། ད་ལྟ་ལག་སོན་བྱུང་བའི་ཏ་ལའི་ལོ་མའི་བསྟན་བཅོས་སྔ་ཤོས་དུས་རབས་བཞི་བའམ་ལྔ་བའི་དུས་སུ་བྲིས་པ་དང་། ཡང་ན་ཐད་ཀར་བལ་པོ་དང་རྒྱ་གར་ནས་གདན་དྲངས་པ་དང་། ཕྱི་ཤོས་ལ་རྗེ་ས་པཎ་གྱི་དུས་སུ་ལེགས་པར་བྲིས་པའམ་དྲངས་པ་དག་ཡིན་པ་རེད། དེ་ཡང་ཏ་ལའི་ལོ་མའི་ཡི་གེ་ལ་མུ་སྟེགས་པའི་བསྟན་བཅོས་སྐོར་ཡོད་ལ། སངས་རྒྱས་ཆོས་གཞུང་གི་ཐད་ནས་མདོ་སྡེ་དང་རྒྱུད་སྡེ། ཤེར་ཕྱིན། ཕལ་ཆེན། མངོན་པ་མཛོད། འདུལ་བ། དུས་འཁོར་འགྲེལ་བཤད། གཟུངས་འདུས། དབུ་མ། སེམས་ཙམ་པ། ཚད་མ། སྒྲ་མདོ། བཟོ་རིག །རྣམ་ཐར་སོགས་ཡོད། ཡིག་གཟུགས་ཀྱི་ཆ་ནས་བྲམ་ཟེའི་ཡི་གེ་དང་གུཔྟའི་ཡི་གེ། དྷ་རི་ཀའི་ཡི་གེ། ན་ག་རའི་ཡི་གེ། ཀུ་ཏི་ལའི་ཡི་གེ།  མ་ག་དྷའི་ཡི་གེ།  ས་ར་དའི་ཡི་གེ།  རཉྫི་ནའི་ཡི་གེ།  ནེ་བ་ལའི་ཡི་གེ།  མཻ་ཐི་ལིའི་ཡི་གེ། ལཉྫཱའི་ཡི་གེ།  ལྦརྟུལའི་ཡི་གེ་སོགས་ཡོད་ཅིང་།  མཛད་མཁན་གྱི་ཕྱོགས་ནས་བརྗོད་ནའང་རྒྱ་གར་གྱི་རྟ་དབྱངས་དང་རྒྱལ་བའི་དབང་པོ།  འཕགས་པ་ལྷ།  རྒྱལ་བའི་གོ་ཆ། དབྱིག་གཉེན་སོགས་ལས་གཞན། བོད་ཀྱི་སྐ་ཅོག་ཞང་གསུམ་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་བློ་གྲོས་བརྟན་པ།  བྱང་ཆུབ་རྩེ་མོ། ནམ་མཁའ་བཟང་པོ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ།  ཤེས་རབ་རིན་ཆེན་སོགས་ཀྱིས་བཤུས་པའམ་མཛད་པའི་ཕྱག་བྲིས་དངོས་ཀྱང་མང་། ཕོ་བྲང་པོ་ཏ་ལ་དང་ས་སྐྱ་དགོན་པ་ནི་ཏ་ལའི་ལོ་མའི་ཡི་གེ་ཉར་བ་ཆེས་མང་བའི་གནས་གཉིས་ཡིན་ལ། དེ་གཉིས་སུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་ཡི་གེའི་བསྡུ་ཉར་གྱི་གནས་ཚུལ་ཡང་བཟང་བ་ཡིན། དེའི་ཁྲོད་བཙན་པོའི་རྒྱལ་རབས་དུས་དང་ཅུང་འཕྱི་ཙམ་གྱི་སྐབས་སུ་བྱུང་བའི་ཏ་ལའི་ལོ་མའི་ཡིག་ཚང་ཅི་རིགས་མཆིས། ཏ་ལའི་ལོ་མའི་ཡི་གེར་གཅིག་གྱུར་གྱི་ཚད་གཞི་ཞིག་མེད་དེ། རིང་བར50x6cmདང47x5cmཡོད་ལ།  ཐུང་བར33x4cmཡོད་པ་སོགས་མི་འདྲ་བ་ཡིན། ཏ་ལའི་ལོ་མའི་དཔེ་རྙིང་གི་ལོ་མའི་གྲངས་མང་ཤོས་ལ120ནས180བར་ཡོད་པ་དང་།  ཉུང་ཤོས་ལ་ལོ་མའི་གྲངས10ནས100བར་ཡོད།                    
          ༡༢ ལྡེབས་བྲིས་ཡི་གེ།
