༄༅།། ཆང་རག་བཏུང་ནས་འཁོར་རིགས་གཏོང་བའི་ཉེས་པ་མཉམ་གསོག་ཅན།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-03


        ༢༠༡༡ལོར་འཁོར་རིགས་ཉེན་གཏོང་གི་ནག་ཉེས་ཉིད་ཉེས་ཁྲིམས་སུ་བཅུགས་ཚུན། རྒྱལ་ཁབ་ཀྱིས་ཆང་རག་བཏུང་ནས་འཁོར་རིགས་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་བསྟན་ཡོད། ཆང་རག་བཏུང་ན་འཁོར་རིགས་མི་གཏོང་བ་དང་། འཁོར་རིགས་བཏང་ན་ཆང་རག་མི་འཐུང་བ་ནི་སྤྱི་ཚོགས་ཐུན་མོང་གི་རྒྱུན་ཤེས་ལྟ་བུར་ཆགས་ཡོད།
        ཉེ་དུས་སུ་སུའུ་ཀྲུའུ་གྲོང་ཁྱེར་ཧོས་ཆྰོས་ཆུས་ཁྲིམས་ཁང་ནས་འཁོར་རིགས་ཉེན་གཏོང་ཉེས་བསགས་ཀྱི་གྱོད་གཞི་ཞིག་འདྲི་རྩད་བྱས་ཤིང་། གྱོད་དོན་འདི་པའི་དམིགས་བསལ་ཁྱད་ཆོས་ཤིག་ནི་ཆང་རག་བཏུང་པའི་ཁ་ལོ་བ་ཅང་ཅི་ཅིག་ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ་བཙན་ཉར་ལས་སྐུལ་ཟླ་བ་གཅིག་དང་དངུལ་ཆད་སྒོར་ཉིས་སྟོང་ཆབས་སྦྲགས་སུ་བཅད་པ་མ་ཟད། རླངས་འཁོར་དེའི་ནང་མཉམ་དུ་ཡོད་པའི་གྱོད་ཡ་ཀྲང་མི་མིག་ཀྱང་འཁོར་རིགས་ཉེན་གཏོང་གི་ཉེས་པ་བསགས་པའི་མིང་ཐོག་ནས་བཙན་ཉར་ལས་སྐུལ་ཟླ་བ་གཅིག་དང་དངུལ་ཆད་སྒོར་ཉིས་སྟོང་ཆབས་སྦྲགས་སུ་བཅད་ཡོད་པ་རེད།
        གྱོད་ཡ་ཅང་ཅི་ཅིག་ནི་KTVཞིག་གི་ལས་མི་ཡིན་པ་དང་། གྱོད་ཡ་གཞན་ཞིག་སྟེ་ཀྲང་མི་མིག་ནི་རྒྱུན་དུ་འདུ་ལོང་འཁྲུག་ཆ་ལ་དགའ་བས་སྐབས་འགར་གྲོགས་ཚོགས་དང་ལྷན་དུ་KTVནང་ཟས་ཟ་བ་དང་གཞས་གཏོང་བར་ཕེབས་ཀྱི་ཡོད། ན་ནིང་ཟླ་བ་༡༡ཚེས་༡༩མཚན་མོར་ཀྲང་མི་མིག་དང་གྲོགས་པོ་བཅས་དགོང་ཟས་མཆོད་སྐབས་བཞེས་རག་མང་ཙམ་མཆོད་ཡོད་ཀྱང་། ཁོང་གིས་སྣང་དོགས་མེད་པར་རླངས་འཁོར་བཏང་ནས་གྲོགས་པོ་དང་ལྷན་དུ་ཅང་ཅི་ཅིག་ཡོད་སའི་KTVདུ་བསླེབས་ཏེ་མུ་མཐུད་རྩེད་དགར་རོལ། ཁོང་གཉིས་སྤྲོ་བཞིན་ཐོ་རེངས་བར་དུ་བཞེས་རག་མཆོད་ནས་བསྡད།
        སྐབས་དེར་ཀྲང་མི་མིག་གིས་རང་ཉིད་ར་བཟི་བར་བཤད་ཀྱང་ཅང་ཅི་ཅིག་གིས་ངས་རླངས་འཁོར་གཏོང་ནས་ཁྱེད་ཚོ་བསྐྱེལ་དགོས་ཞེས་ལབ། ཀྲང་མི་མིག་གིས་རང་གི་རླངས་འཁོར་ལྡེ་མིག་ཁོ་མོར་སྤྲད་དེ་ཅང་ཅི་ཅིག་གིས་རླངས་འཁོར་དེར་ཀྲང་མི་མིག་སོགས་བླུགས་ནས་KTVལས་ཐོན། ཁོང་གཉིས་ཀྱི་སྟབས་ལེགས་ཀྱི་འདོད་ཚུལ་བཅངས་ནས་ལམ་ཐོག་ཏུ་ཆས། དེ་ནས་ཅུང་མ་འགོར་བར་རླངས་འཁོར་དེས་གཞུང་ལམ་དཀྱིལ་གྱི་སྲུང་རྭ་ལ་རྡུང་ག་ཤོར་སྟབས་འཕྲལ་དུ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད་དོ་དམ་བྱས།
