༄༅།། ང་ཡི་ཁ་ངོ་།

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-03



གངས་དབང་།

        ཁ་སྐད་དུ་ཁ་ངོ་ཆེ་ཆུང་ལ་ལྟ། ཁ་ངོ་ཡག་བཙོག་སྟོན། ཁ་སྐྱེངས་ངོ་ཚ། ཁ་ཕོར་རུ་ཞེས་པ་ནི་ཐོབ་དང་གོ་ས་མཐོ་དམའ། སེམས་ཀྱི་དགའ་སྐྱོ་ཆགས་སྡང་། ཡིད་ཀྱི་འགྱུར་བ་སྣ་ཚོགས། ཕུགས་ཀྱི་ལ་རྒྱ་མ་ཤོར་བ་བཅས་ཀྱི་དོན་ཡིན་པ་ལ་བལྟས་ན། འགྲོ་བ་མི་རྣམས་ཀྱིས་ཁ་ངོ་ལ་ཧ་ཅང་དང་དོད་བྱེད་པ་ཤེས་ལ། ཁ་ངོ་མཐུག་པོ་དང་ཁ་ངོ་སྲབ་སྲབ་ཅེས་པའང་ཁྲེལ་ངོ་ཚ། ལས་རྒྱུ་འབྲས་བརྩི་མིན་གྱི་དོན་ཡིན་པ་དང་། སྐྲག་དུས་ཁ་ངོ་སྐྱ་ཐལ་ཐལ་དུ་འགྱུར། དགའ་དུས་འཛུམ་དམུལ་དམུལ་གྱིས་ཕྱུག ངོ་ཚ་དུས་དམར་སིག་སིག་ཏུ་ཆགས་པས་ཁ་ངོ་ནི་སེམས་ཀྱི་མེ་ལོང་ཀུན་ཤར་མ་ཞིག་དང་ཨ་ན་མ་ན་རེད།

        བྱིས་པའི་དུས་སུ་གཞན་གྱི་ཁ་ངོ་ལ་བལྟས་མ་མྱོང་ལ་རང་གི་ཁ་ངོ་ལའང་དང་དོད་དེ་ཙམ་མ་བྱས་མོད། ན་ཚོད་སྨིན་པ་དང་བསྟུན་ནས་ཤེལ་གྱི་མེ་ལོང་ལ་རང་གི་མགོ་ལུས་ལ་ལྟ་བཞིན། ཕོ་མཛེས་བྱེད་སྣ་དང་མོ་མཛེས་བྱེད་མིག་ཅེས་པ་ལྟར་རང་ལའང་གཟེངས་སུ་ཐོན་པའི་སྣ་དང་དཀྱུས་རིང་བའི་མིག དབྱེས་ཆེ་བའི་ཐོད་པ། ཤལ་རིང་བའི་རྣ་བ། དུང་ལྟར་དཀར་བའི་སོ་ཕྲེང་། སྲབ་མཐུག་རན་པའི་ཁ་མཆུ། ཐ་ན་ཕོ་སར་ཚོ་ལྟར་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་བཅས་ཡོད་ན་སྙམ་བཞིན་སྣ་ལ་རེག་རེག་དང་རྣ་བ་ཕུར་ཕུར་བྱས། དོན་དུ་མི་ཞིག་ནར་སོན་པའི་གོ་རིམ་ནི་གཞན་གྱི་ཟེར་སྒྲོས་ལྟར་རང་ཉིད་བཟོ་བཅོས་བྱེད་པའི་གོ་རིམ་ཞིག་རེད།