          ལྡེབས་བྲིས་ནི་དགོན་སྡེ་སོགས་ཀྱི་འདུ་ཁང་དང་གཙུག་ལག་ཁང་གི་གྱང་ལྡེབས་སུ་བྲིས་པའི་ཡི་གེ་ལ་ཟེར་ཞིང་། དེ་ཡང་གནའ་བོའི་དགོན་སྡེ་མང་བོ་ཞིག་དུས་ཀྱིས་འཇིག་པ་ལ་བརྟེན་ནས་ད་སྔ་ལྡེབས་བྲིས་ཉུང་ཤོས་ཤིག་ལས་ཉར་ཚགས་བྱེད་ཐུབ་མེད་པ་དང་། དཔེ་མཚོན་ནི་མངའ་རིས་མཐོ་ལྡིང་དགོན་པའི་འདུ་ཁང་གི་ལྡེབས་བྲིས་ཡི་གེ་ལྟ་བུ་ཡིན། མཐོ་ལྡིང་དགོན་པའི་འདུ་ཁང་གི་ལྡེབས་བྲིས་ཡི་གེ་འདི་ནི་སྙན་རྩོམ་གྱི་ལུས་སུ་ཡོད་ལ་ཡིག་འབྲུ་ཁྱོན་བསྡོམས1076ཡོད་པ་དང་ཚིག་རྐང119ཡོད།  ཡིག་གཟུགས་ནི་དབུ་ཅན་ཡིན་པ་རེད།                     
          ༡༣ དར་གོས་ཡི་གེ།
          དར་གོས་ཡི་གེ་ནི་རྒྱུ་དར་གོས་ཀྱིས་གྲུབ་པ་དང་། དེ་ནི་བོད་རྒྱ་བར་ལ་འབྲེལ་བ་བྱུང་ཞིང་ཕན་ཚུན་བར་རིག་གནས་དང་དཔལ་འབྱོར་ཐད་ཕར་གཏོང་ཚུར་འདྲེན་གྱི་ལུགས་སྲོལ་དར་བའི་གོ་རིམ་ནང་རྒྱ་ཡུལ་གྱི་དར་གོས་བོད་དུ་དྲངས་པ་ལས་བྱུང་ཞིང་། དེའི་སྐོར་མང་བོ་ཞིག་བྱུང་མེད་པ་འདྲ། རྗེས་སོར་དགའ་ལྡན་ཕོ་བྲང་སྐབས་ནས་བཟུང་སྲིད་གཞུང་གི་བཀའ་རྒྱ་སོགས་མཚོན་པའི་དར་གོས་ཡི་གེ་གང་མང་ཞིག་བྱུང་བ་རེད། 
          ༡༤ རུས་ཡིག
          རུས་ཡིག་ནི་སྤྱིར་བཏང་ལུག་གི་སོག་པའི་སྟེང་བྲིས་པའི་ཡིག་རྙིང་གི་རིགས་ཤས་ཆེ་ཞིང་། བོད་ཡུལ་དབུས་ནས་ཆེས་སྔ་དུས་ཀྱི་རུས་ཡིག་རྙེད་པའི་གནས་ཚུལ་ད་སྔ་མི་འདུག་ཀྱང་། བཙན་པོའི་རྒྱལ་རབས་དུས་སུ་དབང་སྒྱུར་བྱས་བའི་ལི་ཡུལ་མི་རན་ས་ཆ་ནས་སྤྱི་ལོ1973ལོར་སོག་པའི་སྟེང་བྲིས་པའི་བོད་ཡིག་གི་ཡིག་རྙིང་རྙེད་སོན་བྱུང་བར་བརྟེན།①སྐབས་དེར་བོད་ལ་རུས་ཡིག་ཡོད་པའི་བདེན་དཔང་རྙེད་ཡོད།  
          གཞན་ཡང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་གི་བོད་ཆེན་པོའི་རྒྱལ་རབས་དུས་ཀྱི་བང་སོ་ལས་ཐོན་པའི་གནའ་རྫས་ཁྲོད་ཡིག་རྙིང་སྐོར་ཞིག་ཡོད་ཅིང་། དེའི་ནང་རྒྱུ་རུས་པ་ལས་བྱས་པའི་ཡིག་ཚང་ཉུང་ཤས་ཤིག་ཀྱང་ཡོད། སྲོག་ཆགས་སོགས་ཀྱི་རུས་པའི་སྟེང་མིའི་མིང་རུས་དང་དེ་འབྲེལ་གྱི་གནས་ཚུལ་བསྡུས་པ་བཀོད་ཡོད་པ་ཞིག་རེད།                  
          ༡༥ ལྟེབས་མགོ་མའི་ཡི་གེ།
          ལུས་འདི་རིགས་ནི་བོད་ཀྱི་ཡིག་རྙིང་ལོ་རྒྱུས་སྟེང་ཅུང་མཐོང་དཀོན་པའི་དཔེ་གཟུགས་ཤིག་ཡིན་ཞིང་། ལྡེངས་གྲངས་འགོད་པའི་སྲོལ་མེད། དུས་རིམ་གྱི་ཐད་ནས་བརྗོད་ན། ཧ་ལམ་དུས་རབས་བཅུ་གཅིག་ནས་བཅུ་གསུམ་པའི་ཡས་མས་སུ་བྱུང་བ་མང་། དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་ཡིག་ཚང་དང་གུ་གེ་མཐོ་ལྡིང་ནས་ཐོན་པའི《རྒྱལ་རབས་ཟླ་རིགས་མ》ལྟ་བུ་ནི་ལྟེབས་མགོ་མའི་རིགས་སུ་གྱུར་བ་ཡིན་ཏེ། མགོ་བོའི་སྟོད་ཀྱི་ཆ་ནས་རྒྱུན་བུ་སོགས་བརྒྱུས་ཤིང་ལྟེབས་ཏེ་ཉར་ཚགས་དང་བལྟ་ཀློག་བྱེད་དགོས་པའི་དཔེ་གཟུགས་ཀྱི་རིགས་ཤིག་ཡིན་པ་དང་། ལྟེབས་མགོ་མའི་རིགས་སུ་བྲིས་པའི་ཡིག་རྙིང་ལ་གཙོ་བོ་ལོ་རྒྱུས་དང་ཆོ་གའི་སྐོར། དེ་མིན་འདོན་ཆ་དང་དཀར་ཆག་སོགས་བཀོད་ཡོད།                 
          ༡༦ ལྟེབས་ཟུར་མའི་ཡི་གེ།
          ལྟེབས་ཟུར་མ་ཞེས་པའི་ལུས་ནི། གོང་འཁོད་ལྟེབས་མགོ་མ་དང་ཆ་འདྲ་བར་ལྟེབས་མའི་རྣམ་པར་ཡོད་པ་ལ། མགོ་ནས་ལྟེབས་པ་མིན་པར་དཔེ་གཟུགས་ཀྱི་གཡས་ཟུར་ནས་རྒྱུན་བུ་དང་འབྲེང་བུ་སོགས་ཀྱིས་བཙེམས་ཏེ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་ཡིན། ལུས་འདི་རིགས་ནི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་རྙིང་ཁྲོད་ཀྱི《གནག་རབས》དང《རྣེལ་དྲྀ་འདུལ་བའི་ཐབས》 《ཤ་རུ་ཤུལ་སྟོན་གྱི་རབས》ལྟ་བུ་སོགས་ཡིན་ཞིང་། མངའ་རིས་མཐོ་ལྡིང་དགོན་ནས་ཀྱང་དུས་རབས་བཅུ་གཅིག་ནས་བཅུ་གཉིས་བར་བྲིས་པའི་ལྟེབས་ཟུར་མའི་ལུས་ཀྱི་ཡིག་རྙིང་རྙེད་འདུག་པ་རེད།①དོན་ལ་ལྟེབས་ཟུར་མའི་ལུས་ཀྱི་ཡིག་ཚང་ནི་ལྟེབས་མགོ་མ་ནང་བཞིན་ཤོག་རྒྱ་ཆེན་པོ་མེད་པར་མིའི་ལག་ངར་ལས་ཅུང་ཟད་ཆེ་བའི་རྣམ་པར་ཡོད་ཅིང་། ལྡེབས་གྲངས་འགོད་སྲོལ་མི་འདུག  
          གོང་དུ་གླེང་བའི་བོད་ཀྱི་ཡིག་རྙིང་གི་སྐོར་གྱི་ལུས་བཅུ་དྲུག་པོ་དེ་ནི་གནའ་བོའི་བོད་ཀྱི་ལོ་རྒྱུས་སྟེང་སྤྱོད་སྒོ་ཆེ་བའི་ལུས་ཀྱི་རིགས་ཡིན་པ་དང་། བོད་ཀྱི་ཡིག་རྙིང་ལ་ལུས་འདི་དག་ལས་མེད་པའི་ངེས་པ་མི་འདུག་ནའང་། ད་སྔ་མཐོང་ཆོས་སུ་སྣང་བ་དང་རིགས་པས་དཔྱད་གཟོད་པའི་ལུས་ནི་འདི་ཙམ་དུ་ཟད་ལ། རྗེས་སོར་རིམ་གྱིས་འཚོལ་བསྡུ་དང་ཞིབ་འཇུག་གི་ལས་རིམ་ཁྲོད་གསར་རྙེད་ཀྱི་གནས་ཚུལ་ཡོད་ན་དེ་བཞིན་ཁ་སྣོན་དང་དབྱེ་བསྡུ་བྱེད་ཆོག་པ་ཡིན། ལུས་བཅུ་དྲུག་པོ་འདི་རིགས་ཆེན་པོ་གཉིས་ཀྱི་ཁོངས་སུ་བསྡུས་ནས་དབྱེ་བསྡུ་བྱས་པའི་དཔེ་རིས་གཤམ་གསལ་ལྟར།
  