        དཔྱད་སྡོམ་བྱས་པ་བརྒྱུད། ཅང་ཅི་ཅིག་གི་ཁྲག་ནང་གི་ཆང་བཅུད་གར་ཚད་ཧོའོ་ཧྲིང་བརྒྱ་རེར་ཧོའོ་ཁེ་༢༠༦ཟིན་ཡོད་པས་ཆང་རག་བཏུང་ནས་འཁོར་རིགས་གཏོང་བའི་ཉེས་བསགས་སུ་གྲུབ་ཡོད། བྱུར་རྐྱེན་དབང་གིས་སྲུང་རྭ་གཏོར་བའི་གྱོང་གུན་སྒོར་༢༡༠༠ཟིན་ཡོད། གྱོད་གཞི་རྩད་ཞིབ་བྱ་རིང་། གྱོད་ཡ་ཅང་ཅི་ཅིག་དང་ཀྲང་མི་མིག་གཉིས་ཀྱིས་ཉེས་བསགས་ཀྱི་དོན་དངོས་རྣམས་ཁྲིམས་རྭའི་ནང་དུ་བདེན་པ་བདེན་ཐོབ་ངོས་ལེན་ཞུས་ཡོད་པ་རེད། ཁྲིམས་ཁང་གིས་ངོས་འཛིན་བྱས་གསལ། གྱོད་ཡ་ཀྲང་མི་མིག་ནས་གྱོད་ཡ་ཅང་ཅི་ཅིག་གིས་བཞེས་རག་མང་པོ་བཏུང་ཡོད་པ་ཤེས་བཞིན་དུ་རང་གི་རླངས་འཁོར་ལྡེ་མིག་སྤྲད་དེ་ལམ་ཐོག་ཏུ་གཏོང་བཅུཊ་ཡོད་སྟབས། ཅང་ཅི་ཅིག་དང་ཀྲང་མི་མིག་གཉིས་ཀའི་བྱ་སྤྱོད་ནི་ཆང་རག་བཏུང་ནས་འཁོར་རིགས་གཏོང་བའི་ཉེས་པ་བསགས་པར་གྲུབ་ཡོད། ཉེས་ཁྲིམས་ནང་གི་ཉེས་པ་མཉམ་གསོག་གི་རིགས་ལམ་ལྟར་ན། མི་གཞན་གྱིས་ཉེས་པ་གསོག་པ་ཤེས་བཞིན་པའི་གནས་ཚུལ་འོག་ཏུ་ཡོ་ཆས་འདོན་སྤྲོད་བྱེད་པའི་བྱ་སྤྱོད་ནི་ཉེས་གསོག་ལ་རོགས་རམ་བྱས་པར་གཏོགས་པས་ཉེས་པ་མཉམ་གསོག་ཏུ་གྲུབ་ཡོད།
        ཁྲིམས་འཛིན་གྱི་ལག་ལེན་ནང་དུ་འཁོར་རིགས་ཉེན་གཏོང་གི་ཉེས་པ་མཉམ་གསོག་ལ་གཤམ་གསལ་གནས་ཚུལ་ཁ་ཤས་དབྱེ་སྲོལ་ཡོད།
        གཅིག་ནི་ཆང་རག་འཐུང་བའི་བརྒྱུད་རིམ་ནང་དུ་བྱ་སྤྱོད་སྤེལ་མཁན་ནས་ཁ་ལོ་བ་ངེས་པར་དུ་རླངས་འཁོར་གཏོང་ནས་ཕྱོགས་ཐོན་བྱེད་དགོས་པ་ཤེས་བཞིན་དུ། ཆང་རག་འཐུང་ཞེས་ནན་སྐུལ་བྱེད་པའམ་ཡང་ན་ཆང་རག་འཐུང་བར་བཙན་ཤེད་དང་འདོད་སློང་བྱས་པ་མ་ཟད། ཆང་རག་བཏུང་ཟིན་རྗེས་དེར་རླངས་འཁོར་གཏོང་མཁན་མ་བཙལ་བའི་བྱ་སྤྱོད་དང་།
        གཉིས་ནི་བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ཆང་རག་བཏུང་ཡོད་པ་ཤེས་བཞིན་དུ་ཁ་ལོ་བར་འཕྲུལ་སྒུལ་འཁོར་ལོ་གཏོང་དགོས་པའི་ངན་སྐུལ་དང་བཙན་ཤེད་དམ་ཡང་ན་བཀའ་འབེབས་བྱས་པའི་བྱ་སྤྱོད།
        གསུམ་ནི་རླངས་འཁོར་བདག་པོས་རླངས་འཁོར་གཡར་པོ་ཞུ་མཁན་གྱིས་ར་བཟི་བཞིན་དུ་འཕྲུལ་སྒུལ་འཁོར་ལོ་གཏོང་རྒྱུའི་རེ་འདུན་ཞུ་བ་ཤེས་ཡོད་ཀྱང་། ད་དུང་རླངས་འཁོར་གཡར་བའི་བྱ་སྤྱོད་བཅས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1