        ན་ཚོད་སྨིན་པ་དང་བསྟུན་ནས་ངའི་ཁ་མཆུ་དང་མ་ནེ། འགྲམ་ཟུར་བཅས་ལ་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་བཅས་ཐར་རེ་ཐོར་རེ་སྐྱེས་པ་ལ་གྲོགས་པོ་རྣམས་ཀྱིས་ཡིད་སྨོན་དང་ངོ་དགའ་ཡིས་ཆེ་བསྟོད་བྱས་པས། རོང་པས་ས་བོན་ལས་མྱུ་གུ་མང་དུ་སྐྱེས་པའི་རེ་བ་བཅངས་པ་དང་། འབྲོག་པས་རྩྭ་ཕྲན་རྣམས་ཆེན་པོར་སྔོ་བར་རེ་སྒུག་བྱེད་པ་ལྟར་ལག་པས་འཇུ་ཐུབ་ཅིང་སྐྲ་ཤད་ཀྱིས་ཤད་ཆོག་པའི་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་བཅས་ཡོད་ན་སྙམ། ཁྱད་པར་དུ་ཨ་མ་ཡིས་བུ་ཡི་ཁ་ངོ་ལ་ཕ་ལྟ་བུའི་ཁ་སྤུ་སྐྱེས་འདུག ད་ནི་ཕ་ནང་བཞིན་གཏམ་བཤད་ན་གོ་ཆོད་དགོས། དོན་བསྒྲུབས་ན་ལས་འགྲུབ་དགོས་ཞེས་བསྐུལ་བ་ནས་བཟུང་། ཨ་ཕ་ཁྲོ་དུས་ཁ་སྤུ་གཟེངས་སུ་ལངས་པ་དང་། དགའ་དུས་ཨག་ཚོམ་ལ་བྱིལ་བྱིལ་བྱེད་པའི་རྣམ་འགྱུར་ཡང་ཧ་ཅང་ཡིད་དུ་འོངས་ལ་མི་སེམས་འགུག་པ་ཞིག་ཏུ་བསྒོམས།

        དངོས་གནས་ང་རང་གིས་རེ་སྒུག་བྱས་པ་ལྟར། དུས་ཀྱི་འགྲོས་ནང་ཁ་སྤུ་ནི་བྱ་རྒོད་ཀྱི་གཤོག་པ་ནང་བཞིན་ཁ་མཆུའི་གཡས་གཡོན་དུ་བརྐྱངས། ཨག་ཚོམ་ནི་ལུག་གི་རྔ་མ་ལྟར་མ་ལེར་དཔྱངས། རྒྱ་བོ་ནི་རྡོ་ཕ་བོང་ལ་འབྱར་བའི་སྔོ་དྲེག་ལྟར་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་འབུར་དུ་ཐོན་མོད། གྲོགས་པོ་རྣམས་ཀྱིས་དེ་སྔོན་ལྟར་ཡིད་སྨོན་དང་ཆེ་བསྟོད་མི་བྱེད་པར་མ་ཚད། ས་ཆ་ལ་ལར་འགྲོ་དུས་མི་འགའ་ཡིས་ཡ་མཚན་དུ་བརྩིས་ཏེ་དོགས་འདྲིའང་བྱས་པས། སྐབས་འགར་ཁ་ངོ་ལ་སྤུ་གཅིག་ཀྱང་མེད་པར་དཀར་གཙང་གཙང་དུ་ཆགས་པའི་སྐྱེས་པ་རྣམས་ལ་ཡིད་སྨོན་ཤོར་ཏེ་ཁ་སྤུ་དང་བཅས་པ་གཙང་མར་བཞར་ཡང་། ཁྱད་མཚར་བ་ནི་ཁ་སྤུ་གཅིག་ཀྱང་མེད་པའི་སྐྱེས་པ་འགའ་ཡིས་དཀར་གསལ་ཞལ་རས་ངོས་སུ་སྣག་ཚ་ཡིས་ཁ་སྤུ་ཚ་རུ་འགུག་འགུག་དང་། ཨག་ཚོམ་ནེའུ་གསིང་རྒྱས་རྒྱས། རྒྱ་བོ་སྔོ་དྲེག་ཆགས་ཆགས་བྲིས་པའང་མཐོང་།

