གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༢ཉིན།

༄༅།། སྤྱོད་ལམ་དང་ཁྲིམས་ལུགས།

        ཉེ་སྔོན་ང་ཚོས་བསྙད་བརྐོ་ཟིང་སློང་གི་གྱོད་གཞི་ཞིག་ཞིབ་འདྲི་བྱས་པ་ཡིན། གྱོད་གཞི་འབྱུང་རྐྱེན་ནི་འདི་འདྲ་སྟེ། གྱོད་ཡས་སྔོན་ཆད་ཉེས་པ་ཞིག་བསགས་རྐྱེན་ཁྲིམས་ལ་ཚུད་མྱོང་ལ། གྱོད་ཡས་བཤད་ཚུལ་ལྟར་ན་ཁོ་རང་དེ་དུས་ཁྲིམས་ལ་སྦྱོར་པ་པོ་ནི་གནོད་འཚེ་ཕོག་མི་ཡིན་ཞིང་ཁོས་ཁྲིམས་བསྟར་ལས་ཁུངས་ལ་ནག་ཉེས་ཐེར་འདོན་བྱས་པའི་རྐྱེན་གྱིས་ཡིན་ནོ་ཞེས་འཁོན་སེམས་བཅངས་ཏེ་གནོད་འཚེ་ཕོག་མི་མཐོང་འཕྲལ་ང་རང་བཙོན་དུ་འཇུག་མཁན་ནི་ཁྱོད་ཉིད་ཡིན་པས་འུ་གཉིས་ལ་བར་ལ་བཤད་རྒྱུ་ཞིག་ཡོད། ཁྱོད་ཀྱིས་ང་ལ་བཤགས་པ་མ་བྱས་ཚེ་ངས་ཁྱོད་རང་དགར་མི་གཏོང་ཞེས་མངོན་ལྐོག་གང་རུང་ནས་སྐྲག་སློང་བ་དང་ལམ་ནས་བཀག་སྟེ་སྐེ་རྒྱན་བཙན་གྱིས་ལེན་པ་སོགས་ཀྱི་བརྙད་བརྐོས་མཐར་ཡང་བསྐྱར་ཁྲིམས་འོག་ཏུ་ཚུད་པ་རེད། ཁྲིམས་དཔོན་ཞིག་ཡིན་པའི་ཆ་ནས་གྱོད་གཞི་ཞིག་ཞིབ་གཅོད་བྱས་ཏེ་མཇུག་སྒྲིལ་རྗེས་རེ་ཞིག་ལ་འགན་ཁུར་ཕོག་སོང་ལྟ་བུའི་བདེ་བ་ཞིག་རེག་ཐུབ་མོད། ཐེངས་འདིའི་གྱོད་གཞི་ཡིས་ཁྲིམས་ལག་ཏུ་བསྟར་བའི་ཁྲིམས་དཔོན་ང་ལ་འགན་ཁུར་སྔར་བཞིན་མ་འགྲུབ་པའི་སེམས་འཁྲིགས་རྒྱུ་ཞིག་དང་། བོད་ཡུལ་ན་བཏང་སྙོམས་སུ་གཏོང་བར་མི་རིགས་པའི་གནད་དོན་གང་མང་ཞིག་གདའ་འོ་ཞེས་འདང་རྒྱག་གི་ཀློང་དུ་ཚུད་པར་བྱས།
        ཁྲིམས་ལ་གོ་བ་ཅུང་ཟད་ཅིག་ཡོད་པ་ཞིག་ཡིན་ཚེ། ངས་གླེང་བའི་གྱོད་གཞི་འདི་འདྲ་རྣ་སྒོར་འཛུལ་མ་ཐག་ཧ་ལས་རྒྱུ་ཞིག་དང་། དགོད་རྒྱུ་འགོག་མེད་ཅིག་འོང་ངེས་ཏེ། ཅི་ལ་ཞེ་ན། སྤྱི་དམངས་རེ་རེར་ནག་ཉེས་འབྱིན་པའམ་ཐེར་འདོན་བྱེད་པའི་འགན་ཁུར་ཡོད་ཅེས་པ་ཁྲིམས་སུ་གསལ་པོར་བཀོད་ཡོད་ལ། དེ་ལྟར་འགོད་དོན་ནི་ཁྲིམས་གཏན་ལ་ཕབ་མཁན་ཚོས་ནག་པོ་ལས་ཀྱི་སྦྱོར་བ་ལག་ཏུ་བསྟར་མཁན་དུས་ཐོག་ཏུ་ཁྲིམས་ལ་སྦྱོར་བའི་ཆེད་དུ་དགོངས་པ་ཡིན་པ་སྨྲ་མ་དགོས་ཏེ། ཐེར་འདོན་པ་ལ་བྱ་དགའ་བསྩལ་བའང་བསྔགས་བརྗོད་དང་གཟེངས་སུ་བསྟོད་ནས་ཀུན་ལ་བསྒྲགས