གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

དགེ་འདུན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།།རང་ཅག་བོད་ཀྱི་གདོད་མའི་དུས་རབས་སུ་བྱུང་བའི་རོལ་ཆའི་སྐོར་མདོ་ཙམ་གླེང་བ།

དགེ་འདུན།
          རོལ་ཆ་ནི་རོལ་དབྱངས་སྒྱུ་རྩལ་གྱི་ཆ་ཤས་ཤིག་ཡིན་ཞིང་། རོལ་ཆའི་གཟུགས་དབྱིབས་དང་། རྣམ་གྲངས། དབྱངས་ཀྱི་ཁྱབ་ཚད། དེ་བཞིན་སྒྲ་དབྱངས་སྙན་ཆ་དོད་ལོས་སོགས་ཀྱི་ཐད་ནས་མིའི་རིགས་ཀྱི་ལོ་རྒྱུས་དུས་རིམ་སོ་སོའི་ནང་རོལ་དབྱངས་ཀྱི་ལག་ལེན་གང་འདྲ་བྱུང་ཡོད་མེད་ཀྱི་གནས་ཚུལ་གསལ་རྟོགས་བྱེད་ཐུབ་པ་དང་སྦྲགས་དུས་སྐབས་དེའི་རོལ་དབྱངས་འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་ཀྱང་ཞིབ་ཕྲ་མཚོན་ཐུབ་ཀྱི་ཡོད་སྟབས། རོལ་ཆར་ཞིབ་འཇུག་བྱ་རྒྱུ་ནི་རོལ་དབྱངས་སྒྱུརྩལ་ལ་ཞིབ་འཇུག་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། །   
          དུས་རབས་སོ་སོའི་ནང་རོལ་ཆ་གང་བྱུང་སྐོར་ལ་ཞིབ་འཇུག་བྱེད་སྐབས་ཐོག་མར་སྐབས་དེའི་ཐོན་སྐྱེད་ལག་ལེན་དང་། དེ་ལས་བྱུང་བའི་ཐོན་རྫས་རྣམས་ལ་བརྟག་དགོས་ཏེ། ཐོན་སྐྱེད་ལག་ལེན་ལས་བྱུང་བའི་ཐོན་རྫས་རྣམས་ཀྱིས་སྐབས་སོ་སོའི་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཇི་བཞིན་མཚོན་ཐུབ་པ་མ་ཟད། རོལ་ཆའི་བཟོ་རྒྱུ་གང་ཡིན་པ་དེ་ཡང་ཤེས་རྟོགས་བྱེད་ཐུབ་སྟབས་བསྐལ་པ་ཡ་ཐོག་གི་དུས་སུ་བྱུང་བའི་ཐོན་རྫས་གཙོ་བོ་རྡོ་ཆས་དང་། རྫ་ཆས། རུས་ཆས་སོགས་ཡིན་པ་དེ་རང་རེའི་ལྗོངས་ནས་བཙལ་རྙེད་བྱུང་བའི་རྡོཆས་རྙིང་མ་དང་གསར་མའི་གནའ་ཤུལ་དེ་དག་མཚོན་ཐུབ་པ་དང་དུས་མཚུངས་སྐབས་དེ་ཤེད་ཀྱི་བོད་ཀྱི་རོལ་ཆའི་བཟོ་རྒྱུ་ནི་ས་དང་། རྡོ། རུས་པ་བཅས་ཡིན་པ་དེར་ཚིག་ཐག་གཅོད་ཐུབ། །   
          གདོད་མའི་དུས་རབས་སུ་ངལ་རྩོལ་གྱི་བྱ་རིམ་ནང་ནས་མིའི་བློ་རིག་ལ་ཉིན་བཞིན་འཕེལ་རྒྱས་བྱུང་སྟེ་སྒྲ་ཅི་རིགས་འཛིན་པའི་སྐྱེ་མཆེད་ཀྱི་ནུས་པ་ཆེ་རུ་ཕྱིན་པ་དང་ཆབས་ཅིག་རང་བྱུང་ཁམས་ཀྱི་སྐད་སྒྲ་དང་། ངལ་རྩོལ་ཡོ་བྱད་བཟོ་སྐབས་དངོས་པོ་དང་དངོས་པོ་ཕན་ཚུན་ཕྲད་པ་ལས་བྱུང་བའི་སྐད་སྒྲ།  