        དེ་ཡང་རང་ལ་མེད་དུས་ཡོད་ན་སྙམ་སྟེ་ནན་གྱིས་བཙལ་ཡང་། ལག་ཏུ་ལོན་དུས་མེད་ན་སྙམ་སྟེ་མེད་ཐབས་བྱེད་པ་ནི་འཇིག་རྟེན་མི་ཡི་ཁྱད་མཚར་བའི་སེམས་ཁམས་ཤིག་རེད། དགེ་རྒན་བྱེད་དུས་གོང་རིམ་ནས་སློབ་མ་ཚོ་ལ་མིག་དཔེ་སྟོན་དགོས་པས་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་རིང་པོར་འཇོག་མི་ཆོག་ཅེས་ཡང་ཡང་བསྒོས། ངོ་ལ་ཁ་སྤུ་ཡོད་མེད་ཀྱིས་བཟང་ངན་ཅི་ཞིག་མཚོན་པ་ད་བར་དུ་ཡང་མ་ཤེས་མོད། རྒྱལ་པོའི་བཀའ་ལ་གྱེན་བཟློག་མེད་པས་སྤུ་གྲི་རྣོན་པོ་ཞིག་གིས་གཟའ་འཁོར་རེ་ལ་དྲས་བཞར་འབལ་གསུམ་གྱིས་གོང་གི་བཀའ་དང་མཐུན་པའི་ཁ་ངོ་ཞིག་བཟོ་བཅོས་མི་བྱེད་ཐབས་མེད་བྱུང་། ཡིན་ཡང་། ཉིན་ཞིག་ལ་དགོན་པའི་འདུ་ཁང་དུ་ལྷ་སྐུ་རེ་རེ་ལ་གུས་ཕྱག་བཙལ་ནས་འགྲོ་དུས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་གླིང་རྗེ་གེ་སར་རྒྱལ་པོ། གུ་རུ་པད་མ་འབྱུང་གནས་བཅས་རྒྱལ་བློན་དང་མཁས་གྲུབ་དུ་མའི་ཞལ་མཆུའི་གཡས་གཡོན་དུ་མདའ་མོ་འཕེན་པ་ལྟ་བུའི་ཞལ་སྤུས་བརྒྱན་ནས་ཡོད་པ་མཐོང་བ་དང་། ཐེངས་ཤིག་ལ་གླིང་སྒྲུང་ནང་ཨ་ཁུ་ཁྲོ་ཐུང་གིས་ཁ་སྤུ་གཡས་ལ་ར་རུ་མདུད། ཁ་སྤུ་གཡོན་ལ་ལུག་རུ་མདུད། ཨོག་ཚོམ་ལ་རྡོ་རྗེ་པ་ཏྲ་མདུད་བཅས་བྱས་ནས་ཞེས་པ་མཇལ་བས་ཁ་སྤུ་དང་ཨག་ཚོམ་ནི་ངན་དཔེ་མིན་པར་དཔའ་བོའི་དཔའ་ངར་དང་སྤོབས་པ། མཁས་པའི་ཞལ་ལྕེ་དང་ལེགས་བཤད། གྲུབ་པའི་དངོས་གྲུབ་དང་གྲུབ་རྟགས་ལོས་ཡིན་སྙམ་སྟེ་སྨྲ་མི་ཤེས་པའི་དགའ་སྤྲོ་སྐྱེས་ལ་བློ་ངོ་རུ་ཡོད་པའི་ཐ་སྙད་སྙན་མོ་ཡོད་ཚད་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་ལ་བཏགས། མི་ཞེས་པ་ནི་ཁ་ངོའི་ཆེད་དུ། མཐོ་བ་ལ་ལད་མོ་དང་དམའ་བ་ལ་དམའ་འབེབས་བྱེད་ཅིང་མཉམ་པ་ནི་བཏང་སྙོམས་སུ་འཇོག་པའི་སེམས་ཅན་ཞིག་རེད།