གསུམ་པ། ཞར་བྱུང་བོད་ཀྱི་ཡིག་རྙིང་གི་ལུས་ཀྱི་སྒྲིག་གཞི་གླེང་བ།  
          སྤྱིར་བཏང་ཡིག་ཚང་གི་གྲུབ་སྟངས་སམ་སྒྲིག་གཞིའི་རྣམ་པལི(体例)ཐད་ནས་བརྗོད་ན། ཡིག་ཚང་གི་སྒྲིག་གཞིར་རྩོམ་པ་བོ་དང་རྩོམ་ཡིག་གམ་བསྟན་བཅོས་ཀྱི་མིང་སྟེ་ཁ་བྱང་དང་། མགོ་བརྗོད། དཀར་ཆག ། ནང་དོན་དངོས་གཞི། གྲུབ་ལུགས་སོགས་ཡོད་པ་ལས། དང་པོ་རྩོམ་པ་བོའི་ཐད་ནས་གླེང་ན། ཡིག་ཚང་ལ་ལར་རྩོམ་མཁན་གྱི་མིང་བཀོད་ཡོད་ལ་ལ་ལར་མི་སྣང་། བོད་ཀྱི་ཡིག་རྙིང་ཁག་ལ་མཚོན་ན། ནང་བསྟན་སྐོར་གྱི་ཡིག་ཚང་དག་ལ་མཛད་མཁན་དང་བསྒྱུར་མཁན་གྱི་མིང་བཀོད་པ་ཕུད། སྤྱིར་བཏང་གི་གཞུང་ཡིག་དང་སྤྱི་ཚོགས་དཔལ་འབྱོར། ལོ་རྒྱུས་ཡིག་ཚགས་སོགས་ལ་མིང་རྩ་བ་ནས་བཀོད་མེད། ཡང་ཡིག་ཚང་ལ་ལ་ཞིག་ཏུ་མཛད་མཁན་གྱི་མིང་གསལ་ཁ་བྱུང་མེད་རུང་། དེ་ཉིད་འབྲི་བཤུ་བྱེད་མཁན་དང་བཞེངས་མཁན་གྱི་མིང་གསལ་བོར་བཀོད་ཡོད་པ་མི་ཉུང་བ་ཞིག་མཆིས།  
          ཁ་བྱང་ནི། ཡིག་ཚང་གི་རིགས་དང་ལུས་ཀྱི་རྣམ་པ་འཕེལ་རྒྱས་ཕྱིན་ཏེ་དུས་ཡུན་རིང་བོ་སོང་རྗེས་བྱུང་བ་ཞིག་ཡིན་པ་ལས། གནའ་བོའི་དུས་སུ་དེ་འདྲའི་དར་ཁྱབ་ཆེ་བ་ཞིག་མ་ཡིན། བོད་ཀྱི་ཡིག་རྙིང་ལ་མཚོན་ནའང་ཁ་བྱང་གསལ་བའི་ཡིག་ཚང་ནི་ནང་བསྟན་དང་འབྲེལ་ཡོད་ཡིག་ཚང་ཙམ་ལས་མེད་ཅིང་། ད་ཡོད་ཁ་བྱང་ཁག་ནི་དེང་གི་ཞིབ་འཇུག་བྱེད་མཁན་དག་གིས་ཞིབ་འཇུག་དང་དཀར་ཆག་སྒྲིག་སྦྱོར་བྱེད་བདེ་བར་དམིགས་ཏེ་གསར་དུ་བཏགས་པ་ཞིག་རེད། དེང་སྐབས་ཁ་བྱང་གི་རིགས་ལ་ནང་དོན་ལྟར་བཏགས་པ་ཤས་ཆེ་བ《བཙན་པོའི་གདུང་ཁུངས》དང《ལོ་ཚིགས་གནད་བསྡུས》ལྟ་བུ་དང་། གནས་ཡུལ་གྱི་ཆ་ནས་བཏགས་པ《བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ཡི་གེ》དང《བྲག་ཡེར་བའི་ལྷ་ཁང་གི་དྲིལ་བུའི་ཡི་གེ》ལྟ་བུ། ཡང་མི་སྣའི་མིང་གིས་བཏགས་པ《གྲི་གུམ་བཙན་པོ》དང《ཁྲི་འདུས་སྲོང་གིས་བླངས་པའི་མགུར》སོགས་ཡོད།  
