གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྡོ་རྗེ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༠༤ཉིན།

༄༅།། ཞབས་བྲོ་སློབ་གསོ་དང་བྱང་ཚད་སློབ་གསོའི་བར་གྱི་འབྲེལ་བ་རགས་ཙམ་གླེང་བ།


རྡོ་རྗེ་མཚོ།

[གནད་བཏུས] རྩོམ་འདིར་ཞབས་བྲོ་སློབ་གསོའི་ཁྲོད་དུ་ཀུན་སྤྱོད་སློབ་གསོ་མངོན་ཚུལ་དང་ཞབས་བྲོ་སློབ་གསོའི་ཁྲོད་ཀྱི་རིག་སྟོབས་སློབ་གསོ། ཞབས་བྲོ་སློབ་གསོའི་ཁྲོད་ཀྱི་ལུས་རྩལ་བཅས་ཕྱོགས་གསུམ་ནས་ཞབས་བྲོ་སློབ་གསོ་དང་བྱང་ཚད་སློབ་གསོའི་བར་གྱི་འབྲེལ་བ་གླེང་ཡོད།
[གནད་ཚིག] ཞབས་བྲོ་སློབ་གསོ། བྱང་ཚད་སློབ་གསོ། འབྲེལ་བ།
        བྱང་ཚད་སློབ་གསོ་ནི་སློབ་མ་སོ་སོའི་སྤྱོད་ཤེས་ལུས་མཛེས་བཞི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་དམིགས་པའི་དོན་སྤྱི་ཞིག་ཡིན་ཞིང་། ཞབས་བྲོ་སློབ་གསོ་ནི་སློབ་མའི་སློབ་གསོའི་མ་ལག་ཧྲིལ་པོའི་ནང་གི་ཡན་ལག་ཅིག་ཡིན་པས་ན། ཞབས་བྲོ་སློབ་གསོ་ནི་བྱང་ཚད་སློབ་གསོར་མཐོར་འདེགས་ཡོང་བའི་ཐབས་ལམ་ཞིག་ཀྱང་ཡིན། སློབ་གྲྭས་ཞབས་བྲོ་སློབ་གསོ་སྤེལ་ན་སློབ་མའི་གཟུགས་གཞི་ལེགས་བཅོས་ཡོང་བ་དང། སློབ་མ་འགྲེང་སྟངས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པ། སློབ་མའི་སྙིང་སྟོབས་ཆེར་བསྐྱེད་པ་བཅས་ལ་ཕན་ནུས་ཆེན་པོ་ལྡན་ནོ། ། སློབ་མས་ཞབས་བྲོ་སློབ་གསོ་དང་ལེན་དང་ཞབས་བྲོ་སྦྱོང་བརྡར་བྱས་ན་སློབ་མར་སྔར་ལས་ལྷག་པའི་རང་མི་རིགས་ཀྱི་ཞབས་བྲོ་རིག་གནས་ལ་རྒྱུས་ལོན་དང་། སློབ་མའི་རིག་གནས་བྱང་ཚད་མཐོར་འདེགས་ཡོང་བ། སློབ་མའི་ཤེས་རྒྱ་ཕུན་སུམ་ཚོགས་པར་འགྱུར་བ་བཅས་ལའང་ནུས་པ་བླ་ལྷག་ཐོན་ཐུབ། དེར་མ་ཟད་ཞབས་བྲོ་སློབ་གསོ་དང་སློབ་ཁྲིད་ཀྱིས་སློབ་མས་མཛེས་པ་ཤེས་རྟོགས་དང་། མཛེས་པ་མྱོང་རོལ། མཛེས་པ་གསར་གཏོད་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་ཐུབ། ཞབས་བྲོ་སློབ་གསོ་ཁྱབ་སྤེལ་བྱ་རྒྱུ་ནི་སློབ་ཚན་གསར་བ་བཅོས་སྒྱུར་དང་འཚམ་ཞིང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་ལེགས་པོ་ལྡན་པ་དང་གསར་གཏོད་ཀྱི་སྙིང་སྟོབས་དང་མཉམ་ལས་ཀྱི་འདུ་ཤེས་ལྡན་པ། མི་གཞན་ལ་རྒྱུས་ལོན་དང་བདེ་བླག་ངང་འབྲེལ་འདྲིས་བྱེད་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་སློབ་མ་གསོ་སྐྱོང་བྱ་བའི་བླང་བྱ་ལའང་ཤིན་ཏུ་མཐུན་པ་ཞིག་གོ།