        དུས་ནམ་ཞིག་ནས་འགོ་ཚུགས་པ་གསལ་པོ་མི་ཤེས་མོད། ཁ་ངོ་ལ་སྤུ་ཡོད་མཁན་ཚང་མར་ཁམས་པའི་ཕོ་རྒོད་ཅེས་གནམ་སར་གྲག་པ་ལ་བརྟག་ན། ཁ་སྤུ་དང་ཨག་ཚོམ། རྒྱ་བོ་ནི་ཕོ་རྒོད་ཀྱི་རྟགས་སུ་འདོད་པ་འདྲ། ངས་ཀྱང་ང་རྒྱལ་ཁེངས་དྲེགས་ཀྱིས་རང་ཉིད་ཁམས་པའི་ཕོ་རྒོད་དུ་བརློམས་ཏེ་སློབ་མ་ཚོ་ལ་གལ་སྲིད་ངའི་ཁ་སྤུ་ཡར་འགུགས་ན་སེམས་པ་དགའ་བའམ་མགུ་བའི་རྟགས་དང་། མར་དུད་ན་ཁྲོ་བའམ་སྐྱོ་བའི་རྟགས་ཡིན་ཞེས་བཤད་པས་ཁོ་ཚོས་ཀྱང་ཁ་སྤུའི་རྣམ་པ་ལ་བལྟས་ཏེ་ངའི་སེམས་ཁམས་ལ་ཚོད་དཔག་བྱས་པར་མ་ཟད། མཐར་ཕྱིན་ལ་རན་དུས་སློབ་བུ་ཞིག་གིས། དགའ་དུས་ན་རོ་བཞིན་དུ་གྱེན་དུ་གཟེངས། །སྐྱོ་དུས་ཞབས་ཀྱུ་ལྟ་བུ་ཐུར་དུ་དཔྱངས། །དགའ་ཚོད་སེམས་ཀྱིས་མ་ཟིན་དགོད་ཤིག་ཤིག །སྡུག་སྣང་ཡིད་ཀྱིས་མ་བཟོད་ངུ་ཤུམ་ཤུམ། །དགེ་རྒན་ཁ་སྤུ་ཅན་དེ་བརྗེད་རྒྱུ་མེད། །ཅེས་ཀྱང་བྲིས་མྱོང་།

        དེའང་བདེན་སྲིད་དེ། བོད་པའི་བུ་མོ་ཞིག་གིས་ང་ལ། ཁྱེད་ཀྱི་ཕྱིའི་རྒོད་གཤིས་རྡོ་ལྟར་རྩུབ་ཀྱང་། ནང་གི་སེམས་གཤིས་ཆུ་ལྟར་འཇམ་ལ་བལ་ལྟར་མཉེན་པས་ངའི་སེམས་པ་བཞུས་ཤིང་དུངས་ཞེན་བཅངས་སོང་ཞེས་བཤད་མྱོང་། དོན་དུ་རྒོད་ཅེས་པ་ནི་གཞན་གྱིས་བརྟུལ་ནས་འདུལ་ཏེ་གཡོག་འོག་ཏུ་མ་ཚོད་པར་བྱ་རྒོད་ལྟར་མཐོ་སར་ལྡིང་ཞིང་། རྟ་རྒོད་ལྟར་བྱང་ཐང་གཅོད་ཅིང་། གཡག་རྒོད་ལྟར་རྫ་ལམ་གཤགས་པའི་རྒོད་གཤིས་ལ་གོ་བས་ཁ་ལ་སྤུ་ཡོད་པ་ཙམ་གྱིས་ཁམས་པའི་ཕོ་རྒོད་ཀྱི་མཚན་སྙན་ཁུར་ག་ན་ཐུབ། ཕོ་རྒོད་ཅེས་པ་ནི་དགྲ་གྲོགས་བར་རང་ཚུགས་མི་ཤོར། འཇམ་རྩུབ་བར་རང་གཤིས་མི་གཏོང་། སྐྱོ་སྡུག་བར་ངོ་བོ་མི་འགྱུར། གསར་རྙིང་བར་ཁ་ཕྱོགས་མི་བོར་བའི་ཕོ་རབ་སྟེ། ཕོ་རྩལ་སྣ་དགུ་མ་འཛོམས་ཀྱང་། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ཞིང་གཏིང་དཔོག་པ། ལོ་རྒྱུས་ཀྱིས་དགེ་ཐོན་པ། ལས་དང་རྒྱུ་འབྲས་ཀྱི་རྩ་ཚུགས་ན་ཁ་ངོ་ལ་སྤུ་ཡོད་མེད་ཅི་ཡིན་ཡང་ཁམས་པའི་ཕོ་རྒོད་ཅེས་འབོད་ཆོག་ཆོག་རེད། དེ་ལྟར་ན། ཁ་སྤུ་ལ་དྲང་བདེན་གྱི་མདུད་པ་ཐེབས་ན་ངོ་མདོག་ནག་ཀྱང་ཅི་སྐྱོན། ཨག་ཚོམ་ནི་མཁས་པའི་ལྕེ་གདན་ཡིན་ན་འདུག་ས་དམའ་ཡང་ཅི་གནོད། རྒྱ་བོ་ནི་གསང་བའི་གནས་ཚང་ཡིན་ན་མི་རྐྱང་ཡིན་ཡང་ཅི་སྐྲག