སྐྱེ་བོའི་ངག་ལས་བྱུང་བའི་ལྷན་ཅིག་སྐྱེས་སྒྲ་སོགས་རྣ་བས་སྙན་པར་ཤེས་པ་རྣམས་ཡང་ཡང་བསྐྱར་ཟློས་ཀྱིས་ལག་ལེན་བྱས་ནས་རིམ་བཞིན་རོལ་དབྱངས་རྙེད་པ་རེད། ཐོན་སྐྱེད་ཡོ་བྱད་བཟོ་སྐབས་དངོས་པོ་དང་དངོས་པོ་ཕྲད་པའི་སྒྲ་རྣམས་སྙན་མི་སྙན་གྱི་ཁྱད་པར་ལ་གཞིགས་ནས་ཐོག་མར་ངལ་རྩོལ་ཡོ་བྱད་དང་རོལ་མོ་གཉིས་ཐ་མི་དད་པའི་རྡོ་ལེབ་རིགས་འགའ་རྙེད་དེ་རྗེས་སུ་རིམ་བཞིན་ཐོན་སྐྱེད་ཡོ་བྱད་ལས་ལོགས་སུ་གྱེས་ཏེ་རོལ་ཆ་རྡོ་ཏིང་ལྟ་བུ་ཐོག་མར་བྱུང་ངེས་སམ། ཡང་ན་རྒྱུན་མཁོའི་འཚོ་བའི་ཡོ་བྱད་རྫ་སྣོད་སོགས་བརྡུང་པས་རྣ་བར་སྙན་པར་བྱུང་སྟེ་ཡང་ཡང་ལག་ལེན་བྱས་རྗེས་རིམ་བཞིན་རོལ་ཆ་རྫ་རྔའམ་རྫ་ཅོང་ལྟ་བུར་འཕེལ་རྒྱས་བྱུང་བ། སྲོག་ཆགས་ཀྱི་རུས་པས་ཁབ་དང་རྒྱན་ཆ་སོགས་བཟོ་སྐབས་དུང་རུས་ལ་བུ་ག་བརྟོལ་ཏེ་འབུད་པས་སྒྲ་སྙན་པར་བྱུང་ནས་རུས་ཤུ་ལྟ་བུའི་རོལ་མོ་བྱུང་བ་སོགས་གང་ལྟར་སྐབས་དེའི་བཟོ་རྩལ་ཧ་ཅང་ཞན་པས་རོལ་ཆ་རྣམས་རྩུབ་ཤས་ཆེ་ལ་ཐབས་ཆག་ཅིག་ལས་མེད་པས། དེ་དག་གིས་སྒྲའི་ཁྱབ་ཚད་དབྱངས་གཉིས་གསུམ་ཙམ་ལས་གཏོང་མི་ཐུབ་ལ་སྙན་བྱ་དོད་ལོས་ཀྱང་དེ་ཙམ་ལས་མེད། དེ་རྗེས་ལག་ལེན་གྱི་ཁྲོད་དུ་དུང་རུས་ཀྱི་བུ་ག་གཅིག་ནས་རིམ་བཞིན་གཉིས་གསུམ་བཞི་ལྔ་དྲུག་བདུན་བར་འཕེལ་བ་དེས་སྔ་མའི་རོལ་ཆ་རུས་ཤུ་ནས་ཕྱི་མའི་རོལ་ཆ་རུས་གླིང་ངམ་རྒོད་གླིང་ལྟ་བུར་འཕེལ་རྒྱས་བྱུང་བ་དང་། རོལ་དབྱངས་ཀྱང་ཐོག་མའི་དབྱངས་གཉིས་གསུམ་ནས་རིམ་བཞིན་ལྔ་ལྡན་དབྱངས་དང་། དྲུག་ལྡན་དབྱངས། བདུན་ལྡན་དབྱངས་བཅས་ལ་འཕེལ་རྒྱས་བྱུང་ཡོད། དེ་ལྟར་རང་ཅག་བོད་ཀྱི་གདོད་མའི་དུས་རབས་ཀྱི་དུས་འགོར། བརྡུང་བའི་རོལ་ཆ་རྡོ་ཏིང་དང་། རྫ་རྔ། རྫ་ཅོང་། འབུད་པའི་རོལ་ཆ། རྭ་རྩེ་ཡིས་བཟོས་པའི་ཤུ།  རྒོད་རྐང་གི་བཟོས་པའི་ཤུ།  རུས་པས་བཟོས་པའི་ཤུ། རྫ་ཡིས་བཟོས་པའི་ཤུ།  འདག་གླིང་། རྫ་གླིང་། རྒོད་གླིང་། རུས་གླིང་སོགས་བྱུང་ཡོད། ཉེ་དུས་ལྷ་རྩེ་རྫོང་ཁོངས་ནས་རྫ་ཡི་བཟོས་པའི་རོལ་ཆ་རིགས་གཉིས་རྙེད་པ་ལས་གཅིག་ནི་བྱིའུ་གཟུགས་དབྱིབས་ཅན་ཞིག་ཡིན་པ་དེའི་རིང་ཚད་ལ་ལིའི་རྨིད་13.5དང་། མཐོ་ཚད་ལ་ལིའི་རྨིད5.8མཇུག་ཏུ་དབུགས་བུག་དང་གཟུགས་ཀྱི་གཡས་གཡོན་གཉིས་སུ་བུ་ག་རེ་ཡོད་པ་ཞིག་དང་། ཅིག་ཤོས་ཤུའི་གཟུགས་དབྱིབས་ཡིན་པ་གང་ཞིག བུ་ག་གོང་དང་མཚུངས་པ་དང་། མཐོ་ཚད་ལིའི་རྨིད4.2 རིང་ཚད་ལིའི་རྨིད་7.5ཡོད་པའི་རྫ་གླིང་དེ་གཉིས་རང་རྒྱལ་ཧྲན་ཤིའི་ཞིང་ཆེན་ཤིའི་ཨན་པན་ཕོའོ་སོགས་རྡོ་ཆས་གསར་མའི་སྐབས་ཀྱི་གནའ་ཤུལ་ལས་བྱུང་བའི་རྫ་གླིང་རྣམས་དང་རིགས་མཐུན་གྱི་ཡོད། གཞན་ཡང་རང་རྒྱལ་ཧོ་ནན་ཞིང་ཆེན་ཝུ་ཡང་རྫོང་ཅཱ་ཧུའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་ནས་རྙེད་པའི་རུས་གླིང་དང་། ཀྲེ་ཅང་ཞིང་ཆེན་ཡུའི་ཐའོ་ཧྭ་མུའུ་ཏའི་གནའ་ཤུལ་ནས་རྙེད་པའི་རུས་ཤུ་སོགས་ལ་ལོ་ངོ་བདུན་སྟོང་ངམ་བརྒྱད་སྟོང་གི་ལོ་རྒྱུས་ཡོད་པར་གྲགས་པ་དེའི་ཐོག་ནས་རང་རེའི་གདོད་མའི་དུས་རབས་སུ་བྱུང་བའི་རིགས་མཐུན་རོལ་ཆ་རྣམས་ལ་ཡང་ལོ་རྒྱུས་རིང་ཐུང་དེ་ལྟར་ཡོད་པར་སྙམ། 