གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་འཁྲབ་ཡོན་མཐོ་བ་དང་ཁྲལ་གཡོལ་ཁྲལ་ཆད་སོགས་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-02



     ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་གློག་བརྙན་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག་《བརྡ་ཐོ་》པར་འགྲེམས་བྱས་ནས་གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་འཁྲབ་ཡོན་མཐོ་བ་དང་། ཁྲལ་གཡོལ་ཁྲལ་ཆད་སོགས་ཀྱི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ལུགས་དང་མི་མཐུན་པའི་འཁྲབ་ཡོན་ལ་ཚོད་འཛིན་དང་ཁྲིམས་ལྟར་ཁྲལ་འཇལ་རྒྱུར་སྐུལ་འདེད་བཏང་ནས་གློག་བརྙན་དང་བརྙན་འཕྲིན་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     《བརྡ་ཐོའི་》ནང་། ཉེ་བའི་ལོའི་ནང་རང་རྒྱལ་གྱི་གློག་བརྙན་དང་བརྙན་འཕྲིན་ལས་རིགས་གོང་འཕེལ་མྱུར་པོ་ཕྱིན་ནས་སྤྱིའི་ཆར་རྣམ་པ་བཟང་པོ་མངོན་པ་དང་ཆབས་ཅིག་འཁྲབ་ཡོན་མཐོ་བ་དང་། ཁྲལ་གཡོལ་ཁྲལ་ཆད་སོགས་ཀྱི་གནད་དོན་ཡང་ལྷགས་ཡོད། གནད་དོན་དེ་དག་གིས་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་གྱི་མ་གནས་མཐོ་རུ་ཕྱིན་པ་དང་། གློག་བརྙན་དང་བརྙན་འཕྲིན་གྱི་གསར་གཏོད་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བ། གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་སྐྱོན་བྲལ་ཁོར་ཡུག་གཏོར་བཤིག་བཏང་བ་མ་ཟད། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་ཀྱི་འཕེལ་ཕྱོགས་སུ་གྱུར་བ་དང་། གཞོན་ནུ་ལོ་ཆུང་མུན་འཐོམས་ངང་གྲགས་ཅན་མི་སྣའི་རྗེས་སྙེག་པར་ལོག་ལམ་དུ་ཁྲིད་པ། སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་ལོག་པ་བཅས་ཀྱི་སྣང་ཚུལ་ངན་པ་ཐོན་བཞིན་ཡོད་པས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་བཅོས་སྒྲིག་བྱེད་དགོས་ཞེས་བསྟན་ཡོད།
     《བརྡ་ཐོའི་》ནང་། གློག་བརྙན་དང་བརྙན་འཕྲིན་ལེ་ཚན་གྱི་འཁྲབ་ཡོན་ལག་བསྟར་ཚད་གཞི་བཟོས་ཏེ་འཁྲབ་སྟོན་པ་དང་ལེ་ཚན་སྐུ་མགྲོན་གྱི་འཁྲབ་ཡོན་ཚད་གཞི་མཐོ་ཤོས་ཁ་གསལ་བཟོ་དགོས། ད་ལྟ་དོན་འཁྱོལ་ནན་པོ་བྱས་པའི་ནང་། གློག་བརྙན་དང་། བརྙན་འཕྲིན་འཁྲབ་ཚན། དྲ་རྒྱའི་ལྟ་ཉན་ལེ་ཚན་བཅས་ཀྱི་འཁྲབ་སྟོན་པ་དང་སྐུ་མགྲོན་གྱི་སྤྱིའི་འཁྲབ་ཡོན་དེ་གློག་བརྙན་མ་གནས་ཀྱི་40%ལས་བརྒལ་མི་རུང་བ་དང་འཁྲབ་མི་གཙོ་བོའི་འཁྲབ་ཡོན་སྤྱིའི་འཁྲབ་ཡོན་གྱི་70%ལས་བརྒལ་མི་རུང་བའི་གཏན་འབེབས་བྱས་ཡོད། གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གློག་བརྙན་དང་བརྙན་འཕྲིན་གྱི་གྲགས་ཅན་མི་སྣ་ཕྱོགས་བསྡུས་སྒྱུ་རྩལ་རོལ་རྩེད་ལེ་ཚན་དང་། གཉེན་ཉེའི་རིགས་ཀྱི་ལེ་ཚན། རྩལ་སྟོན་ལེ་ཚན་སོགས་ལ་ཞུགས་སྐབས་ཚོད་འཛིན་ནན་པོ་བྱེད་པ་དང་། དྲ་རྒྱའི་ལྟ་ཉན་ལེ་ཚན་གྱི་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དང་དྲ་རྒྱའི་ལྟ་ཉན་ལེ་ཚན་གྱི་འཁྲབ་ཡོན་གན་རྒྱའི་དོ་དམ་ཚད་ལྡན་དུ་བཏང་ནས་ཁྲལ་གཡོལ་ཁྲལ་ཆད་ཀྱི་བྱེད་སྤྱོད་ལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྙན་འཕྲིན་ལས་ཁུངས་དང་། གློག་བརྙན་དང་བརྙན་འཕྲིན་རྩོམ་བཟོ་སྒྲིག་གཞི། གློག་བརྙན་ཁང་། དྲ་སྦྲེལ་གྱི་ལྟ་ཉན་དྲ་ཚིགས། དམངས་གཉེར་གྱི་གློག་བརྙན་དང་བརྙན་འཕྲིན་འགྲེམས་སྤེལ་ཀུང་སི་བཅས་ཀྱིས་འགྲན་རྩོད་ངན་པ་དང་རིན་གོང་སྤར་ནས་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་ཉོ་མི་རུང་ལ། རིན་གོང་མཐོ་པོས་གྲགས་ཅན་མི་སྣ་གདན་ཞུ་དང་འགྲན་རྩོད་ཀྱི་སྣང་ཚུལ་ངན་པ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྲིད་གཞུང་གི་མ་དངུལ་དང་ཁྲལ་རིགས་རྩ་ཆག་བཏང་བའི་སྤྱི་ཕན་ཐེབས་རྩ་སོགས་མ་འཇོག་རོལ་རྩེད་རང་བཞིན་དང་ཚོང་ལས་རང་བཞིན་ཆེ་བའི་གློག་བརྙན་དང་། བརྙན་འཕྲིན་འཁྲབ་ཚན། དྲ་རྒྱའི་ལྟ་ཉན་ལེ་ཚན་བཅས་ལ་མ་དངུལ་གཏོང་མི་རུང་ལ། འཁྲབ་ཡོན་མཐོ་དྲགས་པ་སྤོར་རོགས་བྱེད་མི་རུང་བའི་ནན་བཤད་བྱས་ཡོད།
     《བརྡ་ཐོའི་》ནང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤ་སེ་འཚོང་ཚད་དང་། བརྙན་འཕྲིན་ལྟ་ཚད། དྲ་རྒྱའི་ནང་འཛུལ་ཚད་བཅས་ཁོ་ནར་སྣང་ཆེན་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་རིགས་མཐུན་ཚོགས་རྩ་འཛུགས་ཀྱི་དོ་དམ་ནུས་པར་ཤུགས་སྣོན་རྒྱག་པ། བར་གཉེར་ཀུང་སི་དང་བར་གཉེར་བའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་ཞུགས་མི་སྣའི་སློབ་གསོ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་ཁྲིད་སྟོན་དང་གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་རོལ་རྩེད་གསར་འགྱུར་འཕྲིན་སྤེལ་གྱི་བསྡོམས་འབོར་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་གློག་བརྙན་དང་བརྙན་འཕྲིན་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་ཆེད། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1