          མགོ་བརྗོད་དམ་གླེང་གཞིའི་སྐོར་འདི་ཕྱིས་ཀྱི་ཡིག་ཚང་ཁག་ལ་མ་གཏོགས་བཙན་པོའི་རྒྱལ་རབས་དུས་དང་དེ་ལས་འཕྱི་ཙམ་གྱི་ཡིག་ཚང་ཁྲོད་ཐོན་མི་འདུག །འོན་ཀྱང་གླེང་གཞིའི་ཚུལ་ཙམ་འདུག་པའི་ཡིག་ཚང་འགའ་རེ་འདུག་ལ། དེ་དག་གླེང་གཞི་མཚན་ཉིད་པའི་གྲལ་དུ་འགྲོ་མིན་ད་དུང་བརྟག་དགོས་སྙམ།  
          དཀར་ཆག་ནི། ཡིག་ཚང་རིག་པའི་ནང་དོན་གལ་ཆེན་ཞིག་ཡིན་རུང་། བོད་སྔ་རབས་པ་དག་གིས་དཀར་ཆག་ཅེས་པ་རིག་ཚན་ཆེན་པོའི་དཀར་ཆག་ལ་གོ་བ་ལས་རྩོམ་ཡིག་གཅིག་གམ་བསྟན་བཅོས་གཅིག་ཏུ་དཀར་ཆག་ཞིབ་གསལ་གྱིས་འགོད་པའི་སྲོལ་མི་འདུག་པས། དེང་སྐབས་ང་ཚོས་བོད་ཀྱི་དཔེ་རྙིང་ཁག་ལ་པར་ཞུ་དང་དག་སྒྲིག་བྱེད་སྐབས་བསྐྱར་དུ་དཀར་ཆག་བསྒྲིག་དགོས་པའི་ངལ་བ་བྱུང་ཡོད། དེ་བཞིན་བོད་ཀྱི་ཡིག་རྙིང་རྣམས་ཀྱང་གཅིག་མཚུངས་ཡིན་ཏེ། མུ་འབྲེལ་རིང་བོར་བསྟར་བའི་ཡིག་ཚང་དག་ཀྱང་དཀར་ཆག་གིས་དབྱེ་བའི་ཚུལ་མེད་པར། མཐུད་འབྲེལ་དུ་རྒྱུན་མར་སྤེལ་ནས་བྲིས་ཡོད་པ་རེད། དེར་བརྟེན། ད་ལྟ་རང་ཅག་གིས་བོད་ཀྱི་ཡིག་རྙིང་ལ་དཀར་ཆག་འགོད་པ་ལ་གཅིག་ནས་ནང་དོན་ལ་གཟབ་ནན་གྱིས་དབྱེ་ཞིབ་བྱེད་དགོས་པ་དང་། གཉིས་ནས་དཀར་ཆག་རིག་པའི་གཞུང་ལུགས་ཀྱི་དོན་ལ་མི་འགལ་བ། གསུམ་ནས་ཡིག་ཆ་དངོས་ཀྱི་ཚན་པ་དབྱེ་བའི་གནས་ཚུལ་ལ་ཧ་ཅང་ཡིད་གཟབ་བྱེད་རྒྱུ་གལ་ཆེ། རྒྱུ་མཚན་ནི། ཡིག་ཚང་རེ་འགར་ཐོག་མའི་ཡིག་མགོར་དཀར་ཆག་གི་ཚིག་ཟུར་ཙམ་ཐོན་མེད་རུང་། ཚན་པ་དབྱེ་བའི་དུས་ལ་སྔོན་དུ་སྨོས་པལིདོན་གང་ཞིག་རྫོགས་ཟིན་པའི་ཚིག་སྣ་ཟིན་སྤུ་ཟིན་དུ་ཐོན་བཞིན་ཡོད་པས་སོ །འདི་ནི་ཕྱིས་ཀྱི་བསྟན་བཅོས་མང་བོར་ཡང་རྒྱུན་དུ་བེད་སྤྱོད་བྱེད་པའི་དཀར་ཆག་གི་གོ་ཆོད་པའི་སྡེ་ཚན་དབྱེ་སྲོལ་ཞིག་ཏུ་གྱུར་ཡོད།  ནང་དོན་དངོས་གཞིའི་སྐོར་ལ། བོད་ཀྱི་ཡིག་རྙིང་འདི་རྣམས་ལ་ལོ་ངོ་བརྒྱའི་གསར་རྙེད་ཀྱི་ལོ་རྒྱུས་ཁྲོད་གོད་ཆག་རྒྱུན་མར་བྱུང་བའི་དབང་གིས། ད་ལྟ་ཕན་ཚུན་དཔྱད་བསྡུར་བྱེད་ནུས་པའི་ནང་བསྟན་སྐོར་གྱི་བསྟན་བཅོས་ཡིག་ཚང་ཁག་ཧྲིལ་གཟུགས་སམ་ཁག་དགར་གང་གིས་གྲུབ་ཚུལ་ངེས་པ་གཅོད་ཐུབ་པ་ཕུད། གཞན་དག་ནི་ཤོག་དྲིལ་རེ་རེ་དང་ཤོག་དྲིལ་གཅིག་ཀྱང “ཁག་དུ་མར་བགོས” ཏེ་ཡུལ་མི་འདྲ་བར་ཉར་ཚགས་བྱས་པར་བརྟེན། ནང་དོན་དངོས་གཞི་ཇི་ལྟར་གྲུབ་ཡོད་ཚུལ་བརྗོད་དགོས་ཚེ་ཧ་ཅང་དཀའ་བའི་གནས་སུ་གྱུར་འདུག །བདག་གིས་ལོ་འདི་འགར་ཧྥ་རན་སིར་ཉར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཚང་ལེགས་སྒྲིག་དང་དཀར་ཆག་སྒྲིག་སྦྱོར་བྱེད་སྐབས་དངོས་སུ་འཕྲད་པ་ནི། ཡིག་ཚང་ཁག་མང་བོ་ཞིག་ཡིག་གཟུགས་ཁོ་ནར་བལྟས་ཏེ་ནང་དོན་གཅིག་ཏུ་འབབ་བོ་སྙམ་པའི་བློས་ལེགས་སྒྲིག་བྱེད་མི་རུང་ལ། འགའ་ཞིག་ཡིག་གཟུགས་དང་ནང་དོན་འདྲ་རུང་ཡིག་གཟུགས་ཀྱི་ཚོན་མདོག་མི་གཅིག ། དེ་མིན་རེ་འགའ་ཤོག་བུའི་རྒྱུ་ཆ་མི་འདྲ་བ་སོགས་བལྟས་མ་ཐག་རྩོམ་ཡིག་གཅིག་དང་ཤོག་དྲིལ་གཅིག །བརྗོད་གཞི་གཅིག་གོ་འདོད་པའི་ཡིག་ཚང་མང་དུ་ཡོད་རུང་། ཞིབ་བསྡུར་དང་དབྱེ་འབྱེད་ནན་དུ་བྱས་ཚེ་ཁག་སོ་སོར་གྲུབ་པའི་རིགས་སུ་ཡོད་པ་དེ་རེད། དཔེར་ན་དེ་སྔ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐུ་ཞབས་ལྦང་ཡའོ་སོགས་ནས 《ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་གྱི་ཞིབ་གསལ་དཀར་ཆག》ཅེས་པའི་དེབ་ཅིག་བསྐྲུན་འདུག་པར།① ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་འཚོལ་བཤེར་དང་རྒྱུས་ལོན་བྱེད་མཁན་རྣམས་ལ་སྟབས་བདེ་མི་དམན་པ་བསྐྲུན་འདུག་པ་བསྙོན་དུ་མེད་མོད། ཁོ་བོས་དེབ་དེ་དང་མ་ཡིག་དངོས་གཉིས་ཞིབ་ཏུ་བསྡུར་སྐབས་སྒྲིག་པ་པོ་གོང་སྨོས་གནད་དོན་དག་ལས་གཡོལ་ཐུབ་མེད་པ་གསལ་བོར་མཐོང་བྱུང་སྟེ། དེབ་དེར་འཁོད་པའི་དཀར་ཆག་ལས་ནང་དོན་དངོས་གཞི་འགོད་སྐབས་གང་མང་ཞིག་སྔ་ཕྱི་འགལ་བར་སོང་འདུག་ལ། གཏན་ནས་མཐུན་ཐབས་མེད་པའི་ནང་དོན་ཁག་གཅིག་ཏུ་བསྡུས་ནས་བཀོད་ཡོད་པའང་གཅིག་མིན་དུ་མར་མཐོང་། ནང་དོན་དངོས་གཞི་ཅི་ཡིན་དང་ཇི་ལྟར་གྲུབ་ལུགས་གཏན་ལ་དབབ་རྒྱུ་ནི་དཀར་ཆག་འགོད་པའི་སྔོན་འགྲོ་ལྟ་བུར་སོང་ཡོད་པས། ཡིག་ཚང་ལ་དབྱེ་ཞིབ་བྱེད་དུས་ནང་དོན་དངོས་གཞིའི་སྐོར་ལ་ཞིབ་ཆ་ཐོན་རྒྱུ་འགངས་ཆེའོ་སྙམ། སྤྱིར་བཏང་ཡིག་ཚང་རེ་འགའ་ནི་ཁག་གཅིག་གིས་གྲུབ་པར་བྱས་ཡོད་ལ། འགའ་ཞིག་ཁག་བགོས་ཀྱིས་གྲུབ་པ་དང་། ལ་ལ་ནི་དངོས་གཞིའི་ནང་དོན་ཆེན་པོ་གཅིག་ཏུ་བྱེ་བྲག་འབྲེལ་བ་ཡོད་ལ་ནང་དོན་མཐའ་གཅིག་ཏུ་མི་མཚུངས་པའི་སྐོར་གྱིས་གྲུབ་པའང་ཡོད།  