《གཡུང་དྲུང་བོན་གྱི་བསྟན་བྱུང་ཕྱོགས་བསྡུས》ལས“བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང་། བཞོན་པ་ཞོན་དང་དངོས་པོ་ཉོ་ཆོང་བྱུང་། དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས།  ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་། གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་”ཞེས་འཁོད་པ་དེའི་ཐོག་ནས་ལོ་རྒྱུས་ཀྱི་དུས་རིམ་ངེས་གཏན་བརྒྱུད་ཐོན་རྫས་ལ་འཕེལ་རྒྱས་བྱུང་བ་མ་ཟད། བཟོ་རྩལ་ཡར་རྒྱས་བྱུང་བ་དེས་གླུ་གར་རོལ་དབྱངས་ཀྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐེབས་ཡོད་པ་མཐོང་ཐུབ། དེ་རྗེས་གནའ་རབས་ཞང་ཞུང་གི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་བོན་ཆོས་སྐྱོངས་སྐབས་རོལ་ཆར་འཕེལ་རྒྱས་དེ་བས་ཆེན་པོ་བྱུང་ཡོད་དེ།  བོད་ཀྱི་དཔེ་རྙིང་《ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བ་དོན་རྣམ་པ་ངེས་པ》ལས“རྔ་བརྡུང་གཤང་དཀྲོལ་དར་འཕྱར་དུང་འབུད་ཅག་པར་རྡེབས། སྒོང་བསྒྱུར་རྒྱུད་སྦྲེང་ལྷ་ཡི་གླིང་བུ་འབུད་དོ”ཞེས་དང་། 《མདོ་གཟེར་མིག》ཅེས་པར“སྐད་བཅོ་བརྒྱད་ཀྱི་གཏང་རག་ཤིན་ཏུ་སྙན་པ་བསྒྱུར། ལྷ་གཤེན་སྟོང་གི་མཚན་བརྗོད། རྔ་དང་གཤང་དང་དུང་དང་གླིང་བུ་དང་། ཏམ་བུ་ར་དང་པི་ལྦང་སིལ་སྙན་ཐམས་ཅད་ཀྱིས་སྙན་པའི་སྒྲ་བསྒྲགས”ཞེས། 《མི་ནུབ་མཚན་མདོ》ཞེས་པར“ལ་ལ་ཞིག་ནི་རྔ་བརྡུང་ངོ་། ལ་ལ་ཞིག་ནི་གཤང་ཁྲོལ་ལོ། ལ་ལ་ཞིག་ནི་དུང་འབུད་དོ། ལ་ལ་ཞིག་ནི་དྷ་བུ་ར་སྒྲོགས་སོ། ལ་ལ་ཞིག་ནི་ཅོང་ཆེན་བརྡུང་ངོ་། ལ་ལ་ཞིག་ནི་བིང་ཆེན་བསྒྲིལ་ལོ། ལ་ལ་ཞིག་ནི་གྷན་དྷེ་སྒྲོགས་སོ། ལ་ལ་ཞིག་ནི་ཅག་པར་རྡེབས་སོ”ཞེས་འཁོད་ཡོད་པ་དེ་དག་ལས་རྟོགས་ཐུབ། གནའ་དུས་ཞང་ཞུང་གི་སྐད་དུ“སད་ལ་གྱེར་ཞི་ནོ་ཞེས་ལྷ་རྔ་བརྡུང་བ་དང་། སད་ལ་ཁ་རི་གང་ཞེས་ལྷ་གཤང་དཀྲོལ་བ། སད་ལ་ཨན་ཏིང་ཡོ་ཞེས་ལྷ་དུང་འབུད་པ”སོགས། རྔ་གཤང་དུང་གསུམ་ནི་སྐབས་དེར་བོན་པོ་བ་རྣམས་ཀྱི་སྤྱོད་པའི་རོལ་མོ་གཙོ་གྲས་གསུམ་ཡིན་པ་དང་། བརྡུང་བའི་རོལ་ཆ་རྔའི་རྣམ་གྲངས་ལ། རྔ་སྟོང་རི་ཆེམ་པ་ཅན་དང་། རྔ་ཕོ་ལོང་། གཡུ་རྔ་དིང་པ། རྔ་ཕྱེད་སྦུག་ཕྱེད་དུ་གྲགས་པའི་རྔ་ངོས་གཅིག་མ་སོགས་ཡོད། བོན་གྱི་རྔའི་བྱུང་རབས་སུ“བསོ་ཐོག་འབྲུག་བརང(བར་རང་)སྒྲ་ཡི་གསསཾར (གསམ་སར)ནས།་ མི་བཟད་གནམ་གྱི་ལྷ་རྒོད་ཐོག་པ་རྗེ། དྲག་པོ་གསུང་གི་སྒྲ་ཆེན་སྒྲོགས་པ་ནི། སྒྲ་རྒྱལ་དབལ་གྱི་གཡུ་འབྲུག་སྔོན་པོ་བྱུང་། གཡུ་འབྲུག་ལུས་ལ་དབལ་གྱི་གཡུ་རྔ་བྱུང་། གཡུ་འབྲུག་རྭ་གཉིས་རྐང་ལག་བཞི་དང་དྲུག ར་སྦུག་མཛོད་སྣ་བཅས་པ་དྲུག་ཏུ་བྱུང་། འབྲུག་རྔ་ས་ཡི་བརྟེན་ཕུར་རྔ་ཡུ་བྱུང་། གཡུ་འབྲུག་དེའི་དབལ་གྱི་རལ་པ་ལ། གནམ་གྱི་འཛུབ་ཐག་ཡར་གྱི་རྔ་ཐག་བྱུང་། མེ་རི་མེ་དཔུང་འབར་བའི་གཤོག་པ་ལ། རྔ་ཐུག་རྔ་འཕེན་སྣ་ཚོགས་རང་བྱུང་བྱུང་། རླུང་སྤྲིན་ཆུ་སྤྲིན་མཛེས་པའི་རླུང་གཤོག་ལ། སྒྲུབ་བོན་ཆང་བཟུང་མར་གྱི་རྔ་ཐག་བྱུང་”ཞེས་འཁོད་པ་དེས་རང་བྱུང་ཁམས་སུ་བྱུང་བའི་སྒྲ་འབྲུག་སྐད་ལས་བློ་སྒོ་ཕྱེ་སྟེ་རོལ་ཆ་རྔ་བྱུང་བའམ་གཡུ་འབྲུག་ཞེས་རྔའི་དོན་གཅིག་མིང་གི་རྣམ་གྲངས་དང་། དབྱར་རྔའམ་དབྱར་གྱི་རྔ་གསང་ཞེས་འབྲུག་སྐད་ཀྱི་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་པའི་མཐུན་ཕྱོགས་ཀྱི་འབྲེལ་བ་གང་རུང་ཞིག་ཡོད་པ་མཚོན་ཐུབ། །   
          དེ་བཞིན་བརྡུང་བའི་རོལ་ཆ་གཤང་གི་རྣམ་གྲངས་ལ། གཤང་ཁྲི་ལོ་གནམ་གྲགས་དང་། གསེར་གཤང་ཁོ་མ་དྲིལ་ཆེན་སོགས་ཡོད་པ་དང་། དེ་མིན་བརྡུང་བའིརོལ་ཆ་སིལ་སྙན་དང་ཅོང་སོགས་ཡོད་པ་དེ་དག་གི་བཟོ་རྒྱུར་གཞིགས་ན་སྐབས་དེར་ལྕགས་རྡོ་བཞུ་བ་དང་དེར་ལས་སྣོན་བྱེད་པའི་བཟོ་རྩལ་ངེས་གཏན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ། བོན་གྱི་རོལ་ཆ་གཤང་དང་སིལ་སྙན་གྱི་བྱུང་རབས་སུ“བསྐལ་པ་དེ་ཡི་འོག་རོལ་དུ། །བདུད་ལ་དབལ་ལེན་གོ་ཁོད་ཀྱིས། །འབྲུལ་རྟོག་ཞེ་སྡང་ཞི་བའི་ཕྱིར། །གསེར་གྱི་ཉི་མ་ཞལ་དུ་གསོལ། །ཞལ་རྒོད་ཙམ་གྱི་ཉི་མ་ཤོར། །ཕྱག་གི་བརྙབ་པས་ནུ་འབུར་ཟིན། །ནུབ་མ་ཆད་པས་དབལ་ཆེན་གྱིས། །ཕྱག་ཏུ་བླངས་པས་གསེར་གཤང་བྱུང་། །གསེར་ཞེས་ཉི་མ་བྱུང་བ་དང་། །  གཤང་ཞེས་ཐམས་ཅད་ཟིལ་གྱིས་གནོན།......