གཅིག ཞབས་བྲོ་སློབ་གསོའི་ཁྲོད་དུ་ཀུན་སྤྱོད་སློབ་གསོ་མངོན་ཚུལ།
        ཞབས་བྲོ་སློབ་གསོའི་སྐོར་གླེང་མ་ཐག མི་མང་ཆེ་བའི་སེམས་སུ་པ་ལི་ཞབས་བྲོ་དང་ལ་ཏིང་ཞབས་བྲོ། ཅོའུ་ཧྲི་ཞབས་བྲོ་སོགས་འཆར་སྲིད་པ་ལས། རང་རེའི་རྒྱལ་ཁབ་ཀྱི་མི་རིགས་ཞབས་བྲོ་སྣང་མེད་དུ་འཇོག་སྲོལ་ཞིག་འདུག རང་མི་རིགས་ཀྱི་ཞབས་བྲོའི་ཁྲོད་དུ་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པས། སློབ་མ་ཚོར་རང་མི་རིགས་ཀྱི་ཞབས་བྲོའི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་དུ་བཅུག་ན། སློབ་མས་རང་མི་རིགས་ཀྱི་རིག་གནས་ལ་ཤེས་རྟོགས་འབྱུང་རྒྱུར་ཕན་ཐོགས་ཡོད་པ་དང་། མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་མངོན་འགྱུར་འབྱུང་བ། སློབ་མའི་སྒྱུ་རྩལ་བྱང་ཚད་གསོ་སྐྱོང་། སློབ་མའི་མཛེས་པ་ཤེས་རྟོགས་དང་མཛེས་པ་མྱོང་རོལ། མཛེས་པ་གསར་གཏོད་བཅས་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ། ཞབས་བྲོ་འཁྲབ་སྟོན་ནི་ཐུན་མོང་གི་མཉམ་ལས་ལ་བརྟེན་དགོས་ཏེ། ཞབས་བྲོ་འཁྲབ་མཁན་རེ་རེའི་ལུས་པོའི་རྐྱོང་ཤུགས་དང་མངོན་མཚོན་ནུས་པ་ལ་གཞིགས་ཏེ་སྟངས་སྟབས་དང་གྲལ་བསྟར་སྙོམ་སྒྲིག་བྱེད་པ། མཉམ་ལས་འཁྲབ་སྟོན་རྣམ་པ་འདི་ལས་སློབ་མའི་མཐུན་སྒྲིལ་མཉམ་ལས་ནུས་པ་དང་ཕན་ཚུན་འབྲེལ་འདྲིས་ནུས་པ་གསོ་སྐྱོང་བྱེད་ཐུབ། ཞབས་བྲོ་སློབ་སྦྱོང་གི་གྲུབ་འབྲས་མངོན་གསལ་ཐོབ་འདོད་ན་ངེས་པར་དུ་དུས་ཡུན་རིང་པོའི་སྦྱོང་བརྡར་ལ་མ་བརྟེན་ཐབས་མེད་རེད། ཞབས་བྲོའི་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན་སློབ་མའི་ལྷོད་གཡེང་གི་སེམས་ཁམས་ཁྱད་ཆོས་བསྒྱུར་ཐུབ། དེ་བས་ཞབས་བྲོ་སློབ་གསོ་ལ་དོན་དངོས་ཐོག་སློབ་མའི་ཀུན་སྤྱོད་གཤིས་རྒྱུད་སློབ་གསོའི་ནུས་པའང་ལྡན་ནོ། །
གཉིས། ཞབས་བྲོ་སློབ་གསོའི་ཁྲོད་ཀྱི་རིག་སྟོབས་སློབ་གསོ།