        གཅན་གཟན་སྟག་གཟིག་གི་ཁ་ལ་སྐྱེས་པའི་སྤུ་ཡིས་མཐའ་འཁོར་གྱི་དངོས་པོ་རྣམས་ཚོར་བ་ལྟར། ངའི་ཁ་སྤུ་དང་ཨག་ཚོམ། རྒྱ་བོ་ནི་ཕྱི་རོལ་གྱི་བཟང་ངན་དང་ནང་སེམས་ཀྱི་བདེ་སྡུག་ཚོར་བྱེད་ཡིན་པས། དགེ་སྡིག་བླངས་དོར། དཀར་ནག་གོ་འབྱེད། དྲང་འཁྱོག་འཇུག་ལྡོག་བཅས་ཀྱི་ཐད་ལ་ཚོར་བ་སྐྱེན་ཞིང་ཁ་ཕྱོགས་གསལ་ཏེ། མི་ཚེའི་གཏམ་རྒྱུད་དང་རྣམ་ཤེས་ཀྱི་འཕར་སྒྲ་རྣམས། ཁ་སྤུ་ལྟ་བུ། ཨག་ཚོམ་ནང་བཞིན། རྒྱ་བོ་ལྟར་གྱི་ཡིག་རིས་སུ་ཕབ་ཡོད་ཀྱང་། སྔ་མོར་ཁ་ཞེ་རྒྱབ་འགལ་གྱིས་སྨྲ་སྒོ་ཕྱེ་དུས་ཁ་སྤུ་རྣམས་མ་མགུ་སྟེ་ངོ་ལ་ཟུག་པའི་ན་ཟུག་སྐྱེས། ཉིན་གཞུང་ཁ་ནང་གི་ལྕེ་རྩལ་ལ་མདུད་པ་ཐེབས་དུས་ཨག་ཚོམ་རྣམས་རླུང་གིས་དེད་པ་ལྟར་འདར་སིག་སིག་བྱེད། དགུང་མོར་གསང་བ་མངོན་གསལ་དུ་བུད་དུས་རྒྱ་བོ་རྣམས་མི་ཁའི་དམོད་ངན་གྱིས་གཡོ་གཡོ་བྱེད།

        གཏམ་བདེན་པ་ཞིག་བཤད་ན། ངའི་ཁ་ངོ་ལ་ཁ་སྤུ་སྐྱེས་པ་ནས་བཟུང་། ཁ་ངོའི་དོན་དུ་དྲས་བཞར་འབལ་གསུམ་བྱས་ཀྱང་། མང་པོ་མང་པོ་ཞིག་ཁ་ངོའི་དོན་དུ་ཇེ་རིང་དུ་ཕེབས་སོང་། ཉུང་ངུ་ཉུང་ངུ་ཞིག་སེམས་ངོའི་སླད་དུ་ཇེ་ཉེ་རུ་བྱོན་བྱུང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1