དེ་ནས་གཤང་གི་ཆགས་ཚུལ་བཤད། ། བཀྲ་ཤིས་ལི་དཀར་གྲུབ་པ་ནི། ། ཡོད་ཁམས་དཀར་པོའི་ཆགས་ཚུལ་ཡིན”ཞེས་དང་། སིལ་སྙན་གྱི་བྱུང་རབས་ལ“སྔོན་གྱི་བསྐལ་པ་དང་པོ་ལ། །མ་ཅིག་ཆུ་ལྕམ་རྒྱལ་མོ་ཡིས། །འདོད་ཆགས་རྒྱ་མཚོ་སྐེམ་པའི་ཕྱིར། །གསེར་གྱི་སྤུ་གྲིས་བྲང་གི་ནུ་འབུར་བཅད། །ཕྱག་ཏུ་བཞེས་པས་སིལ་སྙན་བྱུང་། །སིལ་ཞེས་འཁོར་བའི་ཚ་གདུང་སེལ། །སྙན་ཞེས་བསླབ་གསུམ་བསྙན་སྒྲ་སྒྲོགས”ཞེས་སོགས་གཤང་དང་སིལ་སྙན་གྱི་བྱུང་ཚུལ་ནི་ལྷ་སྒྲུང་དུ་འཐད་ཀྱང་རོལ་ཆ་དེ་གཉིས་ཀྱི་གཟུགས་དབྱིབས་ནི་བུད་མེད་ཀྱི་ནུ་འབུར་འདྲ་ཚུལ་གསོན་ཉམས་ལྡན་ལ་རོལ་ཆའི་བཟོ་རྒྱུ་གང་ཡིན་པ་ཤུགས་ཀྱིས་བསྟན་ཡོད། གཞན་ཡང་སྐབས་དེའི་བརྡུང་བའི་རོལ་ཆའི་གྲས་ལ་ཅོང་ཆེན་དང་། དྷ་བུ་ར། གྷན་དྷེ། ཅག་པར་སོགས་ཡོད་པ་ལས་ཅོང་ལ་རྫ་ཅོང་དང་ཁྲོ་ཅོང་གཉིས་ཡོད་པར་གྲགས་ཤིང་། གྷན་དྷེའི་ བཟོ་རྒྱུ་ནི་ཤིང་ཡིན་པ་ཕུད། དྷ་བུ་ར་དང་ཅག་པར་ཞེས་པའི་རོལ་ཆ་དེ་གཉིས་ད་ལྟ་འདྲེན་བྱེད་ཀྱི་ཡུལ་དུ་མི་གྱུར་པས་རྟོགས་པར་དཀའ་ཡང་།“དྷ་བུ་ར་སྒྲོགས”“ཅག་པར་རྡེབས”ཤེས་སོགས་པའི་བྱེད་ཚིག་ལ་གཞིགས་ན་རོལ་ཆ་དེ་གཉིས་ནི་བརྡུང་བའི་རོལ་མོའི་གྲས་ཡིན་པར་གོར་མ་ཆག །   
          སྐབས་དེའི་འབུད་པའི་རོལ་མོའི་རྣམ་གྲངས་དུང་དཀར་ལ་དུང་འཕར་པོ་འཕར་ཆུང་ངམ། དུང་པོ་ཨང་གྲགས་དང་ཨུ་མ་སྒྲ་རྒྱལ་སོགས་ཡོད་པར་གྲགས་ཤིང་ཞང་ཞང་སྐད་དུ་རོལ་ཆ་དེར་ཨུན་ཞེས་བརྗོད་ཀྱི་ཡོད། རོལ་ཆ་དེ་ནི་རང་བྱུང་ཁམས་སུ་བྱུང་བའི་སྲོག་ཆགས་ཀྱི་ཉ་ཕྱིས་སམ་འགྲོན་བུའི་རིགས་ཤིག་ཡིན་ཞིང་། བོན་གྱི་རོལ་ཆའི་བྱུང་ རབས་ལ“བསྐལ་པ་སྔོན་རབས་ཀོང་རྩེ་རྒྱལ་གྱིས། །དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་བཞེངས། །བདུད་ཀྱི་བར་དོ་རྒྱ་མཆོའི་གཏིང་རུམ་ནས། །ཆུ་སྲིན་བསླང་སྟེ་གསས་ཁང་བཤིག་སེམས་ཙམ། །གཤེན་རབ་རྣམ་རྒྱལ་རང་གི་ཐུགས་ཕྱུང་ནས། །རྒྱ་མཆོའི་ནང་བླུགས་ཆུ་སྲིན་འདུལ་བའི་ཕྱིར། །དུང་དཀར་གཡས་འཁྱིལ་གཡོན་འཁྱིལ་གཉིས་བྱུང་བས། །ཆུ་སྲིན་རྒྱལ་བ་མྱུར་དུ་བསྒྲལ་བ་ཡི། །ཐྱ་ཕྱག་ཆ་དུང་གི་བསྟན་པ་དར། །དེ་ཡི་རྒྱུད་ལ་དུང་དར་གྲངས་མེད་བྱུང་། །སྟོང་གསུམ་འཇིག་རྟེན་དུང་གི་ཁྱབ་པར་འགྱུར། །བཀྲ་ཤིས་དུང་གི་ཆགས་ཚུལ་བསྟན་པ་ནི། །སངས་རྒྱས་ཐུགས་ལས་བྱོན་པའི་སྙིང་གི་དབྱིབས”ཞེས་འཁོད་པ་དེའི་ཆོས་ལུགས་དགོས་ཆེད་ཀྱི་རོལ་ཆའི་བྱུང་ཚུལ་རྣམས་དོར་ཏེ་བལྟས་ན། དེ་ཐོག་མར་རྒྱ་མཚོ་ལས་བླངས་ཏེ་བྱུང་བ་དང་གཟུགས་དབྱིབས་མིའི་སྙིང་འདྲ་བ་ཞིག་ཡིན་པ་དེ་རྟོགས་ཐུབ། །   
          འབུད་པའི་རོལ་ཆ་གླིང་བུའི་རྣམ་གྲངས་ལ་རྐང་གླིང་དང་། རུས་གླིང་། རྒོད་གླིང་། གཞུང་གླིང་། འདག་གླིང་། རྫ་གླིང་སོགས་ཡོད། བོན་གྱི་རོལ་མོའི་བྱུང་རབས་སུ“ཞང་ཞུང་དབལ་གྱི་བྱེ་བྲག་ཕུག་རོང་ཆེན་དུ། །དབལ་བོན་ཆེན་པོ་སྟག་ལ་མེ་འབར་གྱིས། །སྲིན་པོ་ཕོ་མོ་བསྒྲལ་བའི་བརླ་རྐང་ལ། །བསྟན་པའི་དགྲ་དཔུང་བཤིག་པའི་རྐང་གླིང་བཟོ”ཞེས་འཁོད་པ་དེས་རོལ་ཆ་དེ་ནི་མི་ཤི་བའི་རྐང་དུང་ལས་བཟོས་པ་ཤིག་ཡིན་པ་ཤེས་ཐུབ། །   