        གྲུབ་ལུགས་ཐད་ནས་བརྗོད་ན། ཡིག་ཚང་རིག་པའི་ལོ་རྒྱུས་སྟེང་གཙོ་བོ་རང་གིས་བརྩམས་ཏེ་གྲུབ་པ་དང་བཤུས་ཏེ་གྲུབ་པ། ངག་བཀོད་བཞིན་བྲིས་པ། རྗེས་རབས་པས་ཕྱོགས་བསྒྲིགས་ཀྱིས་གྲུབ་པ་སོགས་རིགས་དུ་མར་ངེས་ལ། བོད་ཀྱི་ཡིག་རྙིང་ནི་ཕལ་ཆེ་བ་རང་གིས་བརྩམས་པ་དང་འབྲི་བཤུ་བྱས་པ། ངག་བཀོད་བཞིན་བྲིས་པ་བཅས་ཀྱི་ཁོངས་སུ་གཏོགས། དེ་ཡང་དངོས་སུ་བརྩམས་པ་གཏུག་ཡིག་དང་གན་རྒྱའི་ཡི་གེ། 《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ》སོགས་ཡོད་ལ། བཤུས་ཏེ་གྲུབ་པ་ནི《གདུགས་དཀར》དང《བཟང་སྤྱོད་སྨོན་ལམ》ལྟ་བུ་ནང་བསྟན་སྐོར་གྱི་ཡིག་ཚང་མང་བོ་དང་ཁྲིམས་ཡིག་ཐོར་བུ། ངག་བཀོད་བཞིན་བྲིས་པ་ནི་རྡོ་རིང་ཡི་གེ་དང་ཅོང་ཡིག །དེ་མིན་སྨོན་ལམ་དུ་གསོལ་བའི་ཡིག་ཚང་སོགས་ལྟ་བུའོ །དེ་མིན་མཇུག་མཆན་ལྟ་བུར་བྲིས་པའི་རིགས་ཀྱང་གྲུབ་ལུགས་ཀྱི་ཁོངས་སུ་འཇོག་དགོས་ཏེ། བོད་ཀྱི་ཡིག་རྙིང་གི་ཁྲོད་ཀྱི་གསུང་རབ་བྲིས་མའི་ཡིག་ཚང་མང་བོར་འབྲི་བཤུ་བྱེད་མཁན་དང་ཞུ་དག་གཏོང་མཁན་སོགས་ཀྱི་མིང་མཇུག་མཆན་གྱི་ཚུལ་དུ་བཀོད་ཡོད་པ་རེད། མཇུག་མཆན་གྱི་རིགས་འདིས་ཡིག་ཚང་བྱུང་བའི་དུས་རིམ་དང་འབྲེལ་ཡོད་ཀྱི་གལ་ཆེའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་རྒྱུར་དཔྱད་གཞིའི་རྒྱུ་ཆ་འགངས་ཆེན་མཁོ་སྤྲོད་བྱས་ཡོད། ། 

①དུད་བླ་བུ་ཆུང་། བོད་ཡིག་དཔེ་རྙིང་གི་ངོས་འཛིན་དང་འཕེལ་རྒྱས་སྐོར་གླེང་བ། བོད་ལྗོངས་ཞིབ་འཇུག   2004ལོའི་དེབ་བཞི་པ།
①དེང་སང་བོད་བཙན་པོའི་རྒྱལ་རབས་དུས་སྐབས་སུ་པར་མའི་རིགས་ཀྱི་ཡིག་ཚང་ཉུང་ཤས་ཤིག་བྱུང་ཡོད་པར་ཡང་སྨྲ་མཁན་ཡོད་མོད།  རྩོད་གཞི་ཆེ།
①དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་།  མི་རིགས་དཔེ་སྐྲུན་ཁང་། 1992ལོ།   ཤ29
①མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1917ལོ།  ཤ248 
②སྦྱི་ཚོགས་དཔལ་འབྱོར་ལ་འབྲེལ་བའི་ཁྲམ་ཡང་མང་།
① 转引自图奇著. 魏正中、 萨尔吉主编翻译《梵天佛地》 (第二卷卜 ),上海古籍出版社、 意大利亚非研究院2010年版, 第218页。
②པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ།  ཤ18
① 参见徐丽华:  《藏文古籍载体述略》 ,  《青海民族学院学报》 2002年第2期
①པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ།  ཤ9
①གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུནཁང་།2014ལོ། ཤ172
②ལྡེའུ་ཇོ་སྲས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། བོད་ལྔོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤ346
③ ནེའུ་སྨོན་ལམ་ཚུལ་ཁྲིམས། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། བོད་ཀྱི་ལོ་རྒྱུས་དེབ་ཐར་་ཁག་ལྔ།  ལྔོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོ།  ཤ9
①སྡེ་སྲིད་སངས་རྒྱས་རྒྱ་མཚོ།  བསྟན་བཅོས་བཻཌཱུརྱ་དཀར་པོའི་དྲིས་ལན་འཁྲུལ་སྣང་གཡའ་སེལ།  ཞོལ་པར་མ། ཤ273
② 艾米海勒:  《西藏佛教艺术》 , 文化艺术出版社. 2008年版. 第55页。
③ Crstina  schcrrcr –schauh and  Georgc Bonani, Establishing a typology  of  the old  Tibctan  manuscripts:a  multidisciplinary approach,China Tibetology  publishing  house,press,2008, p134
①ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བམ་པོ་དང་། ལེའུ་དང་། ཤད་དང་། ཚེག་དང་། གྲངས་བཞུགས་པའི་ཚད་བསྟན་པ། དཔེ་རྙིང་པྲིས་མ།ཤ5
② པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤ54
③ཞལ་ཁེབས་ནི་གསུང་རབ་ཀྱི་དབུ་ཤོག་ནང་མར་ཡོད་པའི་ཞལ་འགེབ་བྱེད་དེ་ཡིན་ལ། ཆེས་ཐོག་མའི་ཞལ་ཁེབས་ནི་རྒྱུ་ཤོག་བུས་བྱས་པ་ཞིག་ཏུ་སྣང་ཞིང་། རིམ་གྱིས་གོས་དར་དང་རས་སོགས་ཀྱིས་བྱེད་པའི་སྲོལ་བྱུང་།
④ དཔེ་རས་ནི་གླེགས་བམ་དཔེ་ཆའི་ཕྱི་ཐུམ་ལ་སྤྱོད་པའི་ན་བཟའ་ལ་བརྗོད།
① [英]托马斯著. 刘忠、 杨铭译: 《敦煌西域古藏文社会历史文献》 ་ 民族出版社, 2003年版་,第423-424页。
② 范德康若, 刘翠兰译: 《小议藏文中bam po一词的意义和用法》 . 《藏学学刊》 第五辑. 四川大学出版社. 2009年版.
①འདི་ནི་སྦྱི་ལོ618ནས907ལོའི་བར་བྱུང་བའི་ཡིག་ཚང་ཞིག་ཡིན་ཞིང་། སོག་ཡིག་འདིའི་ཞེང་ལ་རྨིད2.3ནས10.7དང་རིང་ཚད་ལ་རྨིད17.5ཡོད།
①པད་མ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2013ལོ།  ཤ15 
① 王尧主编:  《法藏敦煌藏文文献解题目录》 . 民族出版社.   1999年版.

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1