        ཞབས་བྲོ་ནི་སྒྱུ་རྩལ་སྐོར་གྱི་རིག་ཚན་ཞིག་ཡིན་པས་སློབ་མ་དང་དེ་བཞིན་དགེ་རྒན་རྣམས་ཀྱི་སེམས་སུ་རིག་གནས་སྐོར་གྱི་སློབ་ཚན་དང་བསྡུར་ན་དེ་འདྲའི་གལ་ཆེན་པོ་མིན་ནའང་། ཞབས་བྲོ་སྒྱུ་རྩལ་འདི་བྱང་ཆུབ་པ་ཞིག་སྦྱང་དགོས་ཚེ། དུས་ཚོད་མང་པོ་བཏང་ནས་ཡང་ཡང་སྦྱོང་བརྡར་བྱེད་དགོས་པར་མ་ཟད། ད་དུང་ཞབས་བྲོའི་འབྱུང་ཁུངས་དང་། དེའི་རིག་གནས་ཀྱི་ནང་དོན། ཞབས་བྲོ་རེ་རེ་ལས་མངོན་པར་མཚོན་པའི་ཡིད་ཀྱི་འགྱུར་བ་བཅས་ལ་གོ་བ་ཟབ་མོ་ཞིག་ལོན་དགོས། འདི་ནི་ཞབས་བྲོ་མཁན་ལ་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཞབས་བྲོ་ནི་ལུས་པོའི་སྟངས་སྟབས་ལ་སྟབས་བདེ་ལད་མོ་ཙམ་མ་ཡིན་པར། ཕུལ་དུ་བྱུང་བའི་ཞབས་བྲོ་པ་ཞིག་ཡིན་ན་ཐོག་མར་རང་ངོས་ནས་ཞབས་བྲོའི་ཁྲོད་དུ་འདུས་པའི་བསམ་བློའི་བརྩེ་དུང་ཤེས་དགོས་ཏེ། ཞབས་བྲོ་འཁྲབ་པའི་སྐབས་སུ་རང་ཉིད་ཀྱི་ལུས་ཀྱི་ཉམས་འགྱུར་ལས་བསམ་བློའི་བརྩེ་དུང་དེ་གཟིགས་མོ་པར་བརྒྱུད་སྤྲོད་བྱེད་ཐུབ། ཞབས་བྲོ་སློབ་གསོ་ནི་རིག་གནས་དང་འབྲེལ་བ་ཡོད་པས་རིག་ཚན་མང་པོའི་ཤེས་བྱ་བློ་ལ་ངེས་དགོས་སོ། །
གསུམ། ཞབས་བྲོ་སློབ་གསོའི་ཁྲོད་ཀྱི་ལུས་རྩལ།
        ཞབས་བྲོ་སྦྱོང་བརྡར་བྱས་ན་མིའི་ལུས་པོའི་བྱང་ཚད་དང་སེམས་ཁམས་ཀྱི་བྱང་ཚད་ལ་ནུས་པ་ལེགས་པོ་ཐོན་ཐུབ། ཞབས་བྲོ་སྦྱོང་བརྡར་གྱི་རྨང་གཞི་ནི་སློབ་མ་མདའ་ལྟར་དྲང་མོར་ལངས་ནས་སྡོད་ཐུབ་པ་དེ་རེད། དུས་ཡུན་རིང་པོར་ཞབས་བྲོ་སྦྱོང་བརྡར་བྱས་ན་སློབ་མའི་གཟུགས་གཞི་དྲང་མོ་ཡོང་བར་རམ་འདེགས་བྱེད་ཐུབ་པར་མ་ཟད། གཟུགས་གཞི་མཛེས་པོ་ཆགས་ཐུབ། དོན་དངོས་ལས་ར་སྤྲོད་བྱུང་བ་ནི་ཡུན་རིང་ཞབས་བྲོ་སྦྱངས་མྱོང་བའི་སློབ་མ་ཞིག་གིས་ཞབས་བྲོ་སྦྱོང་རྒྱུ་མཚམས་བཞག་ནའང་། ཁོ་ཚོ་གཞན་པའི་མི་ལས་དྲང་མོར་མདའ་ལྟར་ལངས་ཐུབ་པ་དེའོ། ། སྤྱིར་བཏང་གི་ཚད་ལྡན་གྱི་ཞབས་བྲོ་སྦྱོང་བརྡར་ཐེངས་གཅིག་གི་སློབ་ཚན་དུས་ཡུན་དེ་དུས་ཚོད་གཅིག་དང་ཕྱེད་ཀ་ཡན་ཡིན་པར་མ་ཟད། ཞབས་བྲོ་སྦྱོང་བརྡར་ནི་ཤུགས་དྲག་པོའི་ལུས་པོའི་འགུལ་སྐྱོད་ཅིག་ཡིན། ཞབས་བྲོ་སྦྱོང་བརྡར་ཐེངས་གཅིག་གིས་བྲོ་འཁྲབ་མཁན་གྱི་སེམས་ཤུགས་དང་ལུས་ཤུགས་ཟད་གྲོན་བྱེད་ངེས། སྦྱོང་བརྡར་འདི་རིགས་རང་ཤུགས་ཀྱིས་སློབ་མའི་ལུས་པོ་སྦྱོང་བརྡར་ཞིག་ཏུ་གྱུར་ཏེ། སློབ་མའི་ལུས་པོའི་བྱང་ཚད་མཐོར་འདེགས་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད། ད་ལྟའི་བོད་ཀྱི་སློབ་མ་མང་པོའི་ལུས་ཕུང་བདེ་ཐང་མིན་པ་རེད། ཁོ་ཚོར་ཞབས་བྲོ་སྦྱོང་བརྡར་བྱེད་དུ་བཅུག་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན་ནུས་ལྡན་པར་མ་ཟད། སྙིང་རུས་དང་བཟོད་བསྲན་གྱི་ནུས་པའང་སྐྱེད་སྲིང་བྱེད་ཐུབ་བོ། །
མཇུག་སྡོམ།
        བྱང་ཚད་སློབ་གསོ་ནི་རང་རྒྱལ་གྱི་སློབ་གསོའི་འགྱུར་བ་མེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན། བྱང་ཚད་སློབ་གསོ་ཁྱབ་སྤེལ་དང་དོན་འཁྱོལ་བྱུང་ན་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་ཡོང་བར་ནུས་པ་གལ་ཆེན་ལྡན། བྱང་ཚད་སློབ་གསོས་སློབ་མའི་བྱང་ཚད་ལ་བཏོན་པའི་དམིགས་ཚད་ནི། བསམ་བློ་ཡངས་ཤིང་རྒྱ་ཆེ་བ་དང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ། མཉམ་ལས་ཀྱི་འདུ་ཤེས་ཡོད་པ། སེམས་ཁམས་ཀྱི་བྱང་ཚད་ལེགས་པོ་ལྡན་པ། སྤྱོད་ཤེས་ལུས་མཛེས་བཞི་ལྡན་བཅས་ཀྱི་སློབ་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། ཞབས་བྲོ་སློབ་གསོ་ཁྱབ་གདལ་དུ་བཏང་ན་སློབ་མའི་ཀུན་སྤྱོད་དང་རིག་སྟོབས། ལུས་རྩལ། མཛེས་རིག་བཅས་ཀྱི་ཐད་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ། མིག་སྔར་བོད་ཀྱི་སློབ་གྲྭ་སོ་སོར་ཞབས་བྲོ་སློབ་གསོ་ཁྱབ་རྒྱ་ཆུང་བ་དང་དོ་སྣང་བྱས་པ་མི་འདང་བའི་གནས་བབ་དངོས་ལ་དམིགས་ཏེ། སློབ་གྲྭའི་དགེ་རྒན་དང་སློབ་མ་ཚོས་ཞབས་བྲོའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཞབས་བྲོ་སྦྱོང་བརྡར་ཟུང་ལ་མཐོང་ཆེན་བྱེད་དགོས། དེ་ལྟར་བྱས་ན་སློབ་མའི་སྤྱོད་ཤེས་ལུས་མཛེས་བཞི་ཡི་སློབ་གསོ་དང་སློབ་མའི་ཕྱོགས་ཡོངས་ཀྱི་དོ་སྙོམས་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ། མཐར་ཐུག་བྱང་ཚད་སློབ་གསོའི་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་ཐུབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1