          རྒོད་གླིང་ནི་བོན་པོ་བ་རྣམས་ཀྱིས“བོན་ཉིད་ནམ་མཁའི་ཀློང་ནས་སྐྱེད་པའི་ལྷ། རྒོད་གསས་ཁམས་པ་ལ་ཕྱག་འཚལ་ལོ། བོན་ཉིད་རྣམ་མཁའི་ཀློང་ནས་སྐྱེད་པའི་ལྷ། རྒོད་བུ་འཕར་དྲག་ལ་ཕྱག་འཚལ་ལོ”ཞེས་ལྟར་ངོས་འཇིན་པའི་གླག་རྒོད་ཀྱི་གཤོག་རུས་ལས་བཟོས་པ་ཞིག་ཡིན། ནག་ཆུ་ས་ཁུལ་འོམ་བུ་ནི་སྔར་ནས་ད་བར་བོན་ཆོས་ལ་དད་པ་རྒྱུན་འཛིན་བྱེད་མཁན་གྱི་ས་གནས་ཤིག་ཡིན་འདུག་པ་དེའི་རོལ་མོ་བ་རྒན་གྲས་ཚོས་ཡུལ་དེའི་མདོ་བརྡ་མའི་རོལ་དབྱངས་ནི་སྔར་ཞང་ཞུང་རྒྱལ་རབས་སྐབས་ནས་མི་ཉམས་རྒྱུན་འཛིན་གྱིས་ད་བར་དར་ཡོད་ཅེས་གསུངས་པ་དང་། རོལ་དབྱངས་དེའི་ནང་འབུད་པའི་རོལ་ཆ་ནི་རྒོད་གླིང་ཡིན་པ་དེའི་ཐོག་ནས་ཀྱང་རོལ་ཆ་དེ་སྐབས་དེ་དུས་ནས་ལག་ལེན་ཡོད་པ་ཤུགས་ཀྱི་མཚོན་ཐུབ། གླག་རྒོད་ཀྱི་དུང་རུས་ལས་བཟོས་པའི་རྒོད་གླིང་ལ། དུང་རུས་ཀྱི་མགོ་མཇུག་གཉིས་སྦོམ་ཞིང་དཀྱིལ་གཞུང་ཕྲ་བ་མ་ཟད། དུང་རུས་ལ་ཕྲ་སྦོམ་རིང་ཐུང་སོགས་ཀྱི་ཁྱད་པར་བྱུང་བའི་དབང་གིས་རྒོད་གླིང་ཡང་བུ་ག་གསུམ་ལྡན་དང་བཞི་ལྡན། ལྔ་ལྡན། དྲུག་ལྡན་བཅས་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་རིགས་ཀྱི་སྒྲ་དབྱངས་ཀྱང་སྙན་པོ་ཡོད། །   
          གཞུང་གླིང་ནི་རྒྱུ་ཤིང་ལས་གྲུབ་ཅིང་རོལ་ཆ་དེའི་མགོ་སྦོམ་པ་དང་བར་མཇུག་རིམ་བཞིན་ཕྲ་བར་བྱུང་བ་ཞིག་ལ། མགོ་བོའི་ཕུ་འདེབས་པའི་བུ་ག་ཕུད་འཐེབ་ཀྱི་བུ་ག་ལྔ་ཡོད་པ་དང་གླིང་བུ་དེ་གཞུང་དུ་འཁྱེར་ནས་གཏོང་དགོས་སྟབས་མིང་ལའང་གཞུང་གླིང་ཞེས་བྱུང་བ་ཡིན། གོང་ཞུས་ལྟར་གནའ་དུས་ཞང་ཞུང་གི་གཤེན་རབ་མི་བོ་ཆེའི་དུས་སུ་རོལ་ཆར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། དེའི་ཁྲོད་སོར་དཀྲོལ་རོལ་ཆ་རྒྱུད་སྦྲེང་དང་། པི་ལྦང་།  ཏམ་བུ་ར་སོགས་ཡོད་པའི་སྐོར་ཡིག་ལམ་དུ་གསལ་ཞིང་། སོར་དཀྲོལ་རོལ་ཆ་ནི་ཐོག་མར་རི་དྭགས་རྔོན་སྐབས་མདའ་འཕེན་པའི་བརྒྱུད་རིམ་ནང་གཞུ་རྒྱུད་ཀྱི་སྒྲ་ལས་བློ་སྒོ་ཤར་ཏེ་བྱུང་བ་ཞིག་རེད། སྐབས་དེར་བྱུང་བའི་སོར་དཀྲོལ་རོལ་ཆ་རྒྱུད་སྦྲེང་ནི་ཞང་ཞུང་ཙམ་མ་ཟད། སྟག་གཟིག་དང་པར་སིག་སོགས་ལའང་དར་ཁྱབ་ཆེ་ཞིང་། ཁོ་ཚོས་རོལ་ཆ་དེར( HARP)ཧབ་ཅེས་བརྗོད་ཀྱི་ཡོད། རོལ་ཆ་དེའི་