་པ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པ་མ་ཟད། ཀུན་གྱིས་ཡི་རང་དང་དེ་ལ་སློབ་འོས་ཤིང་འཇུག་དགོས་པ་བསྟན་པ་ཡིན་མོད། ཡིན་ན་ཡང་ཁྲིམས་ལུགས་ཤེས་རྟོགས་ཡོངས་ཁྱབ་ཀྱིས་དམའ་བའི་བོད་ཀྱི་ཡུལ་གྲུ་ཁ་ཤས་སུ་དེ་ལྟར་མ་ཡིན་ཏེ། བསྙད་བརྐོ་ཟིང་སློང་གྱོད་གཞི་འདིའི་གྱོད་ཡས་རང་གི་ཉེས་པ་གཞན་གྱིས་ཐེར་འདོན་བྱས་པ་ནི་མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་པ་ལྟ་བུའི་མ་རུང་བ་ཞིག་ཏུ་བསྒོམས་པས་མཚོན་ལ།ད་དུང་གནས་ལུགས་ཡོད་འདོག་གིས་བཤགས་པ་བྱེད་དགོས་ཚུལ་སྟོན་པ་འདིས་གྱོད་གཞི་བྱུང་སའི་ས་ཆ་དེའི་ཁྲིམས་དར་ཚུལ་ཇི་ལྟ་བུ་ཞིག་ཡིན་པ་ང་ཚོས་གསལ་པོར་མཐོང་ཐུབ། དངོས་གནས་ད་ལྟའི་ཆ་ལ། བོད་ཀྱི་ཡུལ་གྲུ་ཁ་ཤས་སུ་ཁྲིམས་མགོ་སྲོལ་ངན་གྱི་རྐང་འོག་ཏུ་ཤོར་ཞིང་། སྲོལ་ངན་གྱི་མགོ་བོ་བར་སྣང་དུ་འཕགས་པས་སྐབས་རེ་རེ། ཁྲིམས་ནི་ཤོག་བུར་བཀོད་པའི་ཡིག་ཚོགས་འབའ་ཞིག་ལས་དོན་གྱིས་བག་ལ་ཞ་སོང་ཞེས་བརྗོད་ནའང་མི་ཐལ་ཏེ། གྱོད་གཞི་དུ་མ་ཞིག་ཁྲིམས་འཛིན་ལས་ཁུངས་སུ་མ་ཞུས་པར་སྒེར་གྱིས་ཐག་གཅོད་རྐྱང་རྐྱང་བྱེད་བཞིན་ཡོད་པས། བཤགས་པ་ཞེས་པའི་ཡིག་འབྲུ་འདི་གཉིས་རྒྱུན་དུ་རྣ་ཐོས་སུ་འབྱུང་བཞིན་འདུག
        བཤགས་པ་བྱེད་ཚུལ་འདི་ཡང་བོད་ལ་མ་དར་བ་ཞིག་ག་ལ་ཡིན་ཏེ་མིན་ཏེ། སྲོང་བཙན་སྒམ་པོའི་རིང་ནས་བཙུགས་པ་ཞིག་ཡིན་པ་གནའ་བོའི་ཁོས་སུམ་ཅུ་སོ་དྲུག་གི་ནང་འདུས་ཁྲིམས་ཆེན་བདུན་ལ་བལྟས་ན་ངེས་ཐུབ་ལ། བཤགས་པ་དེ་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བྱེ་བྲག་གི་ཁྲིམས་ལ་བསྟུན་ཤེས་མཐུན་ཤེས་བྱ་ཚེ། ཡིག་ཐོག་གི་དོན་ཚན་དང་ཚན་པ་ཁོ་ན་གཞིར་འཛིན་པ་ལས་ལྷག་པའི་ཕན་ནུས་མི་དམན་པ་ཞིག་ལེན་ཐུབ་པ་གྱོད་གཞི་བསྒྲུབས་པའི་དོན་དངོས་ཀྱིས་ར་སྤྲད་ཡོད་མོད། ཡིན་ན་ཡང་ཁྲིམས་རྡོག་པས་བརྫིས་པའི་བཤགས་པ་བྱེད་ཚུལ་ཡན་གར་བ་ཞིག་ནད་ཡམས་བཞིན་གང་སར་ཁྱབ་ཅིང་བོད་པ་ཚོའི་བསམ་བློ་རུ་འབྱམས་འདུག ཕལ་ཆེར་ཁྱོད་ཀྱིས་ཀྱང་གོ་ཡོད་པ་ནི། དང་པོ་ཁ་མཐུན་ཞེ་མཐུན་གྱི་ཕོ་མོ་གཉིས་སྐབས་ཤིག་ལ་སྣང་བ་མ་མཐུན་པར་རང་སར་གྱེས་རྗེས། ནམ་ཞིག་མོ་དེས་མོ་ཤ་ཟེར་བ་ལ་སྒོར་འདི་འདྲ་ཞིག་འཇལ་དགོས་ཏེ། མ་སྐྱིན་ཚེ་དམག་འདྲེན་རྒྱུ་ཞེས་འཇིགས་འཇིགས་རྔམ་རྔམ་བྱས་ཤིང་། མོ་ཕྱོགས་ཀྱི་མི་རྒྱུད་རྩ་ལག་དང་དཔུང་ཤེད་ཇི་ལྟར་ཆེ་ན་སྒོར་མོ་དེ་ལྟར་དུ་ལོན་ཟེར། རྟ་འདེད་ཟོག་རྐུ་སུ་ཡིན་རྩད་ཆོད་ཅིང་ར་མདའ་རྗེས་ཆོད་བྱུང་ན། རྐུན་མས་རྒྱུ་བདག་ལ་བརྐུས་གླ་དགོས་ཞེས་ས་ཡི་རིལ་མོ་འདིའི་ཐོག་ན་གོ་རྒྱུ་མེད་པ་ཞིག་སྒང་པ་བོད་ཀྱི་ས་ཆ་འགའ་ཞིག་ན་སྲོལ་དུ་ཆགས་ཡོད། འདི་དང་འདི་ལྟ་བུ་མ་བྱིན་བཙན་གྱིས་ལེན་པའི་འཛེམ་མེད་ཁྲེལ་མེད་ཀྱི་བྱ་སྤྱོད་འདི་དག་གཞན་རིགས་ཀྱིས་གླེང་ན་མགོ་གནམ་དུ་འགྱོག་དཀའ་མོད། གོས་གོང་བ་ཅན་དང་ལག་ཕྲེང་བ་ཅན་གྱི་གངས་ཅན་པ་སྐོར་ཞིག་གིས་སྲོལ་ངན་འདི་རིགས་དུག་ཏུ་མི་མཐོང་བ་མ་ཟད། ད་དུང་དུག་གི་སྡོང་པོ་འདིའི་ཡལ་འདབ་གང་དགར་རྐྱོང་བར་བྱས། དུག་གི་ལྗོན་པ་འདིའི་རྩ་བ་ཚུགས་ས་ཁྲིམས་རྨོངས་ཡིག་རྨོངས་དག་ཤ་སྟག་རང་ཡིན་པ་སྨྲོས་མ་དགོས་མོད། ལས་འཁྱུར་རམ་ལས་བྱེད་དང་དབང་ཐང་ཆེ་བའི་མི་རྒན་བསམ་ཤེས་ཚོ་རྒྱབ་ནས་ལངས་ཏེ་བློ་ཁྲིད་ཅིང་། དུག་སྡོང་གི་རྩ་ལ་ཆུ་འདྲེན་པའི་གཏེ་བོ་དེ་ཡིན་ན་ཡིད་མི་མུག་གམ། ཇི་སྲིད་དུ་ཁྲིམས་ཀྱིས་མ་སྐྱོང་ན་དེ་སྲིད་དྲང་གཞག་ཟེར་བ་ཞིག་གླེང་ཐབས་མེད་དེ། ཚུལ་མཐུན་ལུགས་མཐུན་གྱི་སྤྱོད་ལམ་ཞིག་ལྡན་པར་ཁྲིམས་ནི་མེད་མི་རུང་བས། ཁྲིམས་ལ་མ་བརྟེན་ཚེ་སྒོ་ཀུན་ནས་འཕེལ་རྒྱས་ཟེར་བ་སྟོང་བསམ་ཡིན་ལ། དཔལ་ཡོན་ཟེར་བ་ཡང་འབྲས་མེད་སྟོང་གཏམ་ཉིད་དུ་ཟད་དོ་སྙམ།
        དེ་ན་ང་ཚོས་ཁྲིམས་བསླབ་ཅིང་ཁྲིམས་ལ་བརྟེན་ཏེ་བཤགས་པ་ལ་བསྙད་དེ་མ་བྱིན་ལེན་སོགས་ཀྱི་སྲོལ་ངན་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། ཁྲིམས་མིག་འབྲས་སུ་སྲུང་བའི་གནའ་སྲོལ་བཟང་པོ་སྐྱོང་ཅི་ཐུབ་ཀྱིས་ཆོས་ལྡན་བོད་ཡུལ་འབོད་པ་མིང་དོན་མཐུན་པའི་ཀུན་སྨོན་གྱི་ཞིང་དུ་འགྱུར་བར་འབད་དགོས་སྙམ་མོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1