གཟུགས་དབྱིབས་ནི་གཞུ་གུག་གི་ཀློང་དུ་རྒྱུད་སྐུད་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་སྦྲེང་སྦྲེང་ཏུ་བཏགས་ཡོད་པས་རོལ་ཆའི་མིང་ལའང་རྒྱུད་སྦྲེང་ཞེས་བྱུང་བ་དང་། ཕྱིས་སུ་རྒྱུད་མངས་ཞེས་ཀྱང་བརྗོད། དེ་མིན་སོར་དཀྲོལ་རོལ་ཆ་པི་ལྦང་སྐོར་གླེང་ན་ལོ་རྒྱུས་ཐོག་པི་ལྦང་ཞེས་པ་དེར་གོ་དོན་མི་འདྲ་བ་གཉིས་བྱུང་སྟེ། སྔ་མ་པི་ལྦང་ཞེས་རྒྱུད་ལ་སེན་མཛུབ་བམ་སེན་ལྡེས་དཀྲོལ་བའི་སོར་དཀྲོལ་བའི་རོལ་ཆའི་གོ་དོན་ཡོད། དེ་ལྟར་བརྗོད་དགོས་དོན་ནི《འཆི་མེད་མཛོད་ཀྱི་འགྲེལ་པ》སྒྲ་མདོ་སེ་ཉིས་བརྒྱར“བི་ཎ་པི་ལྦང་”ཞེས་གསལ་བ་དེས་བི་ཎ་ནི་རྒྱ་གར་གྱི་རྒྱུད་མངས་སོར་དཀྲོལ་རོལ་ཆ་ཞིག་ཡིན་པ་དེ་དེང་སྐབས་ཀྱང་མཐོང་རྒྱུཡོད་པས་ཐོག་མར་པི་ལྦང་ཞེས་པ་ནི་སོར་དཀྲོལ་རོལ་ཆ་ཞིག་ཡིན་པ་རྟོགས་ཐུབ། ཕྱིས་སུ་པི་ལྦང་ཞེས་གཞུ་ལ་རྩིད་པའམ་རྟ་རྔ་བཏགས་ནས་རྒྱུད་དང་བརྡར་ཏེ་དཀྲོལ་བའི་གཞུ་འཐེན་རོལ་མོའི་ཐ་སྙད་དུ་གྱུར་ཡོད་པ་བཅས་ཆེད་ལས་དོན་གཉེར་མཁན་གྱིས་ཕྲ་རབས་ཀྱི་གོ་དོན་ལ་གཅིགས་ཆེན་བྱེད་པ་ལས། སྤྱིར་རྩོམ་རིག་སོགས་ལ་པི་ལྦང་ཞེས་རྒྱུད་ཅན་རོལ་ཆ་སྤྱིའི་གོ་དོན་ཡང་ལྡན་ཡོད། མདོར་ན་རང་ཅག་བོད་ཀྱི་གདོད་མའི་དུས་རབས་སུ་བྱུང་བའི་རོལ་ཆ་པི་ལྦང་ནི་ཏམ་བུ་ར་དང་འདྲ་བའི་སོར་དཀྲོལ་རོལ་ཆ་ཞིག་ཡིན་ངེས། དབྱི་ཏྭ་ལིའི་མཁས་དབང་ཏུའུ་ཆེས་ཀྱི《བོད་ཀྱི་གནའ་རྫས་རྟོག་ཞིབ》ཅེས་པའི་དེབ་ཐེར་དུ“གདོད་མའི་དུས་རབས་སུ་བྱུང་བའི་གནའ་རྫས་ཀྱི་རི་མོ་13ནི་རོལ་ཆ་ག་གེ་མོ་ཞིག་གི་རྩེ་ཏོག་གི་རྒྱན་ནམ་ཡུ་བ་ཞིག་རེད། དེའི་གཟུགས་དབྱིབས་ནི་ཕོ་ལུག་ཅིག་ཡིན་པ་དེ་རྒྱུན་སྲོལ་དང་མཐུན་པ་ཞིག་རེད”ཅེས་འཁོད་པ་དེའི་རི་མོའི་གཟུགས་དབྱིབས་ལ་ཁོ་བོས་བལྟས་པས་དེ་ནི་པི་ལྦང་ངམ་ཏམ་བུ་རའི་རྩེ་ཏོག་གི་རྒྱན་ལས་གཞན་མ་མཆིས་སྙམ། གང་ལགས་ཤེ་ན་དེའི་གཟུགས་དབྱིབས་ནི་ལུག་མགོའམ། ཁྱི་མགོ  རྟ་མགོ་སོགས་གང་ཡང་འདྲ་བས་བརྗོད་ཚོད་དཀའ་ཡང་། གང་ལྟར་སེམས་ཅན་གྱི་མགོ་བོ་ཞིག་ཡིན་པ་གསལ་པོ་འདུག རང་རེའི་སྒྲ་སྙན་རོལ་ཆའི་རྩེ་ཏོག་ལ་རྟ་མགོ་དང་། འབྲུག་མགོ ཁྱུང་མགོ་སོགས་བརྒྱན་སྲོལ་ཡོད་པར་གཞིགས་ན། གནའ་རྫས་དེ་པི་ལྦང་ངམ་ཏམ་བུ་རའི་རོལ་ཆའི་རྒྱན་ཞིག་ཡིན་པ་ཤེས་ཐུབ་ལ། སྐབས་དེར་སོར་དཀྲོལ་རོལ་ཆ་དེའི་རིགས་བྱུང་ཡོད་པའང་གནའ་རྫས་དེ་ལས་གསལ་བཤད་བྱེད་ཐུབ། བོན་གྱི་དཔེ་རྙིང་དུ་འཁོད་དུ་འཁོད་སྟབས་ད་ལྟ་གོ་ཐོས་ཙམ་བྱུང་བའི་སྐབས་དེའི་རོལ་ཆ“སྒོང་བསྒྱུར”ཞེས་པ་དེ་ཡང་སྙིང་རོལ་ཆ་གང་ཡིན་སྐོར་ཡིག་གེའི་དོན་ཙམ་ལ་གཞིགས་ནས་ཞིབ་འཇུག་བྱ་རྒྱུ་ལས་ཐབས་གཞན་མེད་པས་ཁོ་བོས་བསམས་ན་རང་རེའི་བོད་ཀྱི་གདོད་མའི་དུས་རབས་སུ་བྱུང་བའི་རོལ་ཆ་རྫ་གླིང་དང་འདག་གླིང་ལ་སྒོང་གཟུགས་དང་བྱིའུ་གཟུགས་གཉིས་ཡོད་པ་དང་། རོལ་ཆའི་མིང་ནི་དེའི་གཟུགས་དབྱིབས་ལ་གཞིགས་ནས་བྱུང་བའམ་དེའི་བཟོ་རྒྱུར་གཞིགས་ནས་བྱུང་བ་སོགས་ཀྱི་ཁྱད་པར་ཡོད་སྟབས། འདག་པ་ཚི་ཅན་གྱིས་བཟོས་པའི་རོལ་ཆ་དེར་དེའི་བཟོ་རྒྱུར་གཞིགས་ཏེ་འདག་གླེང་ཞེས་པ་དང་། རྫ་མཁན་གྱི་མེར་བསྲེགས་ཏེ་རྫ་བཏང་བའི་རོལ་ཆ་དེར་རྫ་གླིང་ཞེས་བྱུང་བ་ལྟར། “སྒོང་བསྒྱུར”ཞེས་དེའི་གཟུགས་དབྱིབས་བྱ་སྒོང་འདྲ་བར་གཞིགས་ནས་ཐོབ་པའི་འབུད་པའི་རོལ་ཆ་རྫ་གླིང་གི་དོན་གཅིག་མིང་གི་རྣམ་གྲངས་མིན་ནམ་སྙམ། གཞན་ཡང་རྒྱའི་གནའ་བོའི་ཚད་ལྡན་ཡིག་ཆའི་ནང་རོལ་ཆ་རྡོ་ཏིང་གི་སྐོར་འཁོད་པ་མིང་ཞིང་། བསྐལ་པ་ཡ་ཐོག་གི་དུས་སུ་རྡོ་ཏིང་གི་མིང་ལ(石)རྡོ་དང་ཡང་ན(鸣球)ཞེས་སྒོང་བསྒྱུར་དང་དོན་མཚུངས་པ་དང་། 《尚书》ཧྲང་ཧྲུའུ་ཞེས་པའི་ནང་དུ་ཡང་(戛击鸣球)སྒོང་བསྒྱུར་བརྡུང་ཞེས་པ་ལྟ་བུའི་དོན་བྱུང་ཡོད་པ་དེ་རྣམས་ལ་དཔྱད་གཞི་བྱས་ན། རང་རེའི་རྡོ་ཏིང་རོལ་ཆར་ཡང་གནའ་བོ་སྒོང་བསྒྱུར་ཞེས་བརྗོད་པའི་བརྡ་རྙིང་པ་ཞིག་མིན་ནམ་སྙམ། དེ་མིན་སྐབས་དེར་རོལ་ཆ་བིང་ཆེན་དང་ཅིང་ཆེན་སོགས་ཡོད་པའི་སྐོར་བོན་གྱི་དཔེ་ཆར་འཁོད་ཡོད་ཀྱང་ད་ཆ་ལོ་དུས་ཀྱི་བསྐྱལ་ཏེ་མིང་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་དཀའ་བ་དང་། གོང་ཞུས་རོལ་ཆ་གྷན་དྷེ་དང་སིལ་སྙན་སོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་རོལ་དབྱངས་ནང་དུའང་ཕྱག་བཞེས་སུ་ཡོད་པ་མ་ཟད། གྷན་དྷེ་ཞེས་རོལ་ཆའི་མིང་ནི་ལེགས་སྦྱར་སྐད་རང་སོར་བཞག་པར་གྲགས། ལྷག་པར་དུ་དང་སིལ་སྙན་སོགས་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་མཛེས་དཔྱོད་ལྟ་བའི་ཐོག་ནས་དེའི་འབྱུང་ཁུངས་རེ་དྲངས་རྒྱུ་ཡོད་སྟབས། རོལ་ཆ་དེ་གཉིས་ཡང་སྙིང་སྐབས་གང་འདྲ་ཞིག་ཏུ་བྱུངཡོད་མེད་ཚིག་ཐག་བཅད་དེ་བརྗོད་པར་དཀའ་བ་དང་ཐེ་ཚོམ་ཆེ་བས། གཟུར་གནས་མཁས་དབང་རྣམས་ཀྱིས་ཁོ་བོའི་སོམ་ཉི་ཟློག་པའི་སླད་རྩ་ཆེའི་བཀའ་སློབ་དགོངས་འཆར་ཡོད་པ་མཁྱེན། ། 
(《བོད་ལྗོངས་སློབ་ཆེན་རིག་དེབ་》1998ལོའི་དུས་དེབ་གཉིས་པའི་ཐོག